རྗེ་བཙུན་ནམ་མཁའ་ཚུལ་ཁྲིམས་མཆོག་གི་རྣམ་ཐར་ཚིགས་སུ་བཅད་པ་འདབ་སྟོང་པད་མོ་འབྱེད་པའི་རྟ་བདུན།

[ཟླ་ཚེས། 2022-04-26 13:24:00][རྩོམ་པ་པོ། བྱེ་གཞུང་བཟོད་པ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]


རྗེ་བཙུན་ནམ་མཁའ་ཚུལ་ཁྲིམས་མཆོག་གི་རྣམ་ཐར་ཚིགས་སུ་བཅད་པ་འདབ་སྟོང་པད་མོ་འབྱེད་པའི་རྟ་བདུན་ཞེས་བྱ་བ་བཞུགས་སོ། །
ཚུལ་གསུམ་ལུང་རྟོགས་ཡོན་ཏན་གཏེར་མངའ་ཞིང་། །
བླ་མེད་ཐེག་མཛོད་བསྟན་འགྲོར་དཔལ་སྦྱིན་པའི། །
མཁྱེན་རབ་སྡེ་སྣོད་རྒྱ་མཚོའི་རླབས་ཕྲེང་ཅན། །
མཁས་བཙུན་བཟང་གསུམ་ལྡན་པའི་བཤེས་ལ་འདུད། །
ཧོས་སྒོ་བརྒྱད་ཁྲིའི་སྤྲོས་བྲལ་ནམ་མཁའ་ལས། །
བདེན་གཉིས་རྒྱུད་ལུང་སྦྲང་ཆར་འབེབས་མཛད་པའི། །
གྲགས་སྙན་རྔ་གསང་ལྡིར་བའི་འཕྲིན་ལས་ཅན། །
སྒོ་གསུམ་དད་བརྒྱས་སྤྱི་གཙུག་རྒྱན་དུ་འགོད། །
ཀུན་གཞི་མཐོན་མཐིང་ཆེན་མོའི་དབྱིངས་རུམ་དུ། །
སྒྲིབ་མེད་བོན་སྒོ་བརྒྱད་ཁྲི་མཁྱེན་པའི་གཏེར། །
རྣམ་དག་ཐུགས་ཉིད་ཀློང་ན་གསལ་བ་ཡི། །
བསླབ་གསུམ་རྒྱན་སྤྲས་སེམས་དཔའ་མཆོག་ལ་བསྟོད། །

  གངས་ཅན་བོད་ཡུལ་མདོ་སྨད་ཀྱི། །རྔ་གཡང་ཕྱུག་མོའི་གྲོང་གི་སྡེའི། །གཏེར་བདག་རྦང་གི་ཉེ་འདབས་སུ། །ཡུལ་ནི་མཆོག་སྐྱིད་ཅེས་བྱ་བར། །དད་ལྡན་ཁོང་དགེ་འབྲུག་གསས་དང་། །ཡུམ་མཆོག་བཙན་དར་འཛོམ་དབང་སྒྲོན། །གཉིས་ལ་བཅུ་དྲུག་ལྕགས་རྟ་ལོར། །དལ་འབྱོར་མི་ཡི་ལུས་རྟེན་བླངས། །ཆུང་ནས་དམ་པའི་རང་རྟགས་སུ། །སྒྲོ་བཏགས་མ་ཡིན་གྲགས་གྱུར་ཡང་། །དམན་རིགས་དབུལ་ཁྱིམ་ཡིན་པས་ན། །བདག་ཏུ་མ་བཟུང་རིང་པོར་ལུས། །ཡབ་ཡུམ་ཡིད་མུག་ཁོང་ཉིད་ལ། །ཁྱིམ་སྐལ་གཏད་ནས་ཡུལ་དུ་བཟུང་། །སྤུན་མཆེད་ཆེ་ཆུང་རབ་བྱུང་སྐལ། །ཁོང་ནི་ཅ་ཅོ་ལོ་བརྒྱད་བར། །རྩེ་མོར་གཡེངས་ཏེ་དོན་མེད་འདས། །དེའི་སྐབས་ཁྱིམ་མཚེས་རྒན་རྣམས་ཀྱིས། །ཨ་མཚར་ལེགས་ཉེས་དྲིས་པ་ན། །དོན་ཐོག་ཁེལ་ཞེས་མང་ཙམ་བྱུང་། །དེ་ནས་དགོང་ལོ་བཅུའི་སྟེང་དུ། །གློ་བུར་གྲིབ་ནད་ཚབས་ཆེན་ཕོག །ཕ་མ་ཟུང་ནི་ཡིད་སྐྲག་ནས། །སྣང་སྟོན་ཆེན་པོའི་མདུན་དུ་བཅར། ། སྐྱབས་འཇུག་ཞུས་པས་མིང་ཡང་བསྒྱུར། །བླ་མའི་ཞལ་ནས་རབ་བྱུང་ཞེས། །མཚན་ལ་ཤེས་རབ་ཉི་མར་བཏགས། །དག་ཁྲུས་གསོལ་ནས་བྱིན་མདུད་གནང་། །སྐྲ་ཕུད་མཆོད་ནས་གྲིབ་སྲུང་བཏགས། །བླ་མ་ལགས་ཀྱིས་བྱིས་པ་འདི། །མཁན་པོ་བསྐལ་བཟང་ཉི་མ་ཡི། །སྤྲུལ་སྐུ་རེད་ཅེས་གསུངས་པར་གྲགས། །དགོང་ལོ་བཅུ་གཉིས་ཆུ་སྦྲུལ་ལོར། །ཞང་བོ་ཁང་སར་དགེ་བཤེས་ཞེས། །མཁས་གྲགས་ཕྱོགས་ཀུན་ཁྱབ་པ་ཡི། །མདུན་ནས་ཡིག་རྩིས་སུག་བྲིས་བསླབས། །དེའི་སྐབས་སྣང་སྟོན་ནམ་བློའི་མདུན། །གཙང་གཙུག་སྡོམ་ཞུས་ཚུལ་མིང་ལ། །ནམ་མཁའ་ཚུལ་ཁྲིམས་ཞེས་སུ་གསོལ། །དགོང་ལོ་བཅོ་ལྔར་མཚན་ཉིད་ཀྱི། །སྡེ་རུ་ཞུགས་རྒྱུའི་བྱིན་མདུད་གནང་། །སྨོན་ལམ་མཚམས་སྦྱར་ཐོག་མའི་རྒན། །ཞང་བོ་ཁང་སར་དགེ་བཤེས་མདུན། །འབྲི་ཀློག་འདོན་གསུམ་བརྡ་སྤྲོད་དང་། །སྒྲ་སྦྱོར་ལ་སོགས་སྦྱངས་པ་མཛད། །དགེ་བཤེས་ཤེས་རབ་ཞལ་སྔ་རུ། །སྡུད་གྲྭའི་རིགས་ལམ་རབ་བརྩོན་ཏེ། །རིག་པའི་བློ་སྒོ་ཡངས་པོར་ཕྱེས། །དེ་ནས་ཞ་ར་དགེ་བཤེས་ཞེས། །དགེ་ལེགས་ཕུན་ཚོགས་ལགས་བསྟེན་ནས། །བླ་བྲང་འཁྱིལ་བའི་རིགས་ལམ་གྱི། །ཚིག་འཕྲུལ་འགྲོ་ཚུལ་རིག་པའི་རྩལ། །སྦྱངས་ཏེ་སྡུད་གྲྭའི་སྐྱོར་དཔོན་མིང་། །རྒྱུན་འཆང་རིག་ལམ་ཕྲ་རགས་ཀུན། །མི་ལོ་གསུམ་ནས་མཐར་ཕྱིན་ཏེ། །བསྡུས་ཆེན་འཛིན་གྲྭ་འཚོགས་པའི་སྐབས། །ཀིརྟི་དགེ་བཤེས་འཇམ་སྐམ་དང་། །གྲྭ་འཁོར་སུམ་ཅུ་རྩོད་གྲལ་སླེབས། །སྡུད་གྲྭའི་རྟགས་གསལ་གཏོང་ལན་བྱས། །རི་རབ་པང་ལ་རྡུལ་ཕྲན་དང་། །རྒྱ་མཚོའི་དཔལ་ལ་ཆུ་མིག་ཅེས། །དཔེ་ལྟར་དགེ་བཤེས་རིན་པོ་ཆེ། །ཞེ་སྡང་དྲི་མ་མི་མངའ་བར། །ཐུགས་ཀྱང་བརྩེ་སེམས་ཚད་མེད་གནང་། །དེ་ནས་དགོང་ལོ་བཅོ་བརྒྱད་སྟེང་། །ཚད་མའི་འཛིན་གྲྭར་རྒྱུན་ཞུགས་ཀྱིས། །འཕྲུལ་སྒྲོན་གཞུང་འགྲེལ་ཁྲིད་རྒྱུགས་རྫོགས། །རང་གཞན་ཚད་མའི་གཞུང་གང་མང་། །བློ་རྟགས་མཐའ་དཔྱོད་རྒྱས་བསྡུས་ཀུན། །ཕྱོགས་མེད་བློ་སྦྱངས་ཐོས་བསམ་བགྱིད། །ཤེས་རབ་རྒྱས་ཀྱང་གཞན་མཁས་ཀྱི། །ལུང་རྟོགས་ཡོན་ཏན་མཚན་སྙན་གྲགས། །ཐོས་ནས་རང་སེམས་བསྐུལ་ལྕག་ཐེབ། །རྔ་སྟོད་སྒོ་མང་གྲྭ་ཚང་དུ། །བླ་བྲང་འཁྱིལ་གླིང་རྡོ་རམས་པ། །རྗེ་བཙུན་འཇམ་དབྱངས་རང་གཟུགས་དངོས། །མཁས་དབང་དཀོན་མཆོག་བསྟན་འཛིན་མདུན། །བློ་རྟགས་རྒྱས་བསྡུས་ས་ལམ་དང་། །དོན་བདུན་ཅུ་ཡི་འགྲེལ་བཤད་གཞུང་། །དགེ་འདུན་ཉི་ཤུའི་ཁྱབ་མཐའ་དང་། །ལུང་རིག་མཐའ་དཔྱོད་རྒྱས་བསྡུས་སོགས། །ཤོག་ལྷེའི་བརྩེགས་རིམ་བཀོད་པ་རྣམས། །མི་ལག་རིམ་བརྒྱུད་ཉམས་པར་གྱུར། །ཉེར་གསུམ་ཐོག་ནས་ཀུན་གསལ་དང་། །མི་གསུམ་ལྷན་དུ་འཚོགས་ཆེན་གྱི། །ལོ་གསུམ་རྒྱུན་མཆོད་འགན་འཁུར་ནས། །བསོད་ནམས་ཚོགས་བསགས་དཔག་མེད་བྱས། །དེ་ནས་ལོ་ན་ཉེར་བདུན་ཐོག །དགེ་བཤེས་བསྟན་འཛིན་ཡེ་ཤེས་མདུན། །སྒྲ་སྙན་སྡེབ་སྦྱོར་འབྱུང་རྩིས་སྦྱངས། ། གནམ་ལོ་གསེར་འཕྱང་ཉེར་བདུན་སྟེང་། །མཆེད་གྲོགས་ཚུལ་ཁྲིམས་རྒྱལ་བ་དང་། །མཉམ་དུ་རབ་འབྱམས་བྱིན་མདུད་ཐོབ། །དཔེ་མཚམས་ལོ་གཅིག་ཐོ་བཙུགས་བསྡད། །དགོན་གླིང་ལྕགས་རིའི་ཕྱིར་མ་སོང་། །དེའི་ཚེ་སྣང་སྟོན་བསྟན་རྒྱས་དང་། །ཡོངས་འཛིན་ཚུལ་བློ་ཤེས་ཚུལ་སོགས། །མཁན་སློབ་བཞི་ལྡན་མདུན་དྲུང་ནས། །བསྙེན་རྫོགས་དམ་བཅས་དགེ་སྤྱོད་བརྒྱ། །ཀློང་རྒྱས་བརྒྱ་ཚར་རྫོགས་པར་གྲུབ། །དེ་བཞིན་དཔོན་སློབ་ཤེས་ཚུལ་དང་། །དགའ་ལྡན་ལྷ་རམས་ཟླ་བ་ཟུང་། །ཚུལ་བཞིན་བསྟེན་ནས་ཁྲིད་གཉིས་རེར། །ཉིན་ལྟར་སྦྱང་བྱའི་གཙོ་བོ་ནི། །ཀུན་མཁྱེན་ཉི་མ་བསྟན་འཛིན་གྱི། །ཕར་ཕྱིན་སྔ་ཕྱི་སྐབས་བརྒྱད་དང་། །མཉམ་མེད་འདུལ་བ་རྒྱས་བསྡུས་གཉིས། །རྣམ་བཤད་ནོར་བུ་ཕྲེང་བ་དང་། །སྲིད་པའི་མཛོད་ཕུགས་འཕྲུལ་སྒྲོན་འགྲེལ། །དབུ་མ་བདེན་གཉིས་འགྲེལ་བ་སོགས། །དབུ་ཕར་མཛོད་འདུལ་རྒྱུགས་མཚམས་རྫོགས། །དགུང་ལོ་ཉེར་དགུའི་གནམ་ལོ་སྟེ། །རྣམ་འཕྱང་ཟླ་བ་གཉིས་པའི་ནང་། །གཤེན་བཙུན་ཚུལ་ཁྲིམས་རྒྱལ་བ་དང་། །མཉམ་དུ་རབ་འབྱམས་དམ་བཅའ་བཞག །ཤག་ཏུ་བཀྲ་ཤིས་དགའ་སྟོན་བྱས། །བླ་གྲྭ་མང་པོ་མགྲོན་དུ་དྲངས། །སྐྱ་སེར་ཀུན་གྱིས་གོས་དར་ཕུལ། །བཅོ་ལྔ་ལོ་ནས་ཉེར་དགུའི་བར། །འཚོགས་ཆོས་ཟུང་འབྲེལ་གཉོམ་ཆུང་ངང་། །ཚུལ་མཐུན་དཔེ་ཁྲིད་སྐྱོར་སྦྱོང་མཛད། །ཚོང་ཁེ་གྲོང་ཆོག་མི་གཡེངས་པར། །སྒྲུབ་ཆེན་བཅོ་ལྔ་རྫོགས་པར་གྲུབ། །འཆི་ཁའི་ལམ་རྒྱགས་ཅུང་ཙམ་བསྒྲུབས། །དེ་བཞིན་དབང་ཡང་ནོད་པ་སྟེ། །སྣང་སྟོན་ནམ་བློ་བསྟན་རྒྱས་དང་། །རྒྱ་འོབ་སངས་རྒྱས་ཀུན་བཟང་མཚན། །བྱ་འཕུར་བསྟན་རྒྱལ་ཚུལ་བསྟན་ཟུང་། །ཨ་ལགས་རྟོགས་ལྡན་དམར་པོ་སོགས། །མདུན་ནས་དབང་ལུང་མང་པོ་མནོས། །དེའི་སྐབས་ངག་འདོན་ས་ལམ་དང་། །དབུ་མ་བདེན་གཉིས་མངོན་རྟོགས་རྒྱན། །སྨྲ་སེང་བསྙེན་པ་བྱེ་བ་གཉིས། །ཆགས་མེད་བསྒྲུབས་པས་ཡོངས་སུ་རྫོགས། །

