རྒྱལ་བ་གཉིས་པ་མཆོག་ལ་གསང་གསུམ་རྣམ་ཐར་གྱི་སྒོ་ནས་བསྟོད་པ་ཚིགས་སུ་བཅད་པ་བློ་གསལ་དགའ་བའི་མགྲིན་རྒྱན།

[ཟླ་ཚེས། 2022-03-07 09:41:09][རྩོམ་པ་པོ། ཤེས་རབ་རྩལ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]


རྒྱལ་བ་གཉིས་པ་མཆོག་ལ་གསང་གསུམ་རྣམ་ཐར་གྱི་སྒོ་ནས་བསྟོད་པ་ཚིགས་སུ་བཅད་པ་ཤོ་ལོ་ཀ་བརྒྱ་དང་དགུ་བཅུ་གོ་བརྒྱད་པ་བློ་གསལ་དགའ་བའི་མགྲིན་རྒྱན། 

     ན་མོ་ཅི་པར་སད་གྱེར་ས་ཏྲིག་ཝེར་ཞི་པ་ཏ་ཡ།

༡ ཤེས༵་བྱའི་མཁའ་ལ་བདེན་གཉི༵ས་བོན་ཀུན་མ་འདྲེས་སོ་སོར་བཀྲ་ལ་གསལ། །རབ༵་འབྱམས་གྲགས་པས་ས་གསུ༵མ་སྐྱོང་ལ་བསྟན་པའི་འཁོར་ལོ་མ་ལུས་འགེངས། །རྒྱལ༵་བ་གཉིས་པའི་སྐུ་བཞི༵འི་ཅོད་པན་མཁས་གྲུབ་གཙུག་གི་རྒྱན་གྱུར་པ། །མཚ༵ན་ལྡན་བླ་མ་སྐུ་ལྔའི༵་ངོ་བོའི་ཞབས་པད་འདོད་དོ་དགེ་ལེགས་རྩོལ། །

༢ ཚོགས་གཉི༵ས་རྒྱ་མཚོའི་ཀློང་ནས་ལེགས་འཁྲུངས་ཤིང་། །སྐུ་གཉི༵ས་རི་རབ་བང་རིམ་མངོན་པར་མཐོ། །མཁྱེན་གཉི༵ས་ཡེ་ཤེས་ཉི་ཟླའི་རྣ་ཆས་ཅན། །རྐང་གཉི༵ས་གཙུག་རྒྱན་མཉམ་མེད་བླ་མར་འདུད། །

༣ མཚན་སྙན་བ་དན་དཀར་པོའི་རླབས། །སྲིད་པ་གསུམ་ན་གཡོ་བ་ཅན། །རྒྱལ་བ་གཉིས་པ་མཉམ་མེད་པ། །ཀུན་མཁྱེན་ཤེས་རབ་རྒྱལ་མཚན་ཞེས། །

༤ ལུང་རིག་གདོང་ལྔའི་ངར་དབྱངས་ཀྱིས། །ཕས་རྒོལ་ལོགས་ལྟའི་ཀླད་འགེམས་པ། །མཁས་གྲུབ་སྨྲ་བའི་སེང་གེ་རྗེའི། །ཞབས་པད་སྐྱེ་དགུའི་གཙུག་ན་མཛེས། །

༥ འཛམ་གླིང་མཁས་གྲུབ་མ་ལུས་པའི། །གོང་དུ་བཀུར་བའི་གཙུག་རྒྱན་གྱི། །ནོར་བུའི་ཏོག་ལྟར་མངོན་མཐོ་བ། །མཉམ་མེད་བླ་མ་མཁས་པའི་རྒྱན། །

༦ ཁྱེད་ནི་བགྲང་ཡས་བསྐལ་པའི་གོང་། །སྟོབས་བཅུའི་ཁྲི་ལ་མངའ་མཛད་ཀྱང་། །ས་བཅུའི་ཚུལ་འཛིན་རྒྱལ་བའི་སྲས། །ཀུན་གཟིགས་མཁྱེན་གཏེར་དབང་པོ་རྒྱལ། །

༧ ཁྱེད་ལ་འཛམ་གླིང་མཁས་ཀུན་གྱིས། །གཙུག་གི་རྒྱན་དུ་བཀུར་གྱུར་ན། །བསྔགས་བརྗོད་གཡས་འཁྱིལ་དུང་གི་སྒྲ། །ཕྱོགས་བཅུར་གང་སར་སྒྲོགས་པ་ཐོས། །

༨ ཉིད་སྐུའི་ཡོན་ཏན་རྒྱ་མཚོའི་དཔོག །ཡོངས་སུ་གཞལ་བར་མ་ནུས་ཀྱང་། །དད་པའི་སོར་མོས་བསྐུལ་བ་ལས། །བསྟོད་ཚིག་བདུད་རྩིའི་ཟེར་འདི་འབུལ། །

༩ ཚོགས་གཉིས་སྐྱ་རེངས་གསར་པ་ཡིས། །ལེགས་དྲང་སྐུ་གཉིས་ཉི་ཟླའི་དཔལ། །ཚད་མེད་བཞི་ཡི་འོད་མདང་ཅན། །འཇིག་རྟེན་སྲིད་པའི་རྒྱན་དུ་ཤར། །

༡༠ སྐུ་གསུམ་རྫོགས་པའི་སང༵ས་རྒྱ༵ས་དངོས། །དུས་གསུམ་བདེ༵་གཤེག༵ས་ངོ་བོ་ཉིད། །གསང་གསུམ་ཡི༵་དམ༵་རྒྱ་མཚོའི་བདག །རྒྱུད་གསུམ་དཔོན་གསས་རིག༵་འཛི༵ན་གཙོ། །

༡༡ བོན༵་སྐུ༵་མ་གཡོས་བདེ་བའི་ངང་། །ལོངས་སྤྱོད་རྫོག༵ས་སྐུ༵འི་རྟ་བདུན་དབང་། །ཅི་ཡང་སྤྲུལ༵་སྐུ༵འི་ཟེར་འབུམ་གྱིས། །འཁོར་དང་མྱང་འདས་གསལ་བར་བྱས། །

༡༢ སང༵ས་པོ༵་ཕྱྭ་སྲས༵་ཡིད་འོང་རྒྱལ། །བྱེ༵་བྲག༵་དངོ༵ས་མེ༵ད་ལྷ༵་རྒོ༵ད་ཐོག །ངོ་བོ་དབྱེར་མེད་ཆུ་ཟླ་བཞིན། །ཡོངས་སུ་མངའ་བ་སྨྲ༵་བའི༵་སེང༵་། །

༡༣ ཞི༵་ཁྲོ༵་ཕུ༵ར་དང་དབ༵ལ་མེ༵་སྟ༵ག །ཕྱི་ནང་གསང་བ་ཡང་གསང་གི །གསང་རིགས་གཟུང་སྔགས་ཀུན་གྱི་བདག །མ་ལུས་ཡི་དམ་འདུས་པའི་ཞལ། །

༡༤ བསྟན་པ་གསལ་བར་མཛད་ཕྱིར་དུ། །གཉིས་སྣང་སྤྲུལ་པ་གང་མཛད་ཀྱང་། །ངོ་བོ་ཡོངས་སུ་མ་འགྱུར་བ། །གཅིག་སྡུད་ཉིད་ཀྱི་མཛད་པ་ལགས། །

༡༥ སངས་རྒྱས་ཀུན་གྱི་ངོ་བོ་ཉིད། །སྟོན༵་མཆོ༵ག་བསྟན་པའི་བདག་ཉིད་ཀྱིས། །སྤྲུལ༵་སྐུ༵་བྱེ་བ་ཕྲག་བརྒྱའི་གཙོ། །སྙིགས་དུས་སངས་རྒྱས་གཉིས་པ་མཆོག །

༡༦ དག་པའི་ཞིང་མཆོག་འོལ་གླིང་དུ། །སྟོན་མཆོག་བརྒྱ་བའི་མགོན་པོའི་དྲུང་། །རྣམ་བཞིའི་ཁྲིམས་ཀྱི་མཁན་པོ་མཆོག །གཡུ༵ང་དྲུང༵་གཙུ༵ག་གཤེ༵ན་རྒྱལ༵་བ༵་ཞེས། །

༡༧ རྒྱལ་མཁར་བ་ཆོད་གནས་མཆོག་ན། །ཡི་དམ་ལྷ་དང་དབྱེར་མེད་པའི། །རྫུ་འཕྲུལ་ཐོག་མེད་མངའ་བའི་གཤེན། །རྒྱལ༵་གཤེ༵ན་མི༵་ལུས༵་བས༵མ་ལེག༵ས་ཞེས། །

༡༨ ཆུ་མིག་བརྒྱད་ཅུ་རྩ་གཉིས་མགོར། །གཤེན་ལྷའི་ཞལ་མཇལ་ལུང་བསྟན་ཐོབ། །གང་ལ་ཐོག་པ་མེད་པའི་གཤེན། །ཀླུ༵་དབ༵ང་ཡེ༵་ཤེས༵་སྙིང༵་པོ༵་ཞེས། །

༡༩ རི་རྒྱལ་དབེན་པའི་གསང་ཕུག་ཏུ། །ཤེས་རབ་ལྷ་བདུན་མངོན་མཇལ་བ། །མུ་སྟེགས་གདུལ་བྱེད་ཞང་ཞུང་གཤེན། །ནམ༵་མཁ༵འ་སྣང༵་བ༵་མདོ༵ག་ཅན༵་ཞེས། །