  ས་ཕོ་ཁྱི་ལོའི་སྟོན་ཟླའི་ནང་། །གོང་མས་རྒྱལ་ཁྲིམས་གསར་འཛུགས་གནང་། །རབ་བྱུང་གྲོང་ཕབ་ཟས་གོས་དབེན། །ཉིད་ལ་ཕ་མེད་སྒྲོ་བཏགས་ནས། །གཅིག་པུ་དགོན་པའི་གླིང་དུ་བསྡད། །སྐུ་གསུང་ཐུགས་རྟེན་གཏོར་བཤིག་བཏང་། །དགུང་ལོ་བཞི་བཅུ་ས་བྱ་ལོར། །ཚུལ་རྒྱལ་བསྟན་དར་ནམ་ཤེས་དང་། །ཚུལ་རྒྱལ་མཉམ་དུ་རྒྱལ་ཚབ་མདུན། །མུན་སེལ་དབང་དང་འཕོ་ལུང་བླངས། །ཨ་ལགས་ཚུལ་ཁྲིམས་སྐུ་མདུན་ནས། །བཀའ་བརྟེན་སྡེ་ལྔའི་ལུང་ཞུས་ཤིང་། །རྡོ་གྲུབ་མཁས་མཆོག་བློ་བཟང་མདུན། ། རྙིང་ལུགས་གསང་རྙིང་ཞལ་ཁྲིད་ཞུས། །འབྱུང་རྩིས་རྩ་རྡེབ་ལྔ་བཅུ་བསླབས། །དགུང་ལོ་ཉེར་ལྔ་ས་སྟག་ནས། །ས་ལུག་བར་དུ་ཁུ་དབོན་གྱིས། །དགོན་ཤུལ་བཟུང་ནས་དོན་གཉེར་འགར། །ནངས་ནུབ་དཔེ་ཁྲིད་གསང་གསོལ་བཏང་། །སེར་སྐྱ་རྣམས་ལ་ཕན་བདེ་བསྒྲུབས། །ལྕགས་ཕོ་སྤྲེལ་སྟེ་ང་གཅིག་སྟེང་། །རྒྱལ་ཚབ་བསྟན་རྒྱལ་བསྟན་ཤེས་དང་། །ཚུལ་བསྟན་སོགས་དང་མཉམ་གཅིག་ཏུ། །རྔ་ལྗོངས་ཆོས་ལུགས་འཚོགས་གྲལ་སོང་། །ཆོས་སྒོ་ཕྱེ་རྒྱུའི་གཏན་འཁེལ་ཐོབ། །བདག་གིས་ཨུ་ཡོན་མིང་ཙམ་བཟུང་། །བསྟན་པར་ཞབས་འདེགས་ཅི་ནུས་བསྒྲུབས། །གོང་ནས་གཟེངས་བསྟོད་དགའ་རྟགས་གནང་། །ཁྲི་ཟུར་ཚུལ་ཁྲིམས་བསྟན་འཛིན་ནས། །བཀས་བསྐུལ་སྣང་ཞིག་དགོན་ཆེན་གྱི། །ལོ་རྒྱུས་གསལ་བའི་མེ་ལོང་བརྩམས། །རྒྱལ་ཁབ་གཞུང་ནས་དམངས་སྒོར་དང་། །ཨང་ཐམ་ཅན་གྱི་བྱ་དགའ་ཐོབ། །བྱ་འཕུར་བསྟན་འཛིན་རྒྱལ་མཚན་ནས། །བཞེས་ཕོར་ཚེ་རིང་ལོ་བརྒྱ་དང་། །གོས་དར་རིང་མོ་ལེགས་དྲངས་ཏེ། །སྤྲུལ་སྐུ་ཀུན་བཟང་རྒྱལ་མཚན་དང་། །ནམ་མཁའ་རྒྱལ་མཚན་སློབ་པར་བཅོལ། ། དེའི་མཚུངས་གྲོགས་དམ་རྨེའུ་གོང་གིས། །ཚ་བུ་འཇམ་བརྩོན་སུམ་དག་དང་། །རྟགས་འཇུག་སྙན་ངག་སློབ་པར་བཏང་། །དེའི་ཆེད་བྱིས་པའི་མགུལ་རྒྱན་བརྩམས། །གཞན་ཡང་ཡེ་ཤེས་རྒྱལ་མཚན་དང་། ། ལུང་རྟོགས་རྒྱ་མཚོ་ཤེས་བསམ་སོགས། །སྔ་ཕྱིར་སྡུད་གྲྭ་སློབ་ཁྲིད་གནང་། །བླ་སློབ་དམ་ཚིག་འགལ་མེད་བསྲུངས། །མཁས་པའི་མིང་རྟགས་ཐོབ་པ་མང་། །གཅིག་དགུ་བརྒྱད་ཅུ་གྱ་བཞི་སྟེ། །ཤིང་ཕོ་བྱའི་ལོར་རེབ་གོང་ནས། །བོན་བརྒྱ་ཐམས་ཅད་མཁྱེན་པ་ཡིས། །བསྟན་པའི་འབྱུང་འགྱུར་ལ་གཟིགས་ཏེ། །ཐུགས་སློབ་བསོད་ནམས་གཡུང་དྲུང་ཉིད། །ངོས་སྦྱོར་ཕྱག་འཕྲིན་བྲིས་པ་ལྟར། །བརྡ་དག་ལམ་རིམ་སྙན་གཞུང་ནས། །ས་ལམ་རང་འགྲེལ་ལ་སོགས་པར། །འཆད་ཁྲིད་གནད་དུ་ཐིང་བ་སོང་། །ཕྱིས་སུ་བོན་བརྒྱ་རིན་པོ་ཆེའི། །གཟིགས་དགོངས་མངོན་འགྱུར་ལེགས་བྱུང་ནས། །ཆེད་རྩོམ་སྟོད་སྨད་བར་མ་སོགས། །གྲུབ་འབྲས་གཟེངས་སུ་ཐོན་པ་བྱུང་།

  དེ་ནས་དགུང་ལོ་ང་བཞིའི་ཐོག །སྟོང་ཁྱུང་ཨ་ལགས་བསྟན་འཛིན་ནས། །རེ་འདོད་འཕྲིན་ཡིག་མཚམས་སྦྱར་ཏེ། །སློབ་བུ་ཡེ་ཤེས་རྒྱལ་མཚན་དང་། །ལྷན་དུ་མཚོ་སྔོན་ཕྱོགས་སུ་སོང་། །དོ་ཤུལ་སྔགས་དགོན་ཟླ་གསུམ་བསྡད། །སྔགས་པ་རྣམས་ལ་སྔོན་འགྲོ་དང་། །དངོས་གཞི་སུམ་རྟགས་དག་གསུམ་ཁྲིད། །དེ་ནས་ཤར་སྟེང་སྔགས་དགོན་དང་། །རྐ་སར་སྔགས་དགོན་སོགས་བརྒྱུད་ནས། །སྨིན་གྲོལ་དུང་དཀར་དགོན་དུ་བྱོན། །དེ་རུ་ཟླ་ཕྱེད་ཙམ་དུ་བསྡད། །དྲན་པ་ཚེ་དབང་རྣམ་ཐར་མཇལ། ། རྗེས་སུ་ཚེ་ཆོག་དབང་ལུང་གནང་། །དེའི་རྗེས་བོན་བརྒྱ་དགོན་དུ་ཆས། །བོན་བརྒྱ་མཆོག་གིས་གཙོ་མཛད་དེ། །གྲྭ་མང་ཡོངས་ཀྱིས་གནས་ལེན་གནང་། །ཉིན་ཞག་ཁ་ཤས་ངལ་གསོ་བྱས། །བོན་བརྒྱ་ཐམས་ཅད་མཁྱེན་པ་ཡིས། །མདོ་སྔགས་རྫོགས་གསུམ་བགྲོ་གླེང་མཛད། །ལམ་རིམ་དྲུག་ཅུ་སྡེ་སྣོད་མཛོད། །བཤད་ལུང་ཞུས་ཤིང་བོན་བརྒྱ་བས། །ཐུགས་ལ་བཤད་སྒྲུབ་བསྟན་པ་ཡི། །སྙིང་པོ་རྩོད་སྤངས་ཤན་འབྱེད་པའི། །རིག་ལམ་ཆེས་ལེགས་དགོངས་སྨོན་བཞིན། །བཤད་སྒྲུབ་བསྟན་པའི་དབུ་བཟུང་སྟེ། །ཐུན་མོང་སྡུད་གྲྭའི་སྤྱི་བསྟན་ཏེ། །མདོར་བསྡུས་ཁོག་དབུབ་གྲྭ་མང་ལ། །རྟགས་གསལ་ཁྱབ་གསུམ་གཏོང་ཚུལ་དང་། །རིག་ལམ་འཕྲུལ་ཚུལ་ཉིན་བཞིན་དུ། །རྟགས་གསལ་གཏོང་རེས་དམ་བཅའ་བཞག །བླ་གྲྭ་དགྱེས་འཛོམས་རྟེན་འབྲེལ་འགྲིག །དེ་ནས་རྩེ་དབུས་ཆིབས་བསྒྱུར་ཏེ། །དངོས་སློབ་རྒྱལ་བ་གཙོ་བྱས་པའི། །སེར་སྐྱ་ཀུན་གྱིས་དགའ་བསུ་བྱས། །ཁྱིམ་ཞུས་ཚེ་དབང་བསྐུར་ནས་ལོག ། ཤིང་མོ་ལུག་སྟེ་ང་དྲུག་སྟེང་། །སྣང་དགོན་འཚོགས་ཆེན་དགེ་བསྐུལ་ཁུར། །དཔོན་སློབ་བསྟན་འཛིན་ཡེ་ཤེས་དང་། །གྲོས་བསྟུན་འཆད་ཉན་རྒྱུན་བཟུང་སྟེ། །བཀའ་པོད་རྣམ་ལྔའི་རྩོད་སྤངས་མཛད། །དེའི་ཚེ་ཡེ་ཤེས་དགོན་པ་ཡི། །སྤྲུལ་སྐུ་རིག་འཛིན་ཉི་མ་མཆོག །ཕེབས་ནས་ཐུགས་ཀྱི་སློབ་མར་གྱུར། །དགེ་བསྐུལ་མཇུག་རྫོགས་ང་བདུན་སྟེང་། །བྱ་འཕུར་ནམ་མཁའ་རྒྱལ་མཚན་གྱི། །ཐུགས་སྨོན་ལྟར་དུ་མཚོ་སྔོན་དང་། །སྦྲ་ཆེན་དབུས་གཙང་རྔ་ཡུལ་ལོག །ང་བརྒྱད་སྟེང་དུ་རྩེ་དབུས་ཀྱི། །མི་སྣ་གཉིས་བྱུང་རེ་འདོད་ལྟར། །སྨིན་གྲོལ་དར་རྒྱས་གླིང་དུ་སོང་། །རྩེ་དབུས་སྔགས་དགོན་འདུལ་དགོན་བསྒྱུར། །གྲྭ་ཆུང་ཉི་ཤུ་རབ་བྱུང་བསྒྲུབས། །བཅས་ཁྲིམས་སྲོལ་བཙུགས་བཀོད་སྒྲིག་བྱས། །བོན་སྤྱོད་འགྲིག་ལམ་སྨན་རི་བའི། །རིང་ལུགས་འཁྲུལ་མེད་ཁོ་ན་བྱས། །བརྡ་དག་སྒྲ་སྦྱོར་སྙན་ངག་སོགས། །ཉིན་རེར་དཔེ་ཁྲིད་ཆགས་མེད་བགྱིད། །དོན་རྒྱན་སོ་ལྔ་སྡེ་སྣོད་མཛོད། །ཞལ་ཁྲིད་ཟླ་བ་དྲུག་ཙམ་བསྡད། །དེ་ནས་དགོང་ལོ་ང་དགུའི་སྟེང་། །གྲོགས་པོ་ཚུལ་ཁྲིམས་རྒྱལ་བ་དང་། །ནམ་མཁའ་ཤེས་རབ་གཉིས་དང་ལྷན། །རྒྱ་ནག་གླིང་ཆེན་འགྱིང་རིར་ཆས། །རྒྱའི་དགོན་ཆེ་ཆུང་ཀུན་ལ་མཇལ། །དངོས་རྫས་བཀྲམ་པའི་ཚོང་ཁང་དང་། །བྱ་གཅན་རི་གཡུང་ལྟད་མོ་ཁང་། །འཕྲུལ་ཆས་བསྒྲིགས་པའི་བཟོ་གྲྭ་དང་། །ཤེས་རིག་སྦྱངས་སའི་སློབ་གྲྭ་སོགས། །ངོ་མཚར་ལྟད་མོར་སྤྱན་གཟིགས་མཛད། །དགོང་ལོ་དྲུག་ཅུ་ས་སྦྲུལ་ལོར། །དགེ་བཤེས་ལུང་བ་བསྟན་འཛིན་དང་། །དགེ་བཤེས་ལུང་རྟོགས་རྒྱ་མཚོ་གཉིས། །ཆབས་ཅིག་རྔ་ལྗོངས་ཤེས་ཡོན་ཅན། །འཚོགས་གྲལ་སོང་སྟེ་དགོན་སྡེ་ཀུན། །རྩོད་རྒྱུགས་འདོན་རྒྱུགས་བློ་རུ་བླངས། །སོ་སོའི་འགྲིག་ལམ་དག་ཐེར་བྱས། །སྐབས་དེར་དགེ་བསྐོས་བློ་ཕུན་གྱིས། །དཀར་མངར་གོས་དར་ལྷ་རེག་བཅས། །བཀའ་ནན་སྤྱི་བོར་བབས་པ་ཡིས། །ཕར་ཕྱིན་སྤྱི་དོན་མ་ལུས་བརྩམས། །ཡིག་མཁན་འཇིགས་མེད་བཤད་སྒྲུབ་ལ། །སྦྱིན་བདག་བླ་མས་བྲིས་ཡོན་སྦྱར། །དེའི་སྐབས་འཇིགས་མེད་བཤད་སྒྲུབ་དང་། །བསྟན་པའི་ཉི་མ་རྩེ་དགོན་གྱི། །མཆོག་སྤྲུལ་ཟླ་བ་རྣམ་གསུམ་ལ། །བརྡ་དག་སྒྲ་སྦྱོར་སྙན་ངག་དང་། །ཡིག་རིས་དང་བཅས་མཐར་ཕྱིན་མཛད། །ངེས་དོན་སློབ་བུ་མང་དུ་བྱུང་། །

  ལྕགས་ཕོ་རྟ་སྟེ་རེ་གཅིག་ཐོག །སྣང་དགོན་མཚན་ཉིད་སློབ་དཔོན་གྱི། །མཚན་གསོལ་ཁྲི་སྟོན་རྒྱ་ཆེན་བྱས། །ཇ་ཐུག་མང་ཇ་ཕྱག་འགྱེད་དང་། །ཤག་ཏུ་དགའ་སྟོན་གང་འཚམས་བཤམས། །ལོ་དེའི་དགུན་ཐོག་གཡུང་གླིང་གི། །མཁན་ཆེན་ཀུན་གསལ་བློ་གྲོས་མཆོག །སྣང་ཞིག་དགོན་དུ་ཆིབས་བསྒྱུར་གནང་། །མཁན་ཆེན་མདུན་ནས་ཕར་ཕྱིན་གྱི། །སྐབས་བརྒྱད་འདུལ་བ་རྒྱས་བསྡུས་ཁྲིད། །ལུང་རྒྱུན་མ་ལུས་གསན་པར་བྱས། །ལོ་དེའི་དགུན་ཆོས་ཆེན་མོ་རུ། །ལུང་རིགས་སྨྲ་དབང་དགེ་བའི་བཤེས། ། གཙོ་བྱས་སློབ་གཉེར་བརྒྱ་ཙམ་ལ། །ཉིན་ལྔ་མང་ཇ་ཆོས་ཐོག་བཙུགས། །ཉིན་བཞིན་དམངས་སྒོར་ཕྱག་འགྱེད་དང་། །གྲྭ་མང་ཀུན་ལ་མདོ་སྔགས་དང་། །རྫོགས་ཆེན་དཔེ་ཁྲིད་རྒྱུན་སྐྱོང་བྱས། །ཚ་བུ་གཡུང་དྲུང་བློ་གསལ་དང་། །གྲོགས་མང་བསྐུལ་ངོར་བློ་རྟགས་བརྩམས། །དཔོན་སློབ་ལོ་གཉིས་ལྕགས་ལུག་ལོར། །སྟོན་ཆོས་ཚབ་ཏུ་གྲྭ་ཚང་ལ། །ཇ་ཞག་ཕྱག་འགྱེད་ཉིན་བདུན་ན། །ཆོས་ཐོག་བཙུགས་ནས་གཟབ་ཐུག་དྲངས། །ལོ་དེར་ཕུན་ཚོགས་གཡུང་དྲུང་གཉིས། །སྡུད་གྲྭའི་དམ་བཅའ་གསར་བཞག་མཛད། །གྲོགས་ཀྱིས་བསྐུལ་ངོར་བསམ་གཟུགས་བྲིས། །དེ་དུས་ནས་བཟུང་བསྟན་བདག་མཆོག ། དབུར་བཞུགས་རྒྱལ་ཚབ་གཙོ་མཛད་དེ། །འཚོགས་མི་གྲོས་མཐུན་སྔོན་སྲོལ་བཞིན། །དུས་བཞིར་ཉིན་ལྔར་ཆོས་ཐོག་བཙུགས། །ཐེབས་ལ་གཞུང་ནས་གཏན་འཁེལ་བྱས། །ཐ་ན་ཇ་ཞག་ཕྱག་འགྱེད་དང་། །བོན་སྤྱོད་ཐམས་ཅད་བཅའ་ཡིག་བཀོད། །དེའི་སྐབས་ཉག་རོང་ཚེ་རྒྱམ་དང་། །ཤེས་རབ་གཡུང་དྲུང་གྲྭ་ས་བ། །མང་དུ་བྱུང་ཞིང་ཁོད་སྤུངས་སྤྲུལ། །བོན་མཁར་སྐལ་བཟང་རིན་ཆེན་དང་། །རྒྱལ་རོང་ལྕང་སྐྱ་སྤྲུལ་བའི་སྐུ། །རིག་འཛིན་རྒྱ་མཚོ་ལི་ཤུ་ཡི། །སྤྲུལ་སྐུ་གཤེན་རྒྱལ་བསྟན་འཛིན་སོགས། །བླ་སྤྲུལ་མང་པོ་སློབ་མར་བྱོན། །མཁན་པོ་ལོ་གསུམ་ཆུ་སྤྲེལ་ལོའི། །ཟླ་བ་དང་པོའི་ཚེས་ལྔ་ཉིན། །མཉམ་མེད་དུས་མཆོད་གསར་འཛུགས་བྱས། །སྡུད་ཚད་ཕར་ཕྱིན་མཛོད་འདུལ་དང་། །དབུ་མ་ལ་སོགས་རྟགས་གསལ་བཏང་། །ལོ་དེའི་སྟོན་ཆོས་ཆེན་མོའི་མཇུག །ཇ་ཞག་འགྱེད་བཅས་ཉིན་བདུན་བཙུགས། །ལོ་དེའི་ཟླ་བ་བཅུ་གཅིག་ནང་། །ལུང་རིག་སྨྲ་བའི་བཤེས་གཉེན་མཆོག །ཨ་ཁུ་རྒྱལ་བ་ཚུལ་ཁྲིམས་ཀྱིས། །སྔགས་རམས་དམ་བཅའ་གསར་བཞག་མཛད། །དབུ་མ་ཕར་ཕྱིན་མཛོད་འདུལ་བ། །སྔགས་རྫོགས་འཕྲོས་དོན་བཅས་པ་བཏང་། །སྐབས་དེའི་ཕྱི་ལོ་ཆུ་བྱ་ཡི། །ཟླ་བ་གཉིས་པའི་ཟླ་མཇུག་ནས། །མཁན་པོ་ཁུར་རྫོགས་ཕྱག་འགྱེད་བཏང་། །མདོར་ན་ཆོས་སྒོ་ཕྱེ་ནས་བཟུང་། །མཁན་པོ་མཇུག་བསྐྱངས་ཡན་ཆད་དུ། །ནུས་པ་ཡོད་དགུའི་རྩལ་སྤྲུགས་ནས། །བསྟན་ལ་ཞབས་འདེགས་བྱས་པ་ཡི། །རིམ་པ་ཕྱོགས་གཅིག་བསྡོམས་པ་སྟེ། །འདུ་ཁང་ཀ་རིང་བཅུ་གཉིས་ཡོན། །དགེ་བསྐུལ་མཁན་པོ་ཁྲི་སྟོན་གྱི། །མཇུག་རྫོགས་མང་ཇ་ཆེ་བ་གསུམ། །ཆོས་ཐོག་སྔ་ཕྱི་ཀུན་བསྡོམས་ན། །ཆོས་ཐོག་ཕྱག་འགྱེད་གཟབ་ཐུག་བཅས། །རྒྱུ་དང་བསོད་ནམས་ཚོགས་བསགས་ཏེ། །སྤྲང་བོ་བསགས་ནོར་ཟད་བཅུག་པས། །ས་ཐོབ་དགའ་ཙམ་རྒྱུད་ལ་སྐྱེས། །དགེ་བ་རྫོགས་པའི་བྱང་དུ་བསྔོས། །