༢༠ སུམ་པ་རྟགས་གཟིགས་སྔགས་གླིང་དུ། །སུམ་ལྡན་རིག་འཛིན་གྲུབ་ཐོབ་ཚུལ། །མདོ་བསྔགས་བསྟན་པ་གསལ་བྱེད་པ། །ལི༵་མུར༵་གཙུ༵ག་ཕུད༵་ཅེས་ཀྱང་བྱ། །

༢༡ དྭང་ར་གཡུ་བུན་གནས་མཆོག་ཏུ། །འཇིགས་པ་བརྒྱད་ལས་གྲོལ་བའི་སྐུ། །འབྱུང་ལྔ་དབང་བསྒྱུར་གྲུབ་པའི་གཤེན། །སད༵་ནེ༵་གའུ༵་ཞེས་སུ་གྲགས། །

༢༢ རྒྱ་གར་བྱང་ཕྱོགས་བྲུ་ཤའི་ཡུལ། །བླ་མེད་དོན་རྟོགས་མཆོག་གི་གཤེན། །སྦས་པའི་ཚུལ་ཞུགས་རྣལ་འབྱོར་ཆས། །གྲུབ་གཉེན་གར༵་བ༵་པྲ༵་ཏི༵་ཞེས། །

༢༣ རྒྱ་ནག་གང་བུ་དམར་རུ་ཡི། །རྫུ་འཕྲུལ་ཐོག་མེད་མངའ་བ་དང་། །མ་རུང་ལོགས་འདྲེན་འདུལ་བའི་གཤེན། །རྒྱ་བོན་ཟིང༵་པ༵་མཐུ༵་ཆེན༵་ཞེས། །

༢༤ ཕྲོམ་གྱི་ཡུལ་དུ་མཁས་པའི་དབང་། །སྡེ་སྣོད་གཞུང་བརྒྱ་མཁྱེན་པ་དང་། །སུམ་ལྡན་རིག་པ་འཛིན་པའི་གཤེན། །མཁས་པ་གསེ༵ར་ཐོག༵་ལྕེ༵་འབྱམ༵ས་ཞེས། །

༢༥ གེ་སར་ཡུལ་དུ་གྲུབ་པའི་དཔལ། །སྔགས་རྫོགས་བསྟན་པ་འཛིན་པའི་སྡེ། །རིག་འཛིན་ལོ་པཎ་གཤེན་གྱི་གཙོ། །གཤེན་བོན་རྔམ༵་པ༵་ལྕེ༵་རིང༵་ཞེས། །

༢༦ འཛམ་གླིང་མཁས་པའི་རྒྱན་དྲུག་མདུན། །བློ་གྲོས་རྩལ་རྫོགས་ཞང་ཞུང་གཤེན། །མཁས་པ་སྟོང༵་རྒྱུང༵་མཐུ༵་ཆེན༵་ཞེས། །སངས་རྒྱས་བསྟན་པའི་རྒྱན་དུ་ཆེ། །

༢༧ ཞང་ཞུང་ཁྱུང་ལུང་དངུལ་མཁར་རུ། །དམུ་རིགས་འཕྲུལ་གྱི་རྒྱལ་པོའི་གདུང་། །གཤེན་རབ་ཐུགས་ཀྱི་གཉེར་དཔོན་མཆོག །བླ་ཆེན་དྲན༵་པ༵་ནམ༵་མཁ༵འ་ཞེས། །

༢༨ མདོ་སྨད་རྨ་རི་དེལ་གསུམ་དུ། །དྲང་སྲོང་མུ་ཟི་གསལ་བཟང་དྲུང་། །འདུལ་བའི་ས་བོན་འཛིན་པའི་གཤེན། །སོག་སྟོན་ཁྲི༵་འབ༵ར་ཚུལ༵་ཁྲིམ༵ས་མཚན། །

༢༩ ཁྱད་པར་གཏེར་སྟོན་བརྒྱ་རྩའི་གཙོ། །དམུ་རིགས་གཤེན་གྱི་གདུང་འཛིན་པ། །སྤྲུལ་པའི་སྐུ་མཆོག་གཤེ༵ན་ཀླུ༵་དག༵འ། །ཕྱི་དར་བསྟན་པའི་དབུ་འཛུགས་མཆོག །

༣༠ ཡར་འབྲོག་སྟག་ལུང་དར་མ་རིར། །བཀའ་ལུང་སྡེ་སྣོད་གསུམ་གྱི་དོན། །རབ་ཏུ་གསལ་བར་བྱེད་པའི་གཤེན། །མེ་སྟོན་ཤེས༵་རབ༵་འོད༵་ཟེར༵་ཞེས། །

༣༡ དབུས་རི་ནག་པོའི་དགོན་པ་རུ། །སྣང་སེམས་བོན་སྐུར་འཆར་བའི་གཤེན། །རྒྱལ་བ་བྲུ་ཡི་རྒྱལ་ཐེབས་མཆོག །གཡོར་མེ་གྲག༵ས་པའི༵་་དཔ༵ལ་ཞེས་བྱ། །

༣༢ གཡས་རུ་བཀྲ་ཤིས་བདེ་སྒང་དུ། །ཤེས་རབ་ཆེན་པོ་གསུམ་གྱི་སྟོབས། །རབ་ཏུ་རྒྱས་པའི་གཤེན་སྟོན་པ། །འ་ཞ་བློ༵་གྲོས༵་རྒྱལ༵་མཚ༵ན་ཞེས། །

༣༣ སྣང་སྲིད་ས་ལེར་གཟིགས་པ་དང་། །ཐུགས་རྗེ་འཕྲིན་ལས་རྣམ་བཞི་ཡིས། །ཕྱོགས་མེད་གདུལ་བྱའི་དོན་མཛད་པ། །བྲུ་སྟོན་བསོ༵ད་ནམ༵ས་རྒྱལ༵་མཚ༵ན་ཞེས། །

༣༤ དེ་ཉིད་བསྟན་དང་འགྲོ་བའི་དོན། །གདུལ་བྱ་གང་ལ་གང་འདུལ་གྱི། །ཐུགས་རྗེ་དེ་ལ་དེར་སྟོན་པ། །མཁས་བཙུན་བཟང་པོས་ཟློས་གར་སྒྱུར། །

༣༥ དུས་གསུམ་སྟོན་པས་གཟིགས་པའི་གནས། །ཚངས་རྒྱུང་དབུ་མའི་ཞིག་གི་དཀྱིལ། །ཡུལ་མཆོག་འཛམ་བུ་གླིང་གི་དབུས། །གཟིག་ལྔ་དགོངས་ཚད་ཐུགས་ལ་བཀྲམ། །

༣༦ མདོ་སྨད་ཤར་ཁོག་རྒྱལ་མོ་རོང་། །དགེ་བཅུ་ཚང་བའི་ས་ཡི་གནས། །མེ་སྤྲེལ་དཔྱིད་རའི་ཚེས་ལྔ་ཉིན། །སྐུ་མཚན་མེ་ཏོག་མངོན་པར་བཞེད། །

༣༧ ལས་ལྡན་ཀུན་གྱི་མཐོང་བའི་ངོར། །མཁའ་ལ་ཉི་ཟླ་སྐར་གསུམ་དང་། །མེ་ཏོག་ཆར་དང་འཇའ་ཚོན་སོགས། །མཇལ་བས་ངོ་མཚར་ཆེ་བ་གླེང་། །

༣༨ ཆུང་ནས་སྔོན་གྱི་ལས་སད་པས། །དམ་པའི་རང་གཤིས་རྒྱུད་ལས་མངའ། །གསལ་བྱེད་མ་བསླབས་རང་རྡོལ་མཁྱེན། །མཚན་ཡང་གཡུང་དྲུང་རྒྱལ་དུ་བཏགས། །

༣༩ རང་བཞིན་སྐྱེས་སྟོབས་ཤེས་རབ་ནི། །མཁའ་ལ་གོ་བཞིན་ཡོངས་སུ་གནས། །སྦྱངས་སྟོབས་ཤེས་རབ་ཉིན་བྱེད་ཀྱིས། །ཤེས་བྱའི་དཀྱིལ་འཁོར་གསལ་བར་བྱས། །

༤༠ ཡབ་ཀྱི་དྲུང་ནས་བྲི་ཀློག་དང་། །མོ་རྩིས་གཏོ་དང་སྨན་དཔྱད་སོགས། །རྒྱུ་ཡི་བོན་ལ་སྦྱང་མཛད་པ། །ཕྱོགས་ཙམ་གསན་པས་ལེགས་པར་རྟོགས། །

༤༡ སྔོན་གྱི་སངས་རྒྱས་བྱང་སེམས་གྱིས། །འགྲོ་བའི་དོན་དུ་ཐུགས་སྐྱེད་ལྟར། །ཐུགས་སུ་ཕྲེང་པའི་སེམས་བསྐྱེད་དང་། །དམ་པའི་རང་གཤིས་རྒྱུད་ལ་ཕྱུག །

༤༢ སྲིད་པའི་ཕུན་ཚོགས་ཉེས་བརྒྱའི་རྒྱུ། །དུག་དང་མཚོན་གྱི་ངོ་བོ་ཉིད། །ཐུགས་སུ་ཆུད་པའི་ངེས་འབྱུང་ནི། །ཆུ་ལ་གཤེར་བཞིན་རང་ཆས་མངའ། །