  དེའི་སྐབས་སྤྱི་བསམ་བསྟན་པའི་དོན། །ཟླ་བའི་དཔལ་ལ་འགྲན་པ་ཡི། །ལྷ་བཟོ་དགེ་ལེགས་དྲན་བསྐུལ་གྱིས། །རྒྱལ་ཚབ་མཆོག་དང་འཚོགས་འདུས་ཡོངས། །གྲོས་འཆམ་སློབ་གྲྭའི་དབུ་འཛུགས་གནང་། །ཁོང་ལ་སློབ་གྲྭའི་སློབ་དཔོན་གྱི། །མིང་གི་ཅོད་པན་མཐོན་པོར་བཏེགས། །དཔེ་ཁྲིད་འགྲིག་ལམ་འགན་ཁུར་བཀལ། །རང་མོས་སློབ་གྲྭར་མི་དྲུག་ཅུ། །བསྡུས་ནས་སྡུད་ཚད་ཕར་ཕྱིན་སོགས། ། གང་འཚམ་སློབ་ཚན་ཁག་གསུམ་བྱས། །ངལ་གསོའི་སྔར་བཞིན་གྲྭ་མང་ལ། །ཆབས་ཅིག་སུམ་རྟགས་དག་གསུམ་ཁྲིད། །སློབ་གྲྭ་ལོ་བཞིར་གཏན་འཁེལ་བྱས། །སློབ་གྲྭའི་མི་རེར་དགེ་ལེགས་ནས། །ཕྱེ་འབྲས་གཟན་ཤམ་ཆ་རེ་དང་། །ཟླ་རེར་སྒོར་བརྒྱ་བདག་རྐྱེན་ཕུལ། །དགོང་ལོ་དྲུག་ཅུ་རེ་བཞི་དང་། །རེ་ལྔའི་བར་དུ་སློབ་གྲྭར་བསྐྱངས། །རེ་དྲུག་ལོ་ནས་ཕུང་ཁམས་ཅུང་། །མ་བདེ་ཁོང་གིས་ངལ་གསོ་གནང་། །སྐུ་ཚབ་བཤེས་གཉེན་ཆེན་པོ་སྟེ། །ལུང་རྟོགས་རྒྱ་མཚོས་སློབ་གྲྭ་བསྐྱངས། །དཔེ་ཁྲིད་སྔ་མ་ནང་བཞིན་བྱས། །

  དགུང་ལོ་རེ་བདུན་མེ་བྱི་ལོར། །བསྟན་པའི་སྦྱིན་བདག་དགེ་ལེགས་ཀྱིས། །རེ་འདོད་བཞིན་དུ་དཔེ་ཁྲིད་མཛད། །སྔོན་གྱི་ཆར་གཞི་མཐར་རྫོགས་ནས། །གྲྭ་མང་ཡོངས་ལ་དགའ་སྟོན་དང་། །ཇ་ཐུག་མང་ཇ་ཕྱག་འགྱེད་ཕུལ། །དགོང་ལོ་རེ་བདུན་མེ་གླང་ལོར། །ཕྱོགས་ཀྱི་སློབ་མའི་རེ་འདོད་ལྟར། །ཚ་བུ་བསྟན་འཛིན་སྨོན་ལམ་དང་། །མཉམ་དུ་རྒྱལ་རོང་ཉག་རོང་དང་། །སྙན་རོང་སོགས་ལ་རིམ་གྱིས་སོང་། །སློབ་མ་སོ་སོའི་རེ་འདོད་བསྒྲུབས། །དབུས་གཙང་ཕྱོགས་མཇལ་རང་ཡུལ་ལོག །ལོ་དེའི་དགུན་ཐོག་ཀློང་རྒྱས་ཀྱི། །ཞག་བརྒྱ་གཅིག་ལ་མཚམས་བསྡམས་མཐར། །རྒྱལ་ཚབ་མཆོག་དང་བྱ་འཕུར་བའི། །སྤྲུལ་མཆོག་ཀུན་བཟང་རྒྱལ་མཚན་ནས། །ཀློང་རྒྱས་དབང་ཞུས་རེ་དགུ་སྟེ། །ས་ཕོ་སྟག་ནས་དཔེ་ཁྲིད་ཀྱི། །མཚམས་འཇོག་བསྙེན་སྒྲུབ་འབད་བསམ་ཡང་། །རེ་བ་ཅན་གྱི་སློབ་མ་སྟེ། །བྱང་ཁའི་བཟོད་པ་བློ་ལྡན་ཟུང་། །ངོ་ཟློག་མ་ཐུབ་དཔེ་ཁྲིད་བྱས། །དེ་བཞིན་གཅིག་ལ་གཉིས་བརྟེན་གྱིས། །སློབ་མ་ཉི་ཤུ་ཙམ་བྱུང་བས། །སློབ་ཚན་ལྔ་བྱས་དཔེ་ཁྲིད་མཛད། །དགུན་ཐོག་སྨྲ་སེང་སྒྲུབ་ཆུང་བཞུགས། ། དེའི་སྐབས་མི་ནུབ་དགོན་པ་ཡི། །མཆོག་སྤྲུལ་ཀུན་བཟང་སྙིང་པོ་དང་། །ཨ་འཇིགས་རིག་འཛིན་དབང་རྒྱལ་སོགས། །ཉག་རོང་གྲྭ་བཙུན་མང་པོ་དང་། །ཧོར་ཁྱུང་ཕྱོགས་ནས་རེ་འགའ་བྱོན། །ཁྱུང་བོ་གཡུང་དྲུང་ཚུལ་ཁྲིམས་དང་། །སློབ་མ་འགའ་ཡིས་ནན་བསྐུལ་ངོར། །བརྡ་སྦྱོར་བློ་གསལ་འགུལ་རྒྱན་གྱི། །འགྲེལ་བ་ཡང་གསལ་འཕྲུལ་སྒྲོན་བརྩམས། །སྡུད་གྲྭའི་རིགས་ལམ་འཕྲུལ་ལྡེ་དང་། །སྡུད་གྲྭའི་ཟུར་རྒྱན་རྣམ་གཉིས་བརྩམས། །དེའི་སྐབས་དོན་གཉིས་ལྕགས་སྦྲུལ་ལོར། །མཆོག་སྤྲུལ་ཀུན་བཟང་སྙིང་པོ་དང་། །རིག་འཛིན་དབང་རྒྱལ་རེ་འདོད་ལྟར། །ཚ་བུ་བསྟན་འཛིན་སྨོན་ལམ་དང་། །མཉམ་དུ་ཉག་རོང་ཕྱོགས་སུ་སོང་། །མི་ནུབ་དགོན་དུ་ཟླ་གསུམ་བཞུགས། །སྔོན་འགྲོ་བཀའ་ལུང་རྒྱ་མཚོ་དང་། །འདུལ་བ་རྒྱས་བསྡུས་གཞུང་གཉིས་ཁྲིད། །རིན་ཆེན་དང་པོའི་ཐིག་ཤིང་ཞེས། །བཅའ་ཡིག་མི་ནུབ་དགོན་པར་བཞག །མཇུག་ཏུ་སྐྱ་སེར་མི་རྣམས་ལ། །འཕྲུལ་སྒྲོན་རྣམ་ལྔའི་ལུང་ཚིག་བཏོན། ། གཡུང་དྲུང་ཀློང་རྒྱས་དབང་བསྐུར་ཞིང་། །རིམ་གྱིས་ལྷ་སྡེས་ཁྱིམ་ཞུས་གནང་། །དེ་རྗེས་སྐྱ་སེར་ལྷན་འཛོམས་ཀྱིས། །འཕྲུལ་འཁོར་དུ་མས་སྣ་དྲངས་ཏེ། །དགའ་བསུ་མཛད་ནས་དགོན་དུ་དྲངས། །ཡེ་ཤེས་དགོན་གྱི་གྲྭ་མང་ལ། །འཕྲུལ་སྒྲོན་རྣམ་ལྔའི་ལུང་མནོས་ཤིང་། །སྐྱ་སེར་ཀུན་ལ་མུན་སེལ་གྱི། །དབང་བཞི་མ་ལུས་བསྐུར་ཏེ་བྱོན། །དེ་རྗེས་ཁྲོ་ཚང་དགོན་དུ་སླེབས། །ཁྲོ་ཚང་རྟེན་དང་བརྟེན་པར་མཇལ། ། སྔར་མཐོང་མ་མྱོང་དད་མོས་སྐྱེས། །ཁྲོ་ཚང་དགོན་གྱི་གྲྭ་མང་ལ། །རྗེ་ཡི་ཐར་ལམ་གསལ་བྱེད་ཀྱི། ། ལུང་གནང་དབང་ཁྲིད་མང་དུ་གསུངས། །དེ་ནས་སྨོན་རྒྱལ་དགོན་པ་དང་། །འབུམ་རྨད་དགོན་སོགས་རིམ་བརྒྱུད་ནས། །ཤར་རྫའི་རི་ཁྲོད་གནས་སུ་ཆས། །མཁན་པོ་ཨ་འཇིགས་གཙོ་མཛད་དེ། །གྲྭ་མང་ཡོངས་ཀྱིས་དགའ་བསུ་མཛད། །རྒྱལ་ཚབ་མཐུ་སྟོབས་རྣམ་རྒྱལ་མཆོག །ཞལ་མཇལ་སྐུ་གསུམ་རང་ཤར་དང་། །ཤར་རྫའི་གསུང་འབུམ་ལུང་རྣམས་ཞུས། །ཀུན་མཁྱེན་སྐུ་འགག་དབུ་སྐྲ་དང་། །ཤ་རུ་རམ་སོགས་རྟེན་གསུམ་མཇལ། །ཁོང་གིས་སྐྱ་སེར་རེ་འདོད་ལྟར། །འཕྲུལ་སྒྲོན་རྣམ་ལྔའི་ལུང་གནང་ཞིང་། །དེ་ནས་གྲྭ་མང་ཕེབས་སྐྱེལ་བཅས། །སྟེང་ཆེན་དགོན་དུ་ཆིབས་བསྒྱུར་གནང་། །ཕྱག་མཇལ་མཆོད་བསྐོར་མང་དུ་བྱས། །མཆོག་སྤྲུལ་འཆི་མེད་རྣམ་རྒྱལ་དང་། །ལྷན་དུ་རང་ཡུལ་བདེ་བར་འབྱོར། །

  དེ་ནས་དགུང་ལོ་དོན་གསུམ་སྟེང་། །དཔེ་ཁྲིད་མཚམས་བཞག་དགེ་རྒྱགས་ལ། །བརྩོན་པའི་ཤུགས་བསྐྱེད་སྨྲ་སེང་གི །བསྙེན་པ་བྱེ་བ་བདུན་འགྲུབ་དང་། །འབུམ་ཐེར་གཉིས་དང་སྒྲུབ་ཆུང་ལྔ། །སྐྱེ་སྒོ་གཅོད་པ་སྟོང་ཕྲག་གཉིས། །གཤེགས་ཁའི་ལམ་རྒྱགས་བདེ་བར་བསྒྲུབས། །དགོང་ལོ་དོན་ལྔ་ཤིང་སྤྲེལ་ལོར། །ཕུང་ཁམས་མ་བདེ་རྐྱེན་བྱུང་ཚེ། །ཁོང་གི་བསམ་པར་སྣང་སྟོན་རྗེ། །ནམ་མཁའ་བློ་གྲོས་སྐྱབས་འོག་ཏུ། །ཚུད་ནས་ནད་ཅིག་བྱུང་མ་མྱོང་། །ད་ནི་རྒན་པོ་གཤིན་རྗེ་ཡིས། །འབོད་པ་ལོས་ཡིན་སྙམ་མོད་ཀྱང་། །འཆི་བའི་དུས་ལ་མ་བབས་པས། །ནད་གཞི་རིམ་གྱིས་སངས་དྲག་གྱུར། །ཕུང་ཁམས་ཇེ་བདེར་སོང་བས་སྐྱིད། །དེའི་ཚེ་སྔོན་ནས་གྲོག་མ་ལ། །འབྲུག་དང་ཕྱེ་ལེབ་ཁྱུང་རྣམས་བཞིན། །བདག་ལ་རེ་འདུན་ཆེ་བ་ཡི། །བློས་ཐུབ་གྲོགས་མང་བསྐུལ་བའི་ངོར། །ཚ་བུ་བསྟན་འཛིན་སྨོན་ལམ་ལ། །ཁྱེད་ཀྱི་ཨ་ཁུའི་སོར་མོ་ཡིས། །ངལ་བྱས་ཡིག་ཧྲུལ་ཤོག་དྲིལ་རྣམས། །པར་བསྐྲུན་འགྲེལ་སྤེལ་བབ་ཡོད་ཅེས། །སྙིང་གཏམ་བསྐུལ་ལྕག་ཐེབས་པས་ན། །པར་དུ་བཞེངས་རྒྱུའི་སྟ་གོན་བྱས། །རྩེ་ཞིག་ཟླ་བ་རིན་པོ་ཆེས། །ཉག་རོང་ཡེ་ཤེས་དགོན་གླིང་གི། །སེང་སྤྲུལ་རིག་འཛིན་ཉི་མ་ལ། །རྒྱང་ནས་གློག་འཕྲིན་ཞལ་ཏ་གནང་། །ཞལ་གསུང་དྲི་མེད་དངོས་སུ་ཐོབ། །ཁོང་གི་ཚེ་སྲོག་ལྷག་མ་འདིར། །མི་ཟས་ཟོས་པའི་རིམ་བབ་ཏུ། །བྱང་ཆུབ་ལམ་རིམ་ཉུང་བསྡུས་ཤིག །ཕྱོགས་བསྒྲིགས་བྱེད་འདོད་བགྲོ་གླེང་བྱས། །རྩེ་ཞིག་སྤྲུལ་སྐུ་ཟླ་བ་ཡིས། །ཞབས་འདེགས་ཞུ་ཞེས་ཞལ་མཆིད་གནང་། །