༤༣ ངེས་འབྱུང་རྣལ་མ་དེས་བསྐུལ་ནས། །ཕྱྭ་བླ་གཡུང་དྲུང་རྒྱལ་མཚན་དྲུང་། །ཐར་པའི་གཞི་རྟེན་ཚུལ་ཁྲིམས་ཀྱི། །ནོར་བུས་ཐུགས་རྒྱུད་ཡོངས་སུ་གཏམས། །

༤༤ ཚུལ་མཚན་ཤེས༵་རབ༵་རྒྱལ༵་མཚ༵ན་གསོལ། །ཤ་ཆང་སྒོག་ཙོང་ལ་སོགས་སྤང་། །དགེ་སྤྱོད་ཆབ་གཏོར་ཆག་མེད་མཛད། །ཐུགས་རྒྱུད་འཛད་མེད་བོན་གྱིས་བལྟམས། །

༤༥ གཞན་ཡང་བླ་མ་དེ་ཉིད་དང་། །དེ་བཞིན་མདོ་ཁམས་སྨད་ཀྱི་ཕྱོགས། །མཁས་གྲུབ་གཉིས་ལྡན་དུ་མ་ཡི། །ཐུགས་བཅུད་མན་ངག་གདམ་དགུ་མནོས། །

༤༦ བག་ཡོད་ཞི་དུལ་བརྟུལ་ཞུགས་ཀྱི། །ཆ་རྫོགས་ཟླ་བ་གཞོན་ནུ་ལས། །ཡོན་ཏན་འོད་ཟེར་འབུམ་འཕྲོས་པ། །མཁས་གྲུབ་རྒྱུན་སྐར་དབུས་ནས་འཕགས། །

༤༧ རྒྱལ་བསྟན་འཛིན་སྐྱོང་སྤེལ་བ་ནི། །ཐོས་བསམ་སྒོམ་ལ་རག་ལས་ཤིང་། །དེ་ལའང་སྔོན་དུ་ཐོས་དགོས་པར། །གཟིགས་ནས་ལེགས་བཤད་འཚོལ་ལ་རིངས། །

༤༨ མ་མཆོག་སྲིད་རྒྱལ་ལུང་བསྟན་ལྟར། །གྲྭ་སར་འབྱོན་ཁར་ཡབ་ཡུམ་ལ། །ལན་ཅིག་མཇལ་བར་ཞལ་བཞེས་ནས། །དགོངས་པ་ནན་གྱིས་བཀྲོལ་ཏེ་བྱོན། །

༤༩ ལམ་དུ་འབྲི་ཆུ་གསེར་ལྡན་ཁར། །རྗེ་བཙུན་བློ་བཟང་གྲགས་པ་དང་། །བསྟོད་ཚིག་རེ་རེ་ཕན་ཚུན་ཕུལ། །གཅིག་བསྟན་གཅིག་གྲོགས་བྱེད་པར་ཆད། །

༥༠ དེ་ནས་ཚ་བ་སྒང་སྟོད་དུ། །མཁས་གྲུབ་རིན་ཆེན་བློ་གྲོས་མདུན། །ཕྱི་ནང་གསང་བའི་དབང་ལུང་ཁྲིད། །བུམ་པ་གང་བྱོའི་ཚུལ་དུ་ཐོབ། །

༥༡ རྒྱལ་པོ་དག་གི་བང་མཛོད་ལ། །ནོར་གྱི་ངོམ་པ་མེད་པ་བཞིན། །དམ་པའི་རྒྱུད་ལ་ཡོན་ཏན་གྱི། །ངོམ་པ་མེད་པ་དེ་བཞིན་དུ། །

༥༢ དབུས་ཀྱི་གདན་ས་ན་ལེན་ཏྲར། །རོང་སྟོན་ཤེས་བྱ་ཀུན་རིག་མདུན། །ཕར་ཚད་འདུལ་མངོན་དབུ་སོགས་ཀྱི། །གཞུང་ལུགས་ཀུན་ལ་ཐོས་བསམ་སྦྱོང་། །

༥༣ གསང་ཕུ་ལ་སོགས་དབུས་གཙང་གི །རྩོད་གྲྭ་ཀུན་ལ་དམ་བཅའ་མཛད། །སྒྲུབ་དང་སུན་འབྱིན་ཚར་གཅོད་ཀྱིས། །རྒོལ་བའི་ཚོགས་ལས་རྣམ་པར་རྒྱལ། །

༥༤ འདུལ་མངོན་ཕར་ཚད་དབུ་སོགས་ཀྱི། །གཞུང་བརྒྱའི་དཀའ་གནད་མདུད་པའི་རྒྱ། །ཕྲ་ཞིབ་རིགས་པའི་སོར་མོ་ཡིས། །འགྲོལ་ལ་མཁས་བརྒྱའི་གཙུག་ཏུ་འཕགས། །

༥༥ རྣམ་དཔྱོད་སྟོབས་ཀྱིས་རིག་པའི་ལམ། །ཆེས་ཆེར་འབྱེད་ལ་ཟླ་བྲལ་བས། །མཁས་དགུའི་གཙུག་ན་ངལ་གསོ་མཁན། །སྐྱེས་མཆོག་ཁྱོད་ལས་གཞན་ན་སུ། །

༥༦ དགུང་ལོ་སུམ་ཅུ་སོ་གཅིག་སྟེང་། །འཇད་ཀྱི་ཞང་སྟོན་བསོད་རྒྱལ་ལ། །མ་རྒྱུད་བྱམས་མའི་སྐོར་རྣམས་གསན། །བསྒྲུབས་པས་གཙོ་མོའི་ལྷ་ཞལ་གཟིགས། །

༥༧ འདུལ་འཛིན་ཁྲོད་ན་ཉི་མ་བཞིན། །ལྷམ་མེར་འཕགས་པའི་གཡས་རུ་བ། །མཁན་ཆེན་ཚུལ་ཁྲིམས་ཡེ་ཤེས་མདུན། །དྲང་སྲོང་བསྙེན་རྫོགས་སྡོམ་པ་བཞེས། །

༥༨ ཉིས་བརྒྱ་ལྔ་བཅུའི་བསླབ་ཁྲིམས་རྣམས། །མིག་འབྲས་བཞིན་དུ་གཅེས་པར་མཛད། །འདུལ་བའི་རྩ་འགྲེལ་ཆ་ལག་བཅས། །སྦྱངས་ཤིང་བསྟན་ལ་ཕྱི་དོར་མཛད། །

༥༩ རྣམ་སྤྲུལ་འགྲོ་དོན་འབྱོན་རྟགས་དང་། །བསྟན་པའི་ཆེ་བ་སྒྲུབ་ཕྱིར་དུ། །དམུ་གཤེན་ཉི་མ་རྒྱལ་མཚན་དང་། །རྫུ་འཕྲུལ་གྲུབ་རྟགས་འགྲན་ཚུལ་མཛད། །

༦༠ གཉིས་ཀ་ནམ་མཁའི་དབྱིངས་སུ་འཕུར། །ན་བཟའ་ཉི་མའི་ཟེར་ལ་བཀལ། །དབུ་ཞ་ཉི་མས་ཚིག་པ་སོགས། །རྫུ་འཕྲུལ་གྲུབ་རྟགས་བསམ་ལས་འདས། །

༦༡ ན་རིང་མེ་སྟོན་ཀུན་བཟང་མདུན། །དབལ་ཕུར་སྡེ་སྐོར་དོན་གསུམ་སོགས། །གསན་ཏེ་བཀའ་དབང་བསྐུར་བའི་སྐབས། །དབང་རྫས་རྣམས་ལ་མེ་སྟག་འཕྲོས། །

༦༢ མཉམ་མེད་ཆེན་པོའི་ཉམས་སྣང་དུ། །བླ་མ་མེ་སྟོན་ཀུན་བཟང་མཆོག །དབལ་གཤེན་སྟག་ལ་མེ་འབར་དང་། །སྲས་རྣམས་ལྷ་དང་ལྷ་མོར་གཟིགས། །

༦༣ ཁུ་ཚ་མགར་སྟོན་ཡབ་སྲས་ཀྱིས། །བསྟན་འདིའི་བདག་པོ་ཡིན་གསུངས་ནས། །ཕ་ནོར་བུ་ལ་སྤྲོད་བཞིན་ཏུ། །གཏེར་ཕུར་རྣམས་ཀྱང་དབང་རྟགས་གནང་། །

༦༤ དེ་ནས་འདུག་གནས་དབེན་སར་བྱོན། །ལམ་དུ་བཀྲ་ཤིས་རྫོང་ཁ་རུ། །ཕྱག་ནས་གཏོར་ནས་སྨོན་ལམ་མཛད། །གནས་དེ་ཐུགས་རྗེའི་སྐྱབས་འོག་ཚུད། །

༦༥ ཕྱིས་སུ་དམག་མི་སྟོང་ཕྲག་གིས། །རྫོང་དེར་རྒོལ་ཡང་བསྐྱད་མ་ཚུགས། །ཕྱག་ནས་ཕོག་པའི་མི་ཀུན་ལ། །གྲི་མཚོན་སོགས་ཀྱིས་ཚུགས་མ་གྱུར། །

༦༦ དེ་ཚེ་དམག་མི་ཐམས་ཅད་ཀྱིས། །རྗེ་ལ་གུས་འབུལ་སྐྱབས་འཇུག་ཞུས། །དེ་ལྟར་ཐུན་མོང་གྲུབ་པའི་རྟགས། །མང་ཡང་རྒྱས་པར་བརྗོད་མི་ནུས། །