  དགུང་ལོ་དོན་དྲུག་ཤིང་བྱ་ལོར། ཧོར་ཟླའི་དགའ་བ་དང་པོའི་ཉིན། །སྣང་ཞིག་སྐྱབས་མགོན་རིན་པོ་ཆེས། །སྣང་དགོན་བཤད་སྒྲུབ་སློབ་གླིང་ལ། །སྨྲ་སེང་དབང་བསྐུར་རྟེན་འབྲེལ་འགྲིག །ལམ་རིམ་རིན་ཆེན་ཐེམ་སྐས་ཞེས། །ཕྱོགས་བསྒྲིགས་དབུ་བཟུང་མཇུག་རྫོགས་གྲུབ། །དེ་རྗེས་ཀྲུའུ་རིན་དཀོན་བསྟན་དང་། །སློབ་གཉེར་ཅན་གྱིས་ནན་བསྐུལ་ཏེ། །སྣང་སྟོན་བསྟན་ཉིའི་སྙན་ངག་རྒྱན། །འགྲེལ་བ་ཨུཏྤལ་ཆུན་པོ་ཡི། །དབུ་བཟུང་རང་ལོ་དོན་བདུན་ཏེ། །མེ་ཁྱི་ལོ་འགོར་མཐར་ཕྱིན་མཛད། །ཤིང་བྱར་པར་བསྐྲུན་དབུ་བཟུང་ནས། །མཇུག་རྫོགས་པར་དུ་ཉག་རོང་གི །དངོས་སློབ་གཡུང་དྲུང་རྒྱལ་མཚན་དང་། །གཡུང་དྲུང་ཉི་མས་ཁུར་བཞེས་ཏེ། །ལྗགས་རྩོམ་གོ་བསྡུར་ཞུ་དག་བྱས། །བླ་མསས་ཐུགས་ཁུར་ཚད་མེད་མཛད། །དེའི་རྗེས་ལུང་རྟོགས་རྒྱ་མཚོ་དང་། །དགེ་བཤེས་རིན་འོད་ཀུན་ལྷུན་སོགས། །སྤྱན་ལམ་བསྟར་ནས་ཞིབ་དག་གནང་། །དགེ་བཤེས་ཚ་བུ་སྨོན་ལམ་དང་། །ཆབས་ཅིག་ལུང་རིག་ཚད་གསུམ་གྱི། །དག་ཐེར་དཀའ་ངལ་མ་འཛེམ་པར། །ཡོངས་ཀྱི་དགེ་བའི་བཤེས་གཉེན་གྱི། །གསུང་འབུམ་ཆ་ཚང་པར་དུ་བསྐྲུན། །རང་གཞན་ཐུགས་ཡེངས་སྤྱན་ལམ་ནས། །ཤོར་ནོར་གང་མཆིས་འཆོས་མཛོད་ཅེས། །གསུང་གིས་ཡང་དག་བདེན་པ་གནང་། །

  དགུང་ལོ་དོན་བརྒྱད་མེ་ཕག་ནས། །སྔར་བཞིན་བསྙེན་སྒྲུབ་རྒྱུན་བསྲིངས་ཏེ། །བསྐྱེད་རྫོགས་གནད་ཀུན་ཐུགས་སུ་བཏབ། །གདུལ་བྱའི་དོན་ལ་གཅིག་ཏུ་གཞོལ། །སྤྱི་ལོ་ཉིས་སྟོང་བདུན་གྱི་ལོར། །རྒྱལ་ཚབ་བསྟན་འཛིན་དབང་རྒྱལ་གྱི། །གྱ་སྟོན་ཚེས་དུས་བོན་མཉམ་འབྲེལ། །མདོ་སྨད་སྣང་ཞིག་དགོན་ཆེན་དུ། །ཐོག་མར་ཆབས་ཅིག་འཚོགས་པའི་ཚེ། །ཁོང་གིས་ལྷག་བསམ་དཀར་པོ་ཡི། ། འབེལ་གཏམ་ལེགས་བཤད་ཉི་ཟེར་གྱིས། །འདུས་སྡེའི་པདྨོ་བཞེད་པར་མཛད། །དེ་ནས་ས་གླང་བརྒྱད་ཅུའི་དུས། །དབོན་པོ་བསྟན་འཛིན་སྨོན་ལམ་དང་། །སྐུ་ཚ་བསོད་ནམས་གཉིས་གཙོས་པའི། །བུ་སློབ་བྱེ་བས་བཀོད་སྒྲིག་ལྟར། །དགུང་གྲངས་བརྒྱད་ཅུའི་མཐུན་སྦྱོར་གྱི། །བཀྲ་ཤིས་དགའ་སྟོན་རྟེན་འབྲེལ་སྒྲིགས། །རྒྱལ་ཁབ་ཕྱི་ནང་སློབ་ཚོགས་ཀྱིས། །མི་ཕྱེད་དད་མོས་རྩེ་གཅིག་གིས། །ཀུན་ནས་བསླངས་ཏེ་བཀའ་དྲིན་གསོལ། །མེ་ཏོག་ཆུང་ཡང་ལྷ་རྫས་བཞིན། །དད་ལྡན་སློབ་འབངས་རྣམས་ཀྱིས་ནི། །ཁ་བཏགས་དཀར་པོས་མདུན་བསུས་ཏེ། །མཆོད་པ་སྣ་ཚོགས་གཏང་རག་ཕུལ། །མཛད་རྗེས་རྟོགས་བརྗོད་དོན་བསྡུས་དང་། །ཚིགས་བཅད་སྤེལ་མའི་བསྔགས་བརྗོད་སོགས། །སྔ་ཕྱི་བར་མར་གནང་མཁན་གྱི། །བསྐལ་བརྒྱའི་བརྟན་བཞུགས་ཕུལ་བ་མང་། །དེའི་རྗེས་ཉག་རོང་འབུམ་དགོན་གྱི། །འདུ་ཁང་ལེགས་གྲུབ་དགའ་སྟོན་དུ། །མཆོག་སྤྲུལ་འཆི་མེད་གཡུང་དྲུང་གི། །རེ་འདོད་ལྟར་དུ་རྒྱབ་ཚབ་དང་། །ཁོང་གཉིས་གཙོ་མཛད་བླ་གྲྭ་བཅུ། །ལྷན་ཅིག་ཕེབས་ཏེ་ཡུལ་དེར་འབྱོར། །རོལ་མོ་སེར་ཕྲེང་ཚར་དུ་དངར། །རྟ་དང་རླངས་འཁོར་འཕྲུལ་རྟ་ཡིས། །ཆིབས་བསུའི་གདན་དྲངས་དགེ་སློབ་མང་། ། སྐལ་བཟང་དགའ་སྟོན་རྟེན་འབྲེལ་ཉིན། །རྩོད་སྤངས་ཤན་འབྱེད་རིག་པའི་ལུང་། །འདྲེན་པའི་མཁས་མང་རྒྱ་མཚོའི་དབུས། །ཕན་ཚུན་བགྲོ་གླེང་མང་དུ་མཛད། །ལེགས་པའི་ཞལ་གདམས་རབ་ཏུ་གནང་། །ཁོང་དང་རྒྱལ་ཚབ་རྣམ་པ་གཉིས། །བླ་སློབ་ཚང་མས་རེ་འདོད་ལྟར། །ཡེ་ཤེས་དགོན་པའི་གསས་ཁང་དུ། །སྐྱ་སེར་མང་པོས་ཞབས་ནས་བཏེགས། །ཀུན་ལ་བོན་སྦྱིན་སྨིན་པར་བྱས། །མཁས་དབང་སེང་གེ་སྤྲུལ་སྐུ་ཡིས། །གསར་བཞེངས་བཤད་སྒྲུབ་སློབ་གླིང་གི། །རྩོད་རར་ཕེབས་ཏེ་རྟེན་འབྲེལ་ངང་། །རྩོད་སྤོང་གཟིགས་རྟོག་ཐུགས་སྨོན་མཛད། །དགོན་པའི་དབུ་བླ་རྣམ་གཉིས་གཙོས། །ལས་སྣེ་ཡོངས་ལ་བསྟན་དོན་ཆེད། །བཀའ་སློབ་ཞལ་ཏ་དཔེ་མེད་གནང་། །སླར་ཡང་ཞབས་ཀྱི་པད་མོ་ཡི། ། གསེར་གྱི་འཁོར་ལོ་བསྒྱུར་མཛད་ནས། །སྣང་ཞིག་རྒྱལ་བསྟན་གླིང་དུ་བྱོན། །དེའི་སྐབས་རྔ་སྨད་ཅོག་ལོ་དགོན། །རྣམ་རྒྱལ་བསམ་གཏན་བོན་གླིང་དུ། །གསར་བཙུགས་སྒོམ་སྒྲུབ་སློབ་གླིང་གི། །སྒོ་འབྱེད་མཛད་སྒོར་གདན་ཞུས་ལྟར། །སྣང་ཞིག་སྐྱབས་མགོན་ཆེན་མོ་དང་། །ཁོང་དང་བསྟན་འཛིན་སྨོན་ལམ་སོགས། །འབྱོར་ནས་དེ་ཀའི་དཔོན་གཡོག་ལ། །བསྟན་པའི་སྙིང་བོ་བཤད་སྒྲུབ་བོན། །བཀའ་སློབ་བདུད་རྩིའི་གྲུ་ཆར་ཕབ། །