༦༧ དེ་ནས་བཀྲ་ཤིས་ཕྱུག་མོར་བྱོན། །རིག་འཛིན་མཁའ་འགྲོའི་སྒྲུབ་པ་མཛད། །འགྲོ་མགོན་ཚེ་དབང་རིག་འཛིན་གྱི། །ཞལ་གཟིགས་བྱིན་རླབས་དབང་སྐུར་ཐོབ། །

༦༨ དེ་ཕྱིར་གཉན་ས་ལམ་ཁྱེར་དང་། །སྒྲུབ་པས་འགྲོ་དོན་སྐྱོང་བ་ཡིས། །བོད་ཡུལ་ལྷ་སྲིན་སྡེ་བརྒྱད་ཀྱིས། །བསྟན་པ་སྐྱོང་བར་ཁ་ཡིས་བླངས། །

༦༩ སྟོན་པ་བཅོ་བརྒྱད་བྱོན་པའི་གནས། །མདོ་སྔགས་རྫོགས་གསུམ་དར་བའི་ཡུལ། །མཁས་གྲུབ་འབུམ་ཕྲག་འདུས་པའི་ས། །གཡས་རུ་དབེན་ས་ཁ་དེར་བྱོན། །

༧༠ གཡས་རུ་བོན་གྱི་གདན་ས་རུ། །མཁས་གྲུབ་རིན་ཆེན་བློ་གྲོགས་སོགས། །གཡས་རུའི་སྟོན་པའི་ཐུགས་བཅུད་རྣམས། །འཁྲུལ་མེད་གདམས་པའི་མཆོག་ཏུ་ཤར། །

༧༡ དེ་ནས་གཡའ་རུ་དབེན་ས་ཁར། །རྒྱལ་བ་བྲུ་ཡི་སྲོལ་འཛིན་མཁན། །མཁས་གྲུབ་སྟོན་པ་བཅོ་བརྒྱད་པ། །རིན་ཆེན་བློ་གྲོས་ཞབས་གཏུག་ཚེ། །

༧༢ གཉོས་དང་འ་ཞ་དཔལ་ཆེན་སོགས། །མཁས་པའི་དགོངས་དོན་ཇི་ལྟ་བར། །མཚན་ཉིད་སྡེ་ལྔ་སྔགས་སེམས་དང་། །དྲང་དོན་ངེས་དོན་ལ་སོགས་པ། །

༧༣ བོན་སྒོ་ཕྱི་ནང་གསང་གསུམ་གྱི། །མན་ངག་ཟབ་གདམས་གནད་ཀྱི་སྒོའི། །གསང་དོན་ལྡེ་མིག་ཐམས་ཅད་ནི། །མཉམ་མེད་བླ་མའི་ཕྱག་ཏུ་གཏད། །

༧༤ ཀུན་མཁྱེན་མཉམ་མེད་བླ་མ་དེ། །མཁས་པའི་གྲགས་པ་ཆེར་གྱུར་ཚེ། །བྲུ་ཡི་གདུང་འཛིན་རྣམ་གཉིས་ཀྱིས། །དབུ་རྩེ་དཀར་དམར་གདན་ས་ཕུལ། །

༧༥ འཆད་རྩོད་རྩོམ་དང་རྩོད་པ་ཡིས། །གཡུང་དྲུང་བོན་གྱི་བསྟན་པ་དང་། །སྒོས་སུ་རྒྱལ་བ་བྲུ་ལུགས་ཀྱི། །བསྟན་དོན་ཕྲིན་ལས་གཞལ་ཟླ་བྲལ། །

༧༦ སྲོལ་འཛིན་བྲུ་ཡི་རིང་ལུགས་ཀྱི། །རྒྱུད་འཛིན་སྐར་ཚོགས་ཕྲེང་བའི་དབུས། །ཁྱེད་ཉིད་ཁོ་ན་ཐུགས་ཀྱི་སྲས། །སྨྲ་བའི་ཟླ་བ་གཅིག་པུར་དགོངས། །

༧༧ མདོ་སྔགས་རྫོགས་གསུམ་བཅུད་ཕྱུང་བའི། །གདམས་པའི་ཡང་སྙིང་གཅེས་ནོར་ཀུན། །ཕ་ནོར་བུ་ལ་འབོགས་པ་བཞིན། །མཁས་པའི་གཙུག་རྒྱན་ཁྱོད་ལ་གཏད། །

༧༨ དེ་ནས་མཉམ་མེད་བླ་མ་མཆོག །ཡབ་ཡུམ་མཇལ་བའི་ཞལ་བཞེས་དེ། །ཐུགས་ལ་ཕྲེང་བ་དེས་བསྐུལ་ནས། །སློབ་མ་དང་བཅས་སྨད་དུ་ཕེབས། །

༧༩ རྒྱུས་མེད་རྣལ་འབྱོར་ཚུལ་བཟུང་ནས། །ཡབ་ཡུམ་དྲུང་དུ་ཟླ་ཤས་རིང་། །བཞུགས་ནས་ཡབ་ཡུམ་འཁོར་སོགས་ལ། །ཞལ་གདམས་དབང་ལུང་བོན་འཁོར་བསྐོར། །

༨༠ གྲྭ་སར་ཕེབས་སྐབས་ཡབ་ཡུམ་ལ། །ཁྲི་འདི་ཞག་བདུན་མ་གཤེགས་དང་། །རྟེན་འབྲེལ་ཡོད་ཅེས་ཡབ་ཡུམ་ལ། །གསུངས་ནས་སླར་ཡང་གྲྭ་སར་ཕེབས། །

༨༡ ཞག་བདུན་ནང་པར་ཁྲི་བཀྱགས་ཚེ། །དངུལ་སྲང་བརྒྱ་དང་མཛད་འཕྲིན་རྣམས། །ཞིབ་གསལ་བྲིས་པའི་ཕྱག་བྲིས་རྙེད། །ཡབ་ཡུམ་མཉེས་ན་གློ་བ་དགའ། །

༨༢ རྗེ་ཉིད་དར་རྩེ་མདོ་རུ་ཕེབས། །དེ་ཚེར་གཡས་རུ་དབེན་ས་ཁར། །གེགས་དུན་སྦྱོར་བའི་ལོག་སྨོན་གྱིས། །བསྟན་པ་འཇིགས་པའི་ཉམས་རྟགས་ཤར། །

༨༣ རྗེ་ཉིད་ཤིན་ཏུ་ཐུགས་ཆད་ནས། །ཐུགས་ལ་སྟོད་ཕྱོགས་དབུས་གཙང་དུ། །ཕེབས་རྒྱུའི་ཐུགས་འདུན་ཡོངས་དོར་ཏེ། །དར་རྩེའི་ལ་མོ་རྩེ་རུ་བཞུགས། །

༨༤ གནས་དེར་ཀེང་ཙེ་བསྒྲུབས་པའི་ཚེ། །བསྟན་པའི་བདག་པོར་གྱུར་པའི་རྟགས། །ཉི་ཟླ་མིད་པའི་ཉམས་སྣང་དང་། །ལྷ་ཞལ་མངོན་སུམ་ཁུམས་པར་གྲུབ། །

༨༥ དེ་ཕྱིར་མདོ་ཁམས་སྨད་ཀྱི་ཕྱོགས། །བསྟན་དང་འགྲོ་བའི་དོན་ནུས་པའི། །སློབ་མ་རྣམས་ལ་བསྟན་པ་ཡི། །ས་བོན་འདེབས་པའི་གཉེར་གཏད་མཛད། །

༨༦ དེ་ཡི་མཐུ་ལས་བྱུང་བ་ཡིས། །དེང་གི་ཆར་ཡང་མདོ་ཁམས་ཕྱོགས། །མཉམ་མེད་བླ་མའི་རིང་ལུགས་ཀྱི། །སེམས་དཔའ་འདུས་སྡེ་གྲངས་ལས་འདས། །

༨༧ དེ་ནས་རིག་འཛིན་མཁའ་འགྲོ་དང་། །ཁྱད་པར་སྲིད་གསུམ་རྒྱལ་མོ་ཡིས། །ཞལ་གཟིགས་དངོས་སུ་བསྟན་པ་དང་། །ལུང་བསྟན་ཡང་ན་ཡང་བྱུང་ནས། །

༨༨ གཡུང་དྲུང་ཁམས་བརྒྱད་ལ་སོགས་པ། །ཁྱེད་ཀྱི་རྟེན་སྐལ་སྣ་ཚོགས་ཤིག །བོན་སྐྱོང་ཚོགས་ཀྱིས་སྲུང་ནས་ཡོད། །གཙང་དུ་སོང་ལ་བསྟན་པ་ཚུགས། །

༨༩ བསྟན་པའི་བདག་པོ་གྱུར་བ་དང་། །བསྟན་འགྲོར་བདེ་སྐྱིད་འབྱུང་བར་འགྱུར། །དེ་སྐད་ཞལ་གཟིགས་ལུང་བསྟན་ཚེ། །བླ་སློབ་རྣམ་གཉིས་གཙང་དུ་ཕེབས། །

༩༠ དེ་ནས་བླ་སློབ་ཕེབས་པའི་ལམ། །རིག་འཛིན་མཁའ་འགྲོའི་ལུང་བསྟན་དང་། །བོན་སྐྱོང་སྲུང་མའི་སྡོང་གྲོགས་ཀྱིས། །ལམ་དུ་རྟེན་འབྲེལ་ཕུན་སུམ་ཚོགས། །

༩༡ དབེན་ས་ཆགས་པའི་ཤུལ་དེ་རུ། །བསྐང་གསོལ་མཛད་ནས་གཟིགས་རྟོག་ཚེ། །བྲུ་ཤ་ཁྱུང་གི་རྒྱལ་མཚན་གྱི། །ཐུགས་དམ་གསེར་བྲིས་ཁམས་བརྒྱད་དང་། །

༩༢ ལྷ་ཆ་དཔེ་རྟེན་འགའ་ཞིག་དང་། །གསེར་མཆོད་བོང་བུའི་མཁར་གཅིག་ཙམ། །དེ་བཞིན་གཡང་རྟེན་གཡང་རྫས་སོགས། །དཀོར་ཆས་སྣ་ཚོགས་དངོས་གྲུབ་རྙེད། །

༩༣ དེ་ནས་གཡས་རུ་མཁར་སྣར་བྱོན། །སྔགས་སེམས་ཟུང་འཇུག་བསྒྲུབ་པར་མཛད། །མཚན་ཉིད་སྔགས་སེམས་ལ་སོགས་པའི། །དགོངས་འགྲེལ་བཀའ་རྟེན་མང་དུ་མཛད། །

༩༤ བསྟན་པའི་དབུ་འཛུགས་བྱ་བའི་ཕྱིར། །དབུ་སྐྲ་གཏོར་བས་གཡུ་ཤུག་འཁྲུང་། །ཕྱག་གིས་རྡོ་ལ་ཀ་བྲིས་ཤིང་། །མི་འགྱུར་བཀའ་རྟགས་གསལ་བར་བཞག །

༩༥ ཁྱད་པར་བསྟན་འགྲོའི་དོན་ཆེད་དུ། །རིག་འཛིན་མཁའ་འགྲོས་ལུང་བསྟན་ལྟར། །ཐོབ་རྒྱལ་ཕོ་བ་རི་ཡི་མགུལ། །བསྟན་པའི་འདུས་སྡེ་བཏབས་པར་དགོངས། །

༩༦ རིན་སྤུངས་རྒྱལ་རྩེའི་ཆོས་རྒྱལ་སོགས། །རྒྱལ་ཕྲན་དད་སྦྱིན་ཚོགས་རྣམས་ཀྱིས། །ས་ཡི་མིག་གཏེར་ཕུལ་ནས་སུ། །དགེ་སྡོང་བསྐྱེད་པར་ཞལ་གྱིས་བཞེས། །

༩༧ དགུང་ལོ་ལྔ་བཅུ་ཤིང་བྱ་ལོར། །ཁྱུང་ཆེན་ཀླུ་སྟེང་བརྗིད་འདྲ་འམ། །ཡབ་ཡུམ་མཚན་དང་ལྡན་པའི་ས། །ལུང་བསྟན་ཐོབ་བཞིན་གནས་དེར་ཕེབས། །

༩༨ ས་གནས་དེ་ལ་ལོ་གསུམ་གོང་། །དུས་བཟང་རྣམས་ལ་རྟེན་འབྲེལ་རྟགས། །དུང་གླིང་རོལ་མོའི་སྒྲ་གྲགས་པ། །ཡུལ་མིས་ཡང་ཡང་ཐོས་པར་བྱུང་། །

༩༩ མཉམ་མེད་བླ་སློབ་དེར་འབྱོར་ཚེ། །གནས་དེར་བཞུགས་པའི་རྣལ་འབྱོར་གཉིས། །ཡུལ་གཞན་འགྲོ་བའི་གྲབས་བྱེད་པ། །འཕྲད་པ་རྟེན་འབྲེལ་ཆེ་བར་དགོངས། །

༡༠༠ དེ་ཚེ་མཉམ་མེད་ཆེན་པོ་ཡིས། །མཁར་བསིལ་བཙུག་སར་ཆུ་མིག་བརྡོལ། །དད་འཁོར་ངོ་མཚར་དཔག་མེད་སྐྱེས། །ཇ་སྐོལ་བཀྲ་ཤིས་སྨོན་ལམ་མཛད། །

༡༠༡ སྤྱི་ལོ་གཅིག་བཞི་ཐིག་དྲུག་ལོར། །ཡར་ཚེས་ས་གའི་དུས་བཟང་ཉིན། །རིག་འཛིན་མཁའ་འགྲོའི་ལུང་བསྟན་ལྟར། །རྟེན་འབྲེལ་གཟིགས་ནས་ལོ་གང་དེར། །

༡༠༢ རྒྱལ་གཤེན་བསྟན་པ་འཛིན་པའི་ཞིང་། །གཡས་རུའི་འཆད་རྩོད་སྐྱོང་བའི་གནས། །མཁས་གྲུབ་འབུམ་ཕྲག་འབྱུང་བའི་ས། །བཀྲ་ཤིས་སྨན་རིའི་དགོན་སྡེ་བཏབས། །

༡༠༣ རྩ་གསུམ་བོན་སྐྱོང་སྡོང་གྲོགས་ཀྱིས། །བླ་སློབ་ཐོ་ཆེན་གར་འཛུགས་སར། །ཁང་ཚན་བཅུ་གཉིས་གྲྭ་ཤག་གྲངས། །དྲུག་བཅུ་སྐད་གཅིག་ཉིད་དུ་གྲུབ། །

༡༠༤ བསྟན་པ་ཡུན་རིང་དར་རྒྱས་ཕྱིར། །རྩ་གསུམ་རྒྱ་མཚོའི་ལྷ་ཚོགས་ཀྱི། །རྟེན་རྫས་སྒྲུབ་རྫས་ཀུན་བསགས་ཏེ། །བསྟན་འགྲོར་ཕན་པའི་ཐུགས་སྨོན་མཛད། །

༡༠༥ རིག་འཛིན་སྟོང་རྒྱུང་དྲན་པ་ཡིས། །ཕྱི་ནང་གསང་གསུམ་གདམ་པའི་ཐིལ། །འཁྲུལ་མེད་གསལ་བྱེད་རིང་ལུགས་སྤེལ། །ཞེས་གསུངས་དབང་བསྐུར་ལུང་བསྟན་མཛད། །

༡༠༦ ཁྱད་པར་ཁྲོ་ཕུར་གཞུང་བརྒྱ་རེ། །ཐོན་དང་ཕན་ཡོན་དབྱེར་མེད་པའི། །ཁྲོ་ཕུར་བོན་སྐྱོང་གདངས་དབྱངས་རྣམས། །སྙན་དུ་བརྒྱུད་ནས་སྤེལ་ཅིག་གསུངས། །

༡༠༧ མ་མཆོག་སྲིད་པ་རྒྱལ་མོ་ཡིས། །མ་དང་བུ་བཞིན་བརྩེ་གདུང་མཛད། །དགྲ་བདུད་འབྱམས་པ་བེར་ནག་ཅན། །མི་དང་མི་བཞིན་ཡང་ཡང་གཏམ། །

༡༠༨ དེ་བཞིན་བསྟན་སྲུང་རྒྱ་མཚོའི་ཚོགས། །བྲན་གཡོག་ཅི་བཞིན་ལས་ལ་འཁོལ། །འདུས་སྡེ་རྒྱ་མཚོ་སྐྱོང་བའི་ཕྱིར། །གཉེར་བཀོད་ཕྲིན་བཅོལ་དམ་བཅའ་གནང་། །

༡༠༩ གཞན་ཡང་གཡས་རུ་མཁར་སྣ་སོགས། །དབེན་ཁྲོད་རྣམས་སུ་ཉམས་ལེན་དང་། །ཐོས་བསམ་སྒོམ་དང་འཆད་རྩོམ་སོགས། །བསྟན་པའི་བྱ་བ་བར་མེད་མཛད། །

༡༡༠ དོན་གྱི་གནད་རྣམས་གསལ་བ་དང་། །ལོག་པར་འཁྲུལ་བ་ཚར་གཅོད་པའི། །རྣམ་འབྱེད་འཕྲུལ་གྱི་སྒྲོན་མེ་སོགས། །བསྟན་པའི་ལྕགས་རིའི་བཙན་པོ་རྡུང་། །

༡༡༡ སྐལ་པ་ཆོར་བོར་གནས་པ་ལ། །རབ་ཏུ་གསལ་བར་མཛད་པ་ཡི། །སྣང༵་སྲིད༵་མཛོ༵ད་ཕུག༵ས་གཞུང་འགྲེལ་སོགས། །བསྟན་པ་མཛེས་པའི་རྒྱན་དུ་བཏབ། །

༡༡༢ ཤེས་རབ་ཕ་རོལ་དུ་ཕྱིན་པ་ཡི། །ཁམ༵ས་ཆེན༵་བརྒྱད་ཀྱི་སྡུད་དོན་རྣམས། །གསལ་བར་བཤད་པའི་འགྲེལ་བ་སོགས། །སངས་རྒྱས་བསྟན་པའི་གཞུང་ཤིང་འཛུགས། །

༡༡༣ རང་གཞུང་ཐེག་པ་ཆེན་པོའི་དོན། །དབུ་མ་བདེན་གཉིས་གསལ་འགྲེལ་དང་། །ཐེག༵་རིམ༵་ས༵་ལམ༵་སྐོར་བརྩམས་པས། །བསྟན་པའི་སྙིང་བོ་གསལ་བར་བྱས། །