  དགུང་ལོ་གྱ་བཞི་ཆུ་སྦྲུལ་ལོར། །ཤར་ཁོག་དགའ་མལ་དགོན་ཆེན་དུ། །གཡས་རུའི་འཆད་རྩོད་གསར་འཛུགས་དུས། །མདོ་སྨད་སྨྲ་སེང་རྣམ་གསུམ་ཞེས། །མཚན་སྙན་ལྡིར་བའི་མཁས་དབང་གསུམ། །གདན་དྲངས་མདོ་སྔགས་སེམས་སྡེ་སྐོར། །སོ་སོས་བཀའ་བརྒྱས་བགྲོ་གླེང་མཛད། །དེའི་སྐབས་རྗེ་བཙུན་ནམ་མཁའ་མཆོག །མ་རྒྱུད་གནས་ཆེན་ཉེར་བཞི་ཡི། །ནང་ཚན་མཁའ་འགྲོ་འུག་གདོང་དང་། །བྱ་དུར་དུང་རི་གནས་མཆོག་ཏུ། །དངོས་སློབ་མཆོག་སྤྲུལ་སྐལ་རིན་གྱིས། །བླ་སྤྲུལ་སུམ་ཅུ་གདན་དྲངས་བཞིན། །སྨོན་ལམ་ཐུགས་གཏད་ཆེན་པོ་མཛད། །དགུང་ལོ་གྱ་ལྔ་ཤིང་རྟ་ལོར། །ཁོང་གི་ཐུགས་ཀྱི་དངོས་སློབ་སྟེ། །ལྕེ་བཙུན་སེང་གེ་དབང་ཕྱུག་གི། །ཡང་སྤྲུལ་རིག་འཛིན་ཉི་མ་ཡིས །སྔ་སོར་དྲན་བསྐུལ་ཐུགས་བསྐྱེད་འོག །རྒྱལ་སྤྱིའི་སྤྱི་ཚོགས་ཚན་རིག་པའི། །སློབ་གཉེར་ཁང་གི་མི་སྣ་འགར། །མཛད་འཕྲིན་གང་ལ་གང་མཁོ་བསྐྱངས། །ལོ་དེའི་དགུན་ཁར་སྔར་བཞིན་དུ། །གདན་འཇགས་ཉམས་ལེན་ཚུལ་བཞིན་མཛད། །རང་ལོ་ཀེག་ཐོག་རྐྱེན་སེལ་ཕྱིར། །གྲྭ་ཚང་ཡོངས་ལ་ཕྱག་འགྱེད་བཏང་། །དེ་ཡི་སྟོན་མཚམས་སློབ་གླིང་དུ། །ཚད་མའི་རིག་སྒྲ་འཚོགས་སྐབས་སུ། །ཁོང་གི་རང་ལོ་ཀེག་སེལ་དུ། །དམིགས་ནས་གྲྭ་མང་ལྔ་བརྒྱ་ལ། །དམངས་སྒོར་བཅུ་རེ་སློབ་གྲྭ་བ། །སུམ་བརྒྱ་ཙམ་ལ་ཉི་ཤུ་རེ། །དགེ་རྒན་བཅུ་ལ་བརྒྱ་རེ་འགྱེད། །སྐུ་རིམ་ཞབས་བརྟན་གང་མོས་བསྒྲུབས། །གྲྭ་སློབ་བཅུ་བཞིར་སྡོམ་ཁྲིམས་གནང་། །ལོ་དེའི་བོད་ཟླ་གཉིས་པའི་ནང་། །དད་ལྡན་དགོན་པར་མཇལ་བསྐོར་དུ། །འོང་ནས་ཁོང་ལ་ཟངས་སེར་གྱི། །མཎྜལ་མཇལ་དར་སྣ་ཚོགས་ཕུལ། །ཁོང་གིས་བྱིན་རྟེན་སྲུང་སྐུད་གནང་། །སྐྱབས་འགྲོ་སྙིང་པོ་རྣམ་གསུམ་སོགས། །ལུང་གནང་དད་ལྡན་ཡིད་ཚིམས་བྱས། །དེའི་སྐབས་ཀུན་མཁྱེན་ཤར་རྫ་བའི། །གདན་ས་འཛིན་པ་ཨ་འཇིགས་ཀྱིས། །རྗེ་བཙུན་ནམ་མཁའ་ཚུལ་ཁྲིམས་མཆོག །དགུང་ལོ་གྱ་ལྔ་བཞེས་སྐབས་སུ། །གསོལ་འདེབས་ཕར་ཚུགས་བཏབ་ནས་ཕུལ། །དེའི་རྗེས་གཅིག་ལ་གཅིག་རྟེན་གྱིས། །བརྟན་བཞུགས་འདོད་གསོལ་མང་དུ་བྱུང་། །ཁྲོ་ཚང་དགོན་པའི་མཁན་པོ་འམ། །དགེ་བཤེས་ཞལ་གོང་རྣམ་རྒྱལ་སོགས། །དད་ལྡན་སློབ་མ་བདུན་ཅུ་ཡིས། །ལྷ་དར་དཀར་པོའི་མདུན་བསུས་ཏེ། །ཁྲི་ལུང་བརྒྱུད་ཁ་མང་དུ་ཞུས། །སྣང་དགོན་བཤད་སྒྲུབ་སློབ་གླིང་ནས། ། འཚར་ལོངས་བྱུང་བའི་བླ་སློབ་ལ། །སྙན་བརྡ་བཏང་སྟེ་བཀའ་ལུང་གནང་། །མཁས་མང་མགྲིན་གཅིག་བསྔགས་འོས་གྱུར། །དུས་རྒྱུན་སློབ་མའི་རྒྱུད་ཚོད་དང་། །བསྟུན་ནས་སེམས་ཁྲིད་སྒོམ་ཚུལ་སོགས། ། གནང་བའི་བཀའ་དྲིན་བརྗོད་ལས་འདས། །རྒྱལ་གཤེན་གོང་མའི་ཕྱག་སྲོལ་བཞིན། །བཤད་བརྒྱུད་སྒྲུབ་བརྒྱུད་བསྟན་པའི་སྲོལ། །རྗེས་འཛིན་མི་འཇིགས་གདོང་ལྔ་རྫོགས། །ལྷག་པར་བསམ་གཏན་ཞི་གནས་དང་། །བདག་མེད་ལྷག་མཐོང་ཟུང་འབྲེལ་ངོར། །བསྐྱེད་རྫོགས་བཀའ་སྲོལ་འཁྲུལ་མེད་བསྐྱངས། །ཡི་དམ་ཞི་རྒྱས་དབང་དྲག་གི། །ཁྲེགས་ཆོད་ཐོད་རྒལ་ཉམས་ལེན་ཀུན། །བསྙེན་སྒྲུབ་མ་ལུས་མཐའ་རྫོགས་བྱས། །ཀུན་བཟང་དགོངས་པ་མངོན་དུ་གྱུར། །ལོ་དེའི་ཟླ་བཞིའི་བཅུ་གསུམ་ཉིན། །ཞོགས་པར་མི་ཉག་ཉག་རོང་ནས། །དམ་པའི་འདུལ་རྒྱུད་ལེན་ཕྱིར་དུ། །ཆེད་ཕེབས་དགེ་འདུན་ངང་མོའི་ཁྱུ། །དྲང་སྲོང་གཙང་སྡོམ་ཞུ་མཁན་ནི། །མང་དུ་བྱོན་པས་ཁོང་རྣམས་ཀྱི། །ཐུགས་ཀྱི་འདོད་པ་ཇི་ལྟ་བར། །སོ་ཐར་རིགས་བཞི་ཚུལ་བཞིན་གནང་། །

  དགུང་ལོ་གྱ་བདུན་མེ་སྤྲེལ་ལོའི། །ཉིས་སྟོང་བཅུ་དྲུག་ཟླ༡ཚེས༥ཉིན། །འཛམ་གླིང་མཁས་པའི་གཙུག་རྒྱན་ཏེ། །རྒྱལ་བ་མཉམ་མེད་ཆེན་པོ་མཆོག །མཚན་དཔེ་དཔལ་དུ་ཤར་བའི་དུས། །ཁྱད་པར་ཅན་དང་དུས་བསྟུན་ནས། །ངལ་རྩོལ་ལམ་ལ་མ་ཞུགས་པར། །འདོད་ཆུང་ཆོག་ཤེས་ཁོ་ན་ཡིས། ། བརྩོན་པས་ཉམས་ལེན་གལ་ཆེར་དགོངས། །ཁྱིམ་སྤངས་རབ་བྱུང་གྲྭ་ཆུང་འགས། །རྗེ་བཙུན་མདུན་ནས་འདུལ་གོས་གསོལ། །དང་པོ་ཀློག་བསླབ་རྟེན་འབྲེལ་ཞུས། །སློབ་བུ་གཙུག་ཕུད་ཚུལ་ཁྲིམས་ཀྱིས། །འགྲོ་མགོན་ཚད་མ་ཀུན་བཏུས་ཀྱི། །གཞུང་འགྲེལ་བརྩམས་ནས་རྗེ་ཉིད་ལ། །རྟེན་འབྲེལ་ཤིས་ཚིག་ཕུལ་བའི་སྐབས། །ཁོང་གི་ཐུགས་ནི་རབ་དགྱེས་ཏེ། །བཤད་སྒྲུབ་བསྟན་པའི་མཛེས་རྒྱན་དུ། ། རྗེས་སུ་ཡི་རངས་ཤིས་ཚིག་གནང་། །སྟོང་ལོ་བཅུ་དྲུག་ཟླ་ཚེས་ཉིན། །ཉག་རོང་ཀླུ་འབུམ་དགོན་པ་ཡི། །བླ་སྤྲུལ་ཀུན་དགའ་རྒྱལ་མཚན་གྱིས། །བཤེས་གཉེན་ཆེན་པོ་གདན་འདྲེན་ཞུས། །དབྲ་སྲས་ཟླ་གྲགས་གདན་ས་སྟེ། །བྲག་མགོ་རྦ་མདའི་གསས་ཁང་མཆོག །ལེགས་གྲུབ་མཛད་སྒོ་འཚོག་ཉེ་སྐབས། །བཀའ་དྲིན་བསྔགས་བརྗོད་སྲིད་རྩེར་བསྒྲགས། །དགའ་སྟོན་འཚོགས་པའི་དུས་དང་བསྟུན། ། བཀྲཤིས་རྟེན་འབྲེལ་ཤིས་ཚིག་སྒྲོན། །

  མཚོ་སྔོན་ཕྱོགས་སུ་མཇལ་སྐོར་དུ། །ཕེབས་བསམ་ཐུགས་ལ་རབ་དགོངས་ཏེ། །གཤེན་རབ་རྣམ་རྒྱལ་གཙོ་འཁོར་བཅས། །བུམ་གཏེར་བརྒྱ་དང་རྩ་བརྒྱད་བསྒྲུབས། །ཚ་བུ་སྨོན་ལམ་དང་བསོད་ནམས། །གཡུ་ལོ་བསྟན་རྒྱམ་གཡུ་དཔལ་སོགས། །མཚོ་སྔོན་ཕྱོགས་སུ་ཆིབས་ཁ་བསྒྱུར། །རིག་སྨོན་བརྒྱུད་ནས་མཚོ་བསྐོར་ཕེབས། །དེ་ནས་འབྲོག་དགོན་གསས་ཁང་དུ། །སྒྲུབ་ཆེན་འཚོགས་པའི་དུས་མཚུངས་སུ། །མཁན་པོ་ཡེ་ཤེས་བློ་གྲོས་ཀྱིས། །བོན་བརྒྱ་མཆོག་ལ་སྙན་ཞུས་ལྟར། །ཁ་པར་ལམ་ནས་གདན་དྲངས་ཏེ། །ད་ལན་ཕེབས་དགོངས་ཐུགས་ཐག་བཅད། །འབྲོག་དགོན་ཕེབས་པའི་ལམ་སྐབས་ན། །བྱ་འཕུར་སྤྲུལ་སྐུ་གཡུང་དབང་དང་། །བསྟན་ཉི་བཤད་སྒྲུབ་ཡེ་བློ་དང་། །སྐུ་སྲས་པད་མ་རྣམ་རྒྱལ་སོགས། །མདུན་ཕེབས་དར་གྱིས་བསུ་མ་བྱུང་། །ཁོང་གཉིས་དགྱེས་ཞལ་མཉམ་འཛོམས་ཏེ། །ཐུགས་གནང་གཤིན་པོས་ཞལ་གསུང་མཛད། །