༡༡༤ བསྟན་པའི་རྩ་བ་ཚུལ་ཁྲིམས་ཀྱི། །བསླབ་བྱ་འདུལ་བ་མདོར་བསྡུས་དང་། །འདུ༵ལ་འགྲེ༵ལ་འཕྲུལ་གྱི་སྒྲོན་མ་སོགས། །འཛད་མེད་བསྟན་པའི་ནང་མཛོད་སྩལ། །

༡༡༥ སྒྱུར་ལམ་ཟབ་མོ་གསང་སྔགས་དང་། །གྲོལ་ལམ་བྱང་སེམས་གབ་པ་སོགས། །གསལ་བྱེད་སྡུད་དོན་དགོངས་འགྲེལ་དང་། །དགོངས་རིམ་ཕྱག་བཞེས་མང་དུ་མཛད། །

༡༡༦ དེ་བཞིན་ཕྱི་ནང་གསང་གསུམ་གྱི། །སྒྲུབ་གཞུང་ཆ་ལག་བསྐང་གསོལ་དང་། །རིག་གནས་ཆེ་ཆུང་སྐོར་ལ་སོགས། །གྲངས་མེད་བསྟན་པའི་རྒྱན་དུ་བརྩམས། །

༡༡༧ གཡུང་དྲུང་བོན་གྱི་བསྟན་པ་འདི། །བདག་ཅག་ཡོངས་ཀྱི་མགོ་སྐལ་དུ། །བླ་ནས་ཡུན་དུ་གནས་པ་ཡི། །མི་འགྱུར་གཡུང་དྲུང་ཕྱག་རྒྱས་བཏབ། །

༡༡༨ འཛམ་གླིང་ཤེས་རིག་རི་ཕྲེང་ཀློང་། །འཕགས་པའི་གཤེན་བསྟན་གངས་རིའི་སྤོར། །མི་ཡི་སེང་ཆེན་ཁྱེད་འགྱིང་བས། །གྲགས་པའི་སྙན་པ་སྲིད་ན་མཐོ། །

༡༡༩ མཉམ་མེད་སྨན་རིའི་རིང་ལུགས་ཞེས། །རྒྱུད་འཛིན་མཁན་སློབ་འདུལ་བའི་སྡེ། །ངུར་སྨྲིག་རྒྱན་མཛེས་མང་པོ་ཡིས། །གངས་རིའི་ལྗོངས་འདི་དོག་པོར་བྱས། །

༡༢༠ དེ་དབུས་རབ་འབྱམས་དགེ་བའི་བཤེས། །ལྷ་སྲུང་གསོལ་ནས་རྟགས་སྒྲིལ་ལ། །གང་བབ་སྨྲ་སེང་ཐུགས་རྗེ་ཡིས། །བསྟན་འགྲོའི་དོན་ཆེན་ནུས་ཞེས་གསུང་། །

༡༢༡ སངས་རྒྱས་བསྟན་པའི་སྙིང་པོ་མཆོག །རྣམ་དག་བསླབ་གསུམ་འདུལ་བ་ཡི། །བསླབ་བྱ་ཇི་བཞིན་བཅའ་སྒྲིག་སོགས། །རྒྱལ་བ་སྨན་རིའི་ལམ་ལུགས་མཛད། །

༡༢༢ འཆད་པའི་ཆར་གྱིས་གདུལ་བྱ་སྨིན། །རྩོད་པའི་ཐོག་གིས་ལོག་ལྟ་གཞོམ། །རྩོམ་པའི་ཟེར་གྱིས་དགའ་སྟོན་འབྱེད། །འཆད་རྩོད་རྩོམ་པས་རྒྱལ་བསྟན་གསལ། །

༡༢༣ མཁྱེན་དཔྱོད་ཁྱུང་སྐྱེས་དེས་དྲང་བའི། །ལྟ་གྲུབ་འཛམ་གླིང་གསལ་བའི་རྒྱན། །ཡོངས་རྫོགས་བསྟན་པའི་ཉི་མ་རྗེ། །ཀུན་མཁྱེན་རྒྱལ་བའི་དབང་པོ་འདུད། །

༡༢༤ མཁས་གླིང་གཡས་རུ་དབེན་ས་ཁའི། །མཁས་གྲུབ་བཅོ་རྒྱད་གདམ་པའི་བཅུད། །ལེགས་བཤད་སྨྲ་བའི་ཉི་མ་ཡིས། །འཛམ་གླིང་མཁས་པའི་འདབ་སྟོང་རྒྱས། །

༡༢༥ རྒྱལ་བའི་ཡབ་གཅིག་སྨྲ་བའི་སེང་། །མི་ཡི་ཚུལ་བཟུང་མཁན་སློབ་དང་། །བསླབས་གསུམ་རྣམ་དག་འདུལ་བའི་སྡེ། །བློ་གསལ་མཁས་མང་ཚོགས་ཀྱིས་བསྐོར། །

༡༢༦ རྗེས་འཇུག་ཐུགས་སྲས་རྣམ་གཉིས་དང་། །བསྟན་པའི་གསལ་བྱེད་མཆོག་ཆེན་བཅུ། །སྨིན་གྲོལ་ནུས་པ་དུ་མ་ཡིས། །བསྟན་པའི་ཐེག་སྒོ་རེ་རེ་འཛིན། །

༡༢༧ ཐར་པའི་ས་བོན་རེ་རེ་དང་། །འདུལ་ཁྲིམས་སྡོམ་པ་སྣ་རེ་དང་། །དབང་ལུང་མན་ངག་ཐུན་རེ་ཙམ། །ཐོབ་པའི་སློབ་བུ་གྲངས་ལས་འདས། །

༡༢༨ བོན་བསྟན་སྤྱི་དང་འདུལ་བའི་བསྟན། །དར་རྒྱས་ཡུན་རིང་གནས་པ་འདི། །མཉམ་མེད་བླ་མའི་ཐུགས་རྗེ་དང་། །བཀའ་དྲིན་སྟོབས་ལས་བྱུང་བའོ། །

༡༢༩ ཁྱེད་ཀྱི་མཁྱེན་དཔྱོད་གོམ་གཅིག་གིས། །རྒྱལ་བསྟན་ཡོངས་སུ་གཞལ་བའི་ཚེ། །ཐེག་དམན་རང་སར་ཞུམ་བཞིན་དུ། །འགྲན་པའི་སྐལ་པ་ཡེ་ནས་དོར། །

༡༣༠ རྒྱལ་གཤེན་བསྟན་པ་མཛེས་པའི་རྒྱན། །གཡས་རུའི་ལུགས་བཟང་འདྲེན་བྱེད་པ། །ཁྱེད་ཀྱི་ལེགས་བཤད་བྱ་མ་རྟས། །དྲངས་ཏེ་མཐའ་བྲལ་པད་ཚལ་བཞད། །

༡༣༡ ཚད་མེད་མཁྱེན་བརྩེའི་འོད་སྟོང་གིས། །བསྟན་འགྲོའི་ཕན་བདེ་འདབ་བརྒྱའི་ཚལ། །འཛུམ་པའི་མཛད་བཟང་དཔལ་ཡོན་ཅན། །འགྲན་པའི་ཟླ་བྲལ་མཉམ་མེད་མཆོག །

༡༣༢ མཁས་གྲུབ་ཀུན་གྱི་ཞབས་པད་ལ། །བསྟེན་ཀྱང་སྙེམས་པ་རིང་ནས་བྲལ། །ཟབ་གདམ་ལེགས་བཤད་གནས་ལྔའི་བོན། །འཆད་ལ་ཁྱེད་དང་མཚུངས་ཡོད་མིན། །

༡༣༣ ལེགས་འབྱུང་རིན་ཆེན་ལྷུན་པོ་ལས། །བསྡུ་བ་བཞི་ཡི་བང་རིམ་ཅན། །དགོངས་དཔྱོད་ཉི་ཟླའི་སྐ་རགས་བཅིངས། །ཁྱོད་ནི་ཡོན་ཏན་ལྷུན་པོ་ལགས། །

༡༣༤ ཐེག་ཆེན་གཤེན་བསྟན་གངས་ལ་གནས། །ལུང་རིགས་གཡུ་རལ་ཁུར་གྱིས་བརྗིད། །ལེགས་བཤད་གད་རྒྱངས་སྲིད་ན་མཐོ། །མི་ཡི་སེང་ཆེན་མཁའ་ལ་འཕྱོ། །

༡༣༥ གངས་ཅན་མཁས་གྲུབ་ཚོགས་རྣམས་ཀྱི། །གཙུག་གི་རྒྱན་ལྟར་མངོན་མཐོ་བ། །རྒྱལ་བ་གཉིས་པ་མཉམ་མེད་པ། །ཀུན་མཁྱེན་ཤེས་རབ་རྒྱལ་མཚན་ཞེས། །

༡༣༦ མདོ་སྔགས་རྒྱ་མཚོའི་འཇིངས་ལས་བརྒལ། །དབང་བཞིའི་རླབས་ཕྲེང་མཁའ་ལ་རྩེན། །གདམས་ངག་ཆུ་རིས་གཡས་སུ་འཁྱིལ། །ཁྱེད་ནི་ཟླ་བའི་མ་མ་ལགས། །

༡༣༧ གཤེན་བསྟན་གངས་ཀྱི་རི་བོའི་སྤོར། །ལེགས་བཤད་སེང་གེའི་ང་རོ་ཆེ། །མཁས་རློམ་དབུས་སུ་བསྒྲགས་པ་ན། །མཁས་བླུན་ཝ་སྐྱེས་ཞུམ་ས་ལུས། །

༡༣༨ བསྟན་པའི་རྩ་བ་ཚུལ་ཁྲིམས་སྡེ། །མིང་གི་ལྷག་མ་གྱུར་པའི་ཚེ། །ཐུགས་བསྐྱེད་དུས་སྨིན་དཔྱིད་རླུང་གིས། །འདུལ་བསྟན་གཞི་ནས་གསོ་བར་མཛད། །

༡༣༩ འདུལ་ཁྲིམས་འཕྲུལ་གྱི་གོ་ཆ་ཡིས། །བག་མེད་ཉེས་པའི་དུག་མཚོན་ཀུན། །འགོག་པའི་སྡེ་བཞིའི་འདུལ་བ་འཛིན། །གཤེན་གྱི་འདུས་པ་དང་པོར་འགྲན། །

༡༤༠ ཐུགས་དགོངས་ཡེ་ཤེས་མཁའ་དབྱིངས་ནས། །བདུད་རྩིའི་ཟེར་ཆབ་འབུམ་སྤྲོས་ཏེ། །རྒྱལ་བསྟན་ནོར་འཛིན་བཞིན་རས་ཀྱི། །ནག་ནོག་མ་ལུས་གནས་ནས་དབྱུང་། །

༡༤༡ རྒྱལ་བའི་དགོངས་དོན་གཏན་ལ་འབེབ། །འཕགས་པའི་ལུང་རིགས་གསལ་ལེར་སྟོན། །རྒྱན་དྲུག་མཁས་བཞིའི་རིག་པའི་གཟི། །ཁྱེད་ཀྱི་མཁྱེན་རབ་ཀློང་ན་འཚེར། །

༡༤༢ འཕྲུལ་སྒྲོན་རྣམས་ལྔ་ལ་སོགས་པ། །གཞུང་བརྒྱའི་དཀའ་གནད་པད་མའི་སྦུབས། །ལེགས་བཤད་ཉི་མས་ཕྱེ་བ་ན། །སྐལ་ལྡན་བུང་བའི་ཚོགས་རྣམས་འཁོར། །

༡༤༣ ལེགས་བཤད་དབྱངས་སྒྲོག་ཁུ་བྱུག་ཁྱོད། །ལུང་རིགས་འདབ་གཤོག་ཆེར་བསྐྱོད་དེ། །ཡོངས་རྫོགས་བསྟན་པའི་མཁའ་དབྱིངས་སུ། །འཕུར་ཏེ་དོན་གཉིས་དབྱར་དུས་སྤེལ། །

༡༤༤ སངས་རྒྱས་བསྟན་པའི་སྙིང་པོ་ཆེ། །བླ་མེད་ཐེག་པའི་གནད་མཐར་ཐུག །དཀའ་བའི་གནད་ཀུན་བཀྲོལ་བ་ན། །ཁྱེད་ནི་གཡུང་དྲུང་སྙིང་པོ་ངེས། །

༡༤༥ གངས་རིའི་སུལ་དུ་གནས་འཆའ་བའི། །མདོ་སྔགས་ཟུང་འབྲེལ་སྨན་རི་ཞེས། །ལོག་པའི་གཞུང་དང་རིང་ལུགས་རྣམས། །རྨེག་མེད་བཅོམ་པའི་གྲགས་པ་འབར། །

༡༤༦ རྫོགས་སངས་རྒྱ་བའི་ཆ་རྐྱེན་དུ། །མདོ་སྔགས་ཐམས་ཅད་གང་ཟག་གཅིག །མ་ཚང་མེད་པར་འདོམས་མཛད་པ། །སྐྱབས་མཆོག་ཁྱེད་ལས་གཞན་ན་གང་། །

༡༤༧ ཡང་དག་དོན་ལ་སྨོན་པ་ཡིས། །དགག་སྒྲུབ་བློ་མིག་རབ་རིབ་ཅན། །དཔྱད་གསུམ་ལུང་རིག་གསེར་ཐུར་གྱིས། །ཕྱེ་ཚེ་གནས་ལུགས་ས་ལེར་སྟོན། །

༡༤༨ གྲུབ་མཐའི་གཞུང་ལུགས་གང་རིའི་སྤོར། །ལུང་རིག་མཁའ་ལྡིང་གཤོག་རླབས་ཅན། །ཐེག་ཆེན་ནམ་འཕང་གཅོད་པ་ལ། །འགལ་འདུ་སྨྲ་བས་དགག་ཏུ་དབེན། །

༡༤༩ རྒྱལ་བསྟན་འཛིན་སྐྱོང་སྤེལ་བའི་ཐབས། །གཡས་རུའི་མཁས་པའི་དགོངས་དོན་ཀུན། །མ་ཚང་མེད་པར་བསྒྲུབས་པ་ཡིས། །བསྟན་འཛིན་ཀུན་གྱི་རྩེ་མོར་སོན། །

༡༥༠ བསྟན་པའི་གཞུང་སྒོ་བཅུ་ཕྲག་གནས། །ཐར་པར་འཇུག་སྒོ་བསླབ་སྡོམ་སོགས། །བསྟན་པའི་གདུགས་དཀར་རྩིབས་རེ་རེ། །རྫོགས་པར་འདེགས་ལ་ཁྱེད་ཀྱི་དྲིན། །

༡༥༡ ཁྱེད་ཀྱི་ཐུགས་རྗེས་ཡོངས་བཟུང་བའི། །བསྟན་འཛིན་སྐལ་ལྡན་རིམ་བྱོན་གྱིས། །མདོ་བསྔགས་འཆད་ཉན་བཤད་སྒྲུབ་རྒྱུན། །བསྐལ་བརྒྱའི་བར་དུ་ཆད་པ་མེད། །

༡༤༢ རྒྱན་དྲུག་མཁས་བཞི་གྲུབ་ཆེན་སོགས། །མ་ལུས་འདུས་ཞལ་ཁྱེད་ཀྱི་ཞབས། །བསྟེན་པས་ཟབ་གདམ་འཐོབ་ནུས་ན། །བཟང་པོའི་སྐལ་བར་མི་སྐྱོད་གང་། །

༡༥༣ གཞུང་ལུགས་གངས་རིའི་ཏོག་ལྟར་བརྗེད། །རིག་ལམ་ཉིན་བྱེད་འོད་ལྟར་མཚེར། །འཛམ་གླིང་གྲུབ་མཐའི་རི་ཡི་ཕྲེང་། །ཟིལ་གྱིས་གནོན་པའི་གཟི་བྱིན་འབར། །

༡༥༤ ཤེས་རབ་མཁའ་ལ་ལུང་རིག་ཀྱི། །ལེགས་བཤད་གཟི་འོད་འབར་བ་ཅན། །སྨྲ་བའི་ཉི་མ་ཁྱེད་ཤར་ཚེ། །ཐེག་ཆེན་བསྟན་པའི་འདབ་བརྒྱ་བཞད། །

༡༥༥ ངེས་དོན་ཐེག་པའི་འདབ་བརྒྱ་བ། །བཤད་སྒྲུབ་གེ་སར་ཁྱེད་འཛུམ་ཚེ། །ཐེག་དམན་ལོག་སྨྲའི་ཀུ་མུད་ཚོགས། །སྨྲ་སྒོའི་འདབ་ཕྲེང་དབང་མེད་ཟུམ། །

༡༥༦ རྒྱལ་གསུང་ཆུ་གཏེར་བསྲུབས་པ་ལས། །ལེགས་ཐོན་སྲིད་དང་ཞི་བ་ཡི། །རྒྱུད་པའི་དབུལ་བ་སེལ་བའི་གཉེན། །རྒྱལ་བའི་རིང་ལུགས་དབང་གི་རྒྱལ། །

༡༥༧ ལུང་རིགས་བྱི་དོར་བརྒྱ་ཕྲག་གིས། །ངན་རྟོག་དྲི་མ་རྒྱང་བསྲིངས་ཏེ། །བཤད་སྒྲུབ་རྒྱལ་མཚན་རྩེར་བཀོད་ནས། །འགྲོ་ལ་དོན་གཉིས་དགའ་ཆར་འབེབས། །

༡༥༨ བག་ཡོད་དྲན་ཤེས་འཇིག་རྟེན་མིག །དྲི་མེད་སྡོམ་གསུམ་རྟ་བདུན་དབང་། །ཚུལ་འཆལ་མུན་པ་ཅན་འཇོམས་བྱེད་པའི། །ཚངས་སྤྱོད་དཔལ་གྱི་འོད་འབུམ་རྒྱས། །

༡༥༩ རྒྱལ་བསྟན་མིང་ཙམ་ལུས་པའི་ཚེ། །སྔོན་མེད་ལེགས་བཤད་བདུད་རྩི་ཡིས། །ཡོངས་རྫོགས་མདོ་སྔགས་འདབ་བརྒྱའི་ཚལ། །རྒྱས་མཛད་ཁྱོད་ལ་ཕྱག་འཚལ་ལོ། །

༡༦༠ རྒྱལ་བའི་གདུང་འཚོབ་དམ་པ་སྟེ། །རྒྱལ་བསྟན་ཡོངས་ཀྱི་མངའ་བདག་མཆོག །མ་ལུས་འགྲོ་བའི་མགོན་སྐྱབས་གཅིག་པུ། །ཁྱོད་ཀྱི་ཞབས་ལ་སྙིང་ནས་འདུད། །