  དགུང་ལོ་གྱ་བདུན་ཟླ་བརྒྱད་པའི། །ཚེས་བཅུ་ཉིན་བཟང་དུས་བཟང་ལ། །རྒྱ་བོད་རིག་གཞུང་མངའ་སྙེམས་པའི། །སེང་སྤྲུལ་རིག་འཛིན་ཉི་མ་ཡིས། །སྔགས་རྫོགས་རིག་གནས་ལོ་རྒྱུས་དང་། ། གསུང་འབུམ་པོད་ཆེན་བཅུ་ཕྲག་འགའ། །བརྩམས་པས་བསྟན་འགྲོར་ཐུགས་གནང་མཛད། །ཁྱད་པར་བསྟན་དང་བསྟན་པ་ལ། །ལྷག་བསམ་དཀར་པོས་བློས་བསྐུལ་ཏེ། །བཤད་སྒྲུབ་འདུས་སྡེའི་རྒྱལ་མཚན་ཕྱར། །འཆད་རྩོད་རྩོམ་པའི་འཆད་ཉན་སྤེལ། །དཔོན་སློབ་ནམ་མཁའ་ཚུལ་ཁྲིམས་མཆོག །མི་ཡུལ་བཞུགས་པའི་དུས་དང་བསྟུན། །ཚ་བུ་བསྟན་འཛིན་སྨོན་ལམ་གྱིས། །ཁོང་ལ་གསུང་བསྐུལ་ཞུ་བའི་མཐར། །བཀའ་ཡི་གནང་བ་རབ་ཐོབ་ཅིང་། །དད་མོས་བསམ་དོན་འགྲུབ་པ་དང་། །ཆབས་ཅིག་གསེར་ཟངས་ལས་གྲུབ་པའི། །བླ་མའི་སྐུ་གཟུགས་ང་འདྲ་མ། །བཞེངས་ནས་ཕྱོགས་ཀུན་རྟེན་དུ་གྱུར། །དེ་ནས་བོད་ཟླ་བཅུ་བ་ཡི། །ཚེས་གཅིག་ཉིན་ལ་དངོས་སློབ་མཆོག །སེང་སྤྲུལ་རིག་འཛིན་ཉི་མ་ཡིས། ། བཙུགས་པའི་བཤད་སྒྲུབ་སློབ་གླིང་དང་། །སྐུ་གསུང་ཐུགས་རྟེན་ལེགས་གྲུབ་བྱུང་། །མཛད་སྒོའི་སྟེང་དུ་བཤེས་གཉེན་མཆོག །གདན་དྲངས་ཞབས་ཟུང་འཁོར་ལོ་བསྒྱུར། །དགོན་གནས་སོ་སོར་ཞབས་ཀྱིས་བཅག །དཔལ་ལྡན་ཡེ་ཤེས་དགོན་ཆེན་གྱི། །བཤད་སྒྲུབ་སློབ་གླིང་ལས་སྣེ་ཡིས། །མདུན་བསུས་མཇལ་ཁ་གསོལ་ཇ་དྲངས། །ཁོང་བཅས་ངལ་གསོ་ཞག་བཞུགས་མཛད། །རྟ་བདུན་དབང་པོ་འཆར་དུས་སུ། །ཉག་རོང་ཁོངས་གཏོགས་བོན་དགོན་གྱི། །བླ་སྤྲུལ་མཁན་པོ་བཙུན་པ་དང་། །བཙུན་མ་གསང་སྔགས་རིག་འཛིན་སྡེ། །བོན་འབངས་སེར་ཕྲེང་གྲལ་བསྒྲིགས་ཏེ། །བཤད་སྒྲུབ་སློབ་གླིང་ཆེན་པོ་རུ། །དགའ་སྤྲོ་ངང་ནས་ཕེབས་བསུ་སྐབས། །བཤད་སྒྲུབ་བསྟན་པ་རྒྱས་པའི་ཕྱིར། །ཐུགས་བསྐྱེད་སྨོན་ལམ་བཟང་པོ་བཏབ། །བརྒལ་བརྟག་མཛད་འཕྲིན་གཟིགས་རྟོག་གནང་། །བཀྲ་ཤིས་སྤྱན་དབྱེ་ཐུགས་སྨོན་ཆེར། །གནང་སྟེ་བསྟན་པའི་སྒོ་འབྱེད་མཛད། །ཚོགས་ཁང་ཕེབས་ཏེ་དུས་འཁོར་གྱི། །གཞུང་བསྲངས་རབ་གནས་མཛད་སྒོ་བཟུང་། །ཚེས་པ་གསུམ་གྱི་ཞོགས་པ་རུ། །སྐྱབས་མགོན་བསྐལ་བཟང་བློ་གྲོས་དང་། །ཤར་རྫའི་རྒྱལ་ཚབ་རིན་པོ་ཆེ། །རྗེ་བཙུན་ནམ་མཁའ་ལ་སོགས་ཀྱིས། །བཀྲ་ཤིས་རྟེན་འབྲེལ་ཐུགས་སྨོན་མཛད། །སྤྱི་ཟླ་བཅུ་བའི་ཚེས་ལྔའི་ཉིན། །བྱ་བཏང་ཚེ་དབང་འགྱུར་མེད་ཀྱི། ། གདན་ས་བྱ་བཏང་རི་ཁྲོད་ན། །གྲུབ་ཆེན་ནམ་མཁའ་རྒྱལ་མཚན་གྱིས། །བདག་གིར་བཞེས་པའི་སློབ་གླིང་དུ། །མཁན་པོ་ཁྲི་གཙུག་རྒྱལ་མཚན་གྱིས། །དགེ་བའི་བཤེས་གཉེན་ཆེན་པོ་སྟེ། །ནམ་མཁའ་ཚུལ་ཁྲིམས་གདན་འདྲེན་ཞུས། །དགེ་བཤེས་འཆི་མེད་རྣམ་རྒྱལ་དང་། །ལྕང་ལུང་ཚེ་དབང་འགྱུར་མེད་གཙོས། །དེ་ཀའི་སློབ་གྲྭའི་བཀོད་སྒྲིག་འོག །བྱ་བཏང་རི་ཁྲོད་བསུ་མར་བྱས། །མཁན་སྤྲུལ་དགེ་བའི་བཤེས་གཉེན་དང་། །བསླབ་གསུམ་ངུར་མིག་འཛིན་པའི་སྡེ། །བཙུན་མའི་ཚོགས་ཀྱིས་རྒན་གཞོན་ལྟར། །རྔ་གཤང་དུང་གླིང་སྒྲ་བཏང་སྟེ། །གཤེན་རབ་མཆོད་རྡུང་སེར་ཕྲེང་བཤར། །ཁྲིམས་བདག་དགེ་བསྐོས་ལས་སྣེ་གཙོས། །གདུགས་དང་སྤོས་ཀྱིས་སྤྱན་དྲངས་ཏེ། །རྗེ་བཙུན་ཁྲི་ལ་མངའ་རུ་གསོལ། །སྨྲ་སེང་དབང་ལུང་རྗེས་གནང་བཅས། །སྦྱོར་དངོས་རྗེས་གསུམ་མཇུག་བསྡུས་ཏེ། །གདུལ་བྱའི་རེ་འདོད་ཚིམས་པར་བྱས། །ཕྱི་དྲོར་རྒྱ་ཞིག་དགོན་གླིང་གི། །སློབ་བུ་གདོང་བཙུན་རྒྱ་ཐར་དང་། དྲི་མེད་འོད་ཟེར་རྣམ་གཉིས་ཀྱིས། །རེ་ཞུ་ལྟར་དུ་སྐུ་འཁོར་བཅས། །ཞང་བོད་ནང་བསྟན་སློབ་གླིང་དུ། །ཕེབས་བཞུགས་ཁྲི་གསོལ་ལེགས་མཛད་དེ། །སྨྲ་སེང་ཀུན་སྐྱོབས་མཐུ་ལྡན་སོགས། །བཀའ་གནང་ཐུགས་སྨོན་རྒྱ་ཆེར་བཏབ། །

  རྗེ་བཙུན་དགུང་ལོ་གྱ་བདུན་དུས། །གོང་རྒྱལ་དགོན་དང་ཡེ་ཤེས་དགོན། །དངུལ་རྫ་དགོན་དང་འདུ་ར་དགོན། །ལ་སོགས་བཙུན་པས་གཙང་སྡོམ་ཞུས། །དགུང་ལོ་གྱ་བརྒྱད་ཉིས་སྟོང་ལོའི། །བོད་ཟླ་བཞི་བའི་ཚེས་གཅིག་ཉིན། །རྗེ་བཙུན་མཆོག་གི་སྐུ་མདུན་ནས། །དགེ་བཤེས་གཡུང་དྲུང་ཉི་མ་སོགས། །སློབ་བུ་འགའ་ཡིས་རེ་ཞུ་ལྟར། །སྙན་རྒྱུད་འཕོ་བ་འཇའ་གུར་མའི། །ལག་ལེན་ཆོ་ག་འཕྲིན་ལས་སོགས། །གོ་རིམ་མ་འཁྲུགས་དམིགས་ཁྲིད་དང་། །བར་དོའི་ངོ་སྤྲོད་ཁྱད་པར་ཅན། །འཕོ་བའི་དམིགས་པ་འཕེན་སྟངས་སོགས། །ཁྲིད་ལུང་རྒྱས་བཤད་རབ་གནང་སྟེ། །ཁ་དགེ་སྨོན་པས་བསྐངས་པར་བྱས། །ཟླ་དགུའི་ཉི་ཤུ་དྲུག་གི་ཉིན། །ཁོང་གི་དངོས་སློབ་པཎྚི་ཏ། །ལྕེ་བཙུན་སེང་གེ་དབང་ཕྱུག་གི། །ཡང་སྲིད་རིག་འཛིན་ཉི་མ་དང་། །རྒྱ་ནག་སློབ་མ་འཁོར་བཅས་ཀྱིས། །ཁོང་ནས་ཕྱག་དབང་ཕྱག་མདུད་བླངས། །དགེ་སློབ་ཐུགས་འདྲེས་ཞལ་བརྡ་མཛད། །ཉིས་སྟོང་བཅུ་བདུན་ཟླ་ཚེས་ཉིན། །རྒྱལ་གཤེན་བསྟན་པ་གཡུང་དྲུང་བོན། །མཉམ་འབྲེལ་ལྷན་ཚོགས་འཚོགས་པའི་སྐབས། །གཟུར་གནས་མཁས་པའི་མགྲིན་གཅིག་གིས། །མདོ་སྨད་སྨྲ་བའི་སེང་ཆེན་ཞེས། །རྗེ་བཙུན་ནམ་མཁའ་ཚུལ་ཁྲིམས་མཆོག །སྐུ་དྲིན་ལེགས་མཚོན་གཟེངས་རྟགས་དང་། །དད་གསུམ་ཤིས་སྨོན་ལེགས་པར་བཀྱགས། ། ལུགས་གཉིས་གསུང་གླེང་མང་དུ་གནང་། །བྱིན་རྟེན་སྨྲ་སེང་རིལ་བུ་དང་། །བྱིན་མདུད་དབུ་སྐྲ་བཞེས་ཕོར་གནང་། །ལོ་དེའི་ཟླ་བརྒྱད་ཚེས་དྲུག་ཉིན། །རྗེ་བཙུན་ནམ་མཁའ་ཚུལ་ཁྲིམས་མཆོག །དགུང་ལོ་དགུ་བཅུ་འཁྲུངས་སྐར་སྟེང་། །སློབ་ཟུར་ལུང་རྟོགས་རྒྱ་མཚོ་དང་། །བསྟན་སྨོན་ཚེ་བརྟན་བསོད་རྒྱལ་རྣམས། །དགེ་སློབ་ལྷན་འཛོམས་འཁྲུངས་སྐར་བསུས། །སྨན་རིའི་ཁྲི་འཛིན་སོ་བཞི་བ། །ལུང་རྟོགས་ཟླ་བ་དར་རྒྱས་ཀྱིས། །ཕྱག་སོར་པད་འདབ་རབ་བཀྲོལ་ཏེ། །ཤིས་བརྗོད་ཞབས་བརྟན་གསོལ་འདེབས་ཕུལ། །སྨན་རིའི་བླ་མིང་རིན་བློ་དང་། །མདོ་དབུས་ཁམས་གསུམ་བླ་སློབ་ཀྱིས། །ཤིས་ཚིག་མེ་ཏོག་ཕྲེང་བ་ཕུལ། །