༡༦༡ ཉིད་ལ་སྐྱེ་འཆི་མི་མངའ་ཡང་། །རྟག་འཛིན་ཅན་རྣམས་སུན་ཕྱུང་ཕྱིར། །དགུང་ལོ་དྲུག་ཅུའི་ཤིང་ལུག་ལོར། །སྟོན་ཐའི་ཚེས་བརྒྱད་ཆུ་མིག་ཁར། །

༡༦༢ རྒྱལ་ཚབ་མཆོག་དང་རྗེས་འཇུག་ལ། །མདོ་སྔགས་རྫོགས་གསུམ་ངེས་དོན་བོན། །བསྟན་པ་བཞག་ཅིང་མེ་སྟོན་ལྟར། །བོན་འཆད་ངང་དུ་ཞི་བར་གཤེགས། །

༡༦༣ བསྐལ་སྟོན་སངས་རྒྱས་བྱོན་པའི་ཞིང་། །བདེ་ཆེན་རྟག་གཟིགས་འོལ་གླིང་དུ། །སྟོན་མཆོག་བརྒྱ་བའི་མགོན་པོ་ཡི། །རྒྱལ་ཚབ་སྟོན་པ་མཛད་དུ་ཕེབས། །

༡༦༤ ཞག་གསུམ་མཚམས་སུ་སྐུ་གདུང་ཡང་། །གདན་ལ་མ་རེག་ཁྲུ་གང་འཕགས། །ཐུགས་སྲས་རྗེ་སོགས་རྗེས་འཇུག་གིས། །བསྟན་འགྲོ་བའི་དོན་དུ་བཞུགས་གསོལ་བཏབ། །

༡༦༥ དེ་ནས་འཁོར་ཚོགས་འདུས་པ་ཡིས། །དགུང་ཞག་བརྒྱ་ཕྲག་དུ་མའི་བར། །སྐུ་གདུང་སྒྲོམ་བུ་ལ་བཅུག་སྟེ། །ཚོགས་བསག་མཆོད་འབུལ་རྒྱ་ཆེར་མཛད། །

༡༦༦ ཕྱི་ལོའི་སྤྱི་རའི་ཚེས་ལྔ་ཉིན། །གདུང་སྲེག་ལས་བཞི་རྒྱུན་ལྔ་དང་། །འཕྲིན་ལས་བཅོ་བརྒྱད་ཁོག་ཕུབ་ཏེ། །སྐུ་གདུང་ཞུགས་ལ་བཞེན་ཙམ་ན། །

༡༦༧ ཐོ་རེངས་ཉི་མའི་ཟེར་འཕྲོས་ཚེ། །གདུང་ཁང་དབྱིངས་ཀྱི་ནམ་མཁའི་ཁར། །དག་པའི་ལས་ལྡན་རྣམས་ཀྱི་ངོར། །སྐུ་བཞིའི་ཞལ་བཞི་གསལ་བར་སྣང་། །

༡༦༨ གདུངས་མེ་རང་འབར་འོད་ཟེར་དང་། །འཇའ་ཚོན་ལམ་གྱིས་ཁེངས་པར་གཡོས། །དེ་ཕྱིར་ཕྱོགས་བཅུའི་སེམས་ཅན་རྣམས། །ཚོགས་ཀྱི་ལྷག་མ་རྫོགས་པར་གྱུར། །

༡༦༩ ནུབ་ཕྱོགས་གཞའ་འོད་ཟེར་ལམ་ནས། །བྱ་རྒྱལ་རྒོད་གཅིག་མངོན་པར་བྱོན། །མཁའ་ལ་ལན་གསུམ་ལྡིང་བསྐོར་ནས། །དར་ཙམ་བཞུགས་ནས་སླར་ཡང་ཕེབས། །

༡༧༠ ཀུན་མཐོང་ངོ་མཚར་དཔག་མེད་སྐྱེས། །ཐུགས་སྲས་རྣམ་གཉིས་སོགས་དག་པའི་ངོར། །ཀུན་མཁྱེན་མཉམ་མེད་བླ་མ་ཉིད། །བྱོན་ཏེ་མཁའ་ལ་བཞུགས་པར་གཟིགས། །

༡༧༡ དེ་ཕྱིར་རྒྱལ་བའི་རྒྱལ་ཚབ་མཆོག །གཤན་ཆེན་གསང་འདུས་དངོས་བྱོན་པ། །རྒྱལ་ཚབ་རིན་ཆེན་རྒྱལ་མཚན་གྱིས། །སླར་ཡང་མཇལ་བར་གསོལ་བཏབ་ཚེ། །

༡༧༢ ཆོ་འཕྲུལ་ཟླ་བའི་ཚེས་ལྔའི་ཉིན། །རིག་འཛིན་མཁའ་འགྲོའི་ཚོགས་དང་བཅས། །རྗེས་འཇུག་དོན་ཆེད་བྱ་རྒྱལ་རྒོད། །སྤྲུལ་ནས་འབྱོན་པར་ཞལ་གྱིས་བཞེས། །

༡༧༣ ཚེ་རབས་རྗེས་འཇུག་དད་རྟེན་དང་། །རྒྱལ་བ་གཉིས་པར་ངེས་པའི་རྟགས། །སྐུ་རྟེན་ཀུན་ཏུ་བཟང་པོའི་སྐུ། །ཁྲ་ལམ་འོད་ཀྱི་འཚེར་བ་བཞུགས། །

༡༧༤ གསུང་རྟེན་འབྲུ་གསུམ་སྨྲ་སེང་སྐུ། །དེ་བཞིན་དབུ་ཚད་འདུལ་མཛོད་དང་། །ཕར་ཕྱིན་སྔགས་རྫོགས་སེམས་སྡེ་སོགས། །གླེགས་བམ་གསུང་རབ་གྲངས་ལས་འདས། །

༡༧༥ ཐུགས་རྟེན་རིང་བསྲེལ་ཤ་རི་རམ། །ཆེ་བ་ལྕོ་གའི་སྒོང་ཙམ་གསུམ། །གཅིག་དེ་སྒྲ་འོད་ཟེར་དང་བཅས། །མཁའ་ལ་ཕུར་ཏེ་ལྷ་གནས་གཤེགས། །

༡༧༦ རིང་བསྲེལ་ལྕོ་གའི་སྒོང་ང་ཙམ། །གཅིག་དེ་སྒྲ་འོད་ཟེར་དང་བཅས། །གཏེར་གྱི་ཆུ་མིག་ནང་རྒྱུད་ནས། །འོག་ཕྱོགས་ཀླུ་ཡུལ་འགྲོ་དོན་བྱོན། །

༡༧༧ གཅིག་དེ་རྡོ་བ་ཁྲུ་གང་ཐོག །རྒྱལ་ཚབ་ཕྱག་གིས་བརྡེག་པའི་ཤུལ། །རྡོ་ལ་ཕྱག་རྗེས་བཀྲ་བའི་དཀྱིལ། །རིང་བསྲེལ་ཕྲ་བཀོད་བཞིན་དུ་འཛུལ། །

༡༧༨ མཉམ་མེད་ཆེན་པོའི་སྐུ་གདུང་ཞེས། །གསེར་གདུང་རྣམ་རྒྱལ་མཆོད་རྟེན་གྱི། །ནང་དུ་བཞུགས་གསོལ་བར་མི་ཡི། །འགྲོ་བ་འདྲེན་པའི་རྟེན་སྐལ་ལོ། །

༡༧༩༩ རིང་བསྲེལ་འབྲིང་བ་སྲན་མ་ཙམ། །བདུན་དང་ཆུང་བ་ཉུངས་འབྲུ་ཙམ། །བརྒྱ་དང་རྩ་བརྒྱད་ཐོན་པ་དེ། །ལྷ་ཀླུ་མི་ཡི་འགྲོ་དོན་ཡིན། །

༡༨༠ དེ་ལྟར་སྨྲ་བའི་དབང་ཕྱུག་རྗེའི། །ཡོན་ཏན་ཆ་ཤས་རིན་ཆེན་ཚོགས། །སྡེབ་ལེགས་ཚིག་དང་སྡེབ་པ་ཡི། །བློ་གསལ་མགྲིན་རྒྱན་བདག་གིས་སྤེལ། །

༡༨༡ གསང་གསུམ་ཡོན་ཏན་ནམ་མཁའི་མཛོད། །མཐའ་དག་སྤེལ་བའི་ནུས་མེད་ཀྱང་། །ཆ་ཙམ་དད་པའི་གསོས་སྨན་དུ། །བརྗོད་པའི་སྐལ་བཟང་ཐོབ་པ་འདི། །

༡༨༢ ཉ་གང་ཟླ་དང་འོ་མ་དང་། །དུང་སོགས་རང་བཞིན་དཀར་བ་ལྟར། །འདི་འབད་རྣམ་དཀར་དགེ་བའི་ཚོགས། །དུས་དང་ཕྱོགས་སུ་དཀར་བར་ཤོག །

༡༨༣ གང་གི་གསང་གསུམ་ཡོན་ཏན་གྱི། །ངོ་མཚར་རྣམ་པར་ཐར་པ་ལ། །ཡིད་ཆེས་དད་པས་མགོན་ཁྱོད་ཀྱི། །རིང་ལུགས་འཛིན་ལ་སྤྲོ་བར་ཤོག །

༡༨༤ མཁས་པའི་བྱ་བ་རྣམ་གསུམ་གྱིས། །རྒྱལ་བསྟན་ཡོངས་རྫོགས་འཛིན་པ་ལ། །རྒྱལ་བ་གཉིས་པ་ཁྱེད་མཚུངས་པའི། །སྐྱེས་བུས