  རྗེ་བཙུན་དགུང་ལོ་དགུ་བཅུ་སྟེ། །ཉིས་སྟོང་བཅོ་བརྒྱད་ཟླ༧ཚེས༡༥ཉིན། །བོན་བརྒྱ་དགེ་ལེགས་ལྷུན་འགྲུབ་ཚང་། །དགོངས་པ་གཤེགས་པའི་གནས་ཚུལ་ཐོས། །རྗེ་བཙུན་ནམ་མཁའ་ཚུལ་ཁྲིམས་མཆོག །ཚ་བུ་བསྟན་འཛིན་སྨོན་ལམ་དང་། །བསོད་རྒྱལ་ཚེ་བསོད་རྗེས་འབྲངས་ཏེ། །བོན་བརྒྱ་དགོན་དུ་མྱ་ངན་ཕེབས། །ནང་ཆེན་ཁག་གི་ལས་སྣེ་དང་། །རེབ་གོང་བོན་མང་ཁ་འཕྲོ་བས། །སྣེ་ལེན་འཚམས་འདྲི་གང་ལེགས་བསྒྲུབས། །ལྷག་པར་མཆོག་སྤྲུལ་གཡུང་དབང་གིས། །ནང་ཆེན་ཚབ་བྱས་བསྔོ་རྟེན་ཕུལ། །སྐུ་གདུང་མདུན་ནས་ཐུགས་སྨོན་ལྟར། །གདུང་མཆོད་སྨོན་ལམ་རྒྱ་ཆེན་བཏབ། །ཉིས་སྟོང་བཅོ་བརྒྱད་ཟླ་དགུ་པའི། །ཚེས་པ་བཅུ་དགུའི་སྔ་དྲོའི་ཉིན། །མདོ་སྨད་རྔ་ཡུལ་སྣང་དགོན་དུ། །བཤད་སྒྲུབ་འཆད་ཉན་དབུ་བརྙེས་ནས། །མི་ལོ་བརྒྱ་ཕྲག་འཁོར་བ་ཡི། །མཛད་སྒོ་ཆེན་མོ་འཚོགས་སྐབས་སུ། ། སྣང་ཞིག་བཤད་སྒྲུབ་སློབ་གླིང་དུ། །རིས་སུ་མ་ཆད་དགོན་སྡེ་ཡི། །གྲྭ་བཙུན་རིག་པ་སྨྲ་བ་རྣམས། །རིག་གཞུང་རྩོད་པའི་འབྲུག་སྟོང་ལྡིར། །ཁོང་གིས་གཟིགས་ནས་དགྱེས་འཛུམ་བྱུང་། །ཉིན་བཞིན་ས་གནས་སོ་སོ་ཡི། །བཤད་སྒྲུབ་འདུས་སྡེའི་དགེ་སློབ་དང་། །མཉམ་འབྲེལ་ལྷན་ཚོགས་ཚོགས་གཙོ་སྟེ། །ཤེས་རབ་བསྟན་པའི་ཟླ་བ་དང་། །སྐྱང་སྤྲུལ་དྲི་མེད་རིན་བློ་ཟུང་། །སེང་སྤྲུལ་རིག་དབང་ལི་ཤུ་ཚང་། །མཆོག་སྤྲུལ་འཆི་གཡུང་ཤེས་དབང་མཚན། །ཁྱུང་པོ་གཡུང་ཚུལ་སྙན་བཟང་གི། །བསོད་གཡུང་ལ་སོགས་དགེ་བཤེས་རྣམས། །ཆུ་བོ་རྒྱུན་བཞིན་མཇལ་ཁ་བླངས། །བླ་སློབ་ལྷན་འཛོམས་དགའ་སྤྲོ་སྐྱེས། །སྐུ་ཁམས་དྭངས་ནས་བདེ་བར་བཞུགས། །མཉམ་འབྲེལ་ལྷན་ཚོགས་ཐུགས་མོས་ལྟར། །སྣང་དགོན་ཤེས་བྱའི་སློབ་ཁང་སྟེ། །གསོ་སྐྱོང་གླིང་གི་མདུན་ཕྱོགས་སུ། །ཁྲི་རྒྱབ་གདུགས་སྐོར་མདུན་བསུས་བྱས། །དད་ལྡན་སྐྱེ་འགྲོ་མ་ལུས་པར། །སྐུ་གསུམ་སྙིང་པོ་ས་ལེ་འོད། །བཟླས་ལུང་འབྲི་དོན་ཕྲ་ཞིབ་གསུངས། །ཚེ་རབས་ཀུན་ཏུ་མི་འབྲལ་བར། །སེམས་ལ་དག་སྣང་ཟབ་མོ་ཐེབས། །བརྟན་བཞུགས་གསོལ་འདེབས་བླ་མེད་གནང་། །རྗེ་བཙུན་ནམ་མཁའ་ཚུལ་ཁྲིམས་མཆོག །བསྟན་དང་འགྲོ་བའི་དོན་བྱོན་ནས། །མི་ལོ་དགུ་བཅུ་དགྱེས་སྟོན་དུས། །ཚོགས་བསགས་མང་འགྱེད་ཐུགས་ལ་དགོངས། །སྐྱབས་མགོན་སྨྲ་བའི་ཐུགས་བཀོད་ལྟར། །རྟག་དང་རྟེན་འབྲེལ་རབ་འགྲིགས་ཏེ། །བླ་སྤྲུལ་དགེ་བའི་བཤེས་གཉེན་གྱིས། །རྨད་གོས་གསོལ་ཏེ་སེར་ཕྲེང་བསྟར། །རྒྱ་གླིང་དུང་གིས་མདུན་ནས་བསུས། །སྐྱབས་མགོན་གཙོ་བྱས་ནང་ཆེན་དྲུག །དགེ་བཤེས་ཁྲི་ཟུར་མཁན་པོ་དང་། །དགེ་སློབ་སྟོང་ལ་ཉེ་བ་ཡིས། ། ཁོང་ལ་བརྟན་བཞུགས་ཆོ་ག་གསུངས། །མཎྜལ་སྐུ་གསུང་ཐུགས་རྟེན་སོགས། །མཆོད་པ་གྱ་ནོམ་རྒྱ་ཆེན་ཕུལ། །

  ཉིས་སྟོང་བཅུ་དགུ་ཟླ་ཚེས་ཉིན། །དགེ་བའི་བཤེས་གཉེན་རིན་པོ་ཆེས། །གཏད་བཞི་ཕུགས་ནོར་ཡིན་པའི་ཚུལ། །རྫོགས་ཆེན་དབང་བོ་རབ་ལ་མཁོ། །ཀ་དག་རིག་པའི་ཤེས་རབ་དང་། །བོན་ཉིད་གནས་ལུགས་ཇི་ལྟ་བ། །མཁྱེན་པའི་ཀློང་བརྡོལ་ཆུ་བོ་བཞིན། །སྒོམ་བྱུང་སྟོང་ཉིད་སྙིང་རྗེ་གཉིས། ། ཟུང་འཇུག་ལམ་གནད་མངོན་ཚུལ་སོགས། །ཞལ་གདམས་རིན་ཐང་བྲལ་བ་གནང་། །ཆ་ལུགས་ལྔ་ལྡན་ཕྱག་རྒྱ་བཅས། །གདོད་ནས་རང་བྱུང་འོད་གསལ་ངང་། །མ་གཡོས་ཀ་དག་རྒྱལ་སར་གཟུགས། ། ཐུགས་དམ་གཡོ་མེད་ངང་ལ་བཞུགས། །རྗེ་བཙུན་དམ་པ་རིན་པོ་ཆེ། །སྲིད་ཞིའི་འཆིང་བ་ལས་གྲོལ་ཏེ། །བྱར་མེད་རྩོལ་སྒྲུབ་བྲལ་བ་དང་། །ཀ་དག་བོན་སྐུའི་གཏན་སྲིད་ཟིན། །འོད་གསལ་བྱིན་རླབས་མ་ཡལ་བར། །གཙུག་ན་དྲོད་རླངས་བྱིན་རླབས་འཐིབ། །བོན་ཉིད་དབྱིངས་སུ་མྱ་ངན་འདས། །མི་རྟག་དྲན་བསྐུལ་གདམས་པའི་དོན། །གཟུགས་སྐུ་མི་ཡི་ཚུལ་བསྟན་ནས། །གདུལ་བྱའི་འཕྲིན་ལས་ཡོངས་རྫོགས་ཏེ། །ས་མོ་ཕག་ལོའི་ཟླ༣ཚེས༡༥ཉིན། །པེ་ཅིང་ཆུ་ཚོད་གསུམ་གྱི་སྟེང་། །དམ་པ་བོན་སྐུར་བསྡུས་ཚུལ་བསྟན། །གྲོལ་ཕུགས་རྨད་བྱུང་མཐུན་སྣང་གྲུབ། །ཉིན་གསུམ་འགོར་བའི་སྐར་བཟང་ལ། །བྱ་འཕུར་ཀུན་བཟང་རྒྱལ་མཚན་དང་། །ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་མཆོག །མཁན་ཟུར་ཤེར་བསམ་བསྟན་སྨོན་དང་། །སློབ་ཟུར་ལུང་རྟོགས་རྒྱ་མཚོ་སོགས། །བླ་སྤྲུལ་དགེ་བའི་བཤེས་གཉེན་གྱིས། །གདུང་མཆོད་གསུངས་ཤིང་ཁྲུས་གསོལ་མཛད། །མཉམ་མེད་བླ་སྒྲུབ་ཚེ་དབང་དང་། །མདོ་སྔགས་ཨ་སྙན་རྫོགས་གསུམ་སོགས། །བླ་སློབ་ཡོངས་ཀྱིས་རྒྱ་ཆེར་གསུངས། །ཉིན་མཚན་མེད་པར་བདུན་ཕྲག་རིང་། །ཕྱོགས་བཅུའི་གདུང་མཇལ་ཆར་བཞིན་འབབ། །གདུང་མཆོད་སྨོན་ལམ་གསོལ་བའང་འདེབས། །རྗེ་བཙུན་ཆེན་པོའི་སྐུ་གདུང་མདུན། །དད་ལྡན་ཁྱིམ་མི་ཉེ་འཁོར་དང་། །རང་གཞན་ཕོ་མོ་བརྒྱ་ཕྲག་གིས། །ཤ་ཆང་དུ་གསུམ་རྐུ་རྫུན་དང་། །སྲོག་གཅོད་རྒྱན་འཇོག་ལ་སོགས་པ། །ལོ་དང་ཟླ་བ་ཁ་ཤས་ལ། །བསྒགས་པའི་སྐྱེ་བོ་བགྲང་ལས་འདས། །དགོན་ཁག་སོ་སོའི་བླ་སྤྲུལ་དང་། །མཁན་པོ་དགེ་བཤེས་བླ་སྤྲུལ་སྡེ། །གསང་སྔགས་རིག་འཛིན་བཙུན་མ་དང་། །གདུང་སེམས་མཉམ་བསྐྱེད་བོད་དང་རྒྱས། །ཕྱག་སྐོར་སྒྲིབ་སྦྱོང་གདུང་མཇལ་ཞུས། །དངོས་འབྱོར་ཡིད་སྤྲུལ་བསམ་མི་ཁྱབ། །

  སྤྱི་ཟླ་ལྔ་བའི་ཚེས་དགུའི་ཉིན། །སྐུ་གདུང་མཆོད་རྟེན་སྟ་གོན་མཛད། །ལུང་རྟོགས་ཡོན་ཏན་མངའ་བདག་རྗེའི། །སྐུ་གདུང་ཞུགས་བཞེན་མཛད་སྒོ་སྤེལ། །ཞོགས་པའི་ཆུ་ཚོད་བརྒྱད་ཀྱི་སྟེང་། ། སྣང་དགོན་གྲྭ་ཚང་འདུལ་བའི་སྡེ། །སེར་ཕྲེང་བྱས་ཏེ་སྤོས་སྣ་དྲངས། །གང་གི་སྐུ་གདུང་རིན་པོ་ཆེ། ། དགེ་སློང་བཞི་ཡིས་ཡར་བཏེགས་ཏེ། །གསོལ་འདེབས་གསུང་བཞིན་གདན་འདྲེན་ཞུས། །ནང་ཆེན་ཆེ་དྲུག་གཙོ་མཛད་ནས། །གཡུང་དྲུང་ཀློང་རྒྱས་སྦྱིན་སྲེག་གསུངས། །སྣང་སྟོན་བློ་གྲོས་ཐོགས་མེད་ཀྱིས། ། གདུང་སྲེག་ཞུགས་མཆོད་སྤར་བ་དང་། །རྩེ་ཞིག་ཚང་དང་སེང་སྤྲུལ་ཚང་། །རིག་དབང་སོགས་ཀྱིས་ཕྱོགས་བཞི་ནས། །མེ་མཆོད་ཕུལ་ཏེ་ལྷ་ཕྱག་འཚལ། །གྲྭ་ཚང་འདུས་པ་རྒྱ་མཚོ་ཡིས། །གསོལ་འདེབས་བསྔོ་སྨོན་གསུང་བཞིན་ཕེབས། །དད་ལྡན་སྐྱེ་འགྲོ་ཕོ་མོ་ཡིས། །ལྷ་ཕྱག་འཚལ་བཞིན་གསོལ་འདེབས་བྱས། །མདུན་གྱི་ནམ་མཁའ་ཡངས་པའི་ངོགས། །རྒོད་དང་བྱ་རིགས་འཕུར་ལྡིང་རྩེན། །འོད་ཀྱི་ཁ་དོག་གྱེན་དུ་བསྒྲེངས། །སྤྲིན་དཀར་རི་མོ་སྣ་ཚོགས་དོད། །འཇའ་ཚོན་ཐིག་ལེ་མང་པོ་མཐོང་། །གཟུགས་སྐུ་བཀོད་པ་ཡོངས་སུ་བསྡུས། །གངས་ཅན་བསྟན་འགྲོའི་དད་རྟེན་དུ། །ལེགས་པར་བཞེངས་པའི་སྐུ་གདུང་མཆོག །རིན་ཆེན་ལས་གྲུབ་ངོ་མཚར་ཆེ། །གང་གི་ལོ་རྒྱུས་མཛད་འཕྲིན་འདི། །གུས་ལྡན་སློབ་བུས་དྲིན་བཟོ་ཕྱིར། །བསྟོད་རྩོམ་སྒྲོ་བཏགས་མ་ཡིན་པར། །ཕྱག་སོར་སྨྱུ་གུའི་འགྲོས་དང་བསྟུན། །མེ་ཏོག་ཕོག་པའི་ལྷ་སྐལ་བཞིན། །ཕྱི་རབས་གདུལ་བྱའི་སྤྱན་ལམ་དུ། །དད་པའི་གསོས་སུ་བཏེགས་པ་དགེ། །

  ཞེས་རྗེ་བཙུན་ནམ་མཁའ་ཚུལ་ཁྲིམས་མཆོག་གི་ལོ་རྒྱུས་ཚིགས་སུ་བཅད་པ་འདབ་སྟོང་པད་མོ་འབྱེད་པའི་རྟ་བདུན་ཞེས་བྱ་བ་ཀུན་ལྡན་ཞེས་པ་ལྕགས་མོ་བྱི་བའི་ལོར་རྩོམ་འབྲིའི་འགོ་བཟུང་སྟེ་སྟོང་ལོ་ཉེར་གཅིག་པའི་དགུན་ཟླ་ར་བའི་ཚེས་ཉེར་གསུམ་ཉིན་མཇུག་ལེགས་པར་གྲུབ་པའོ། །

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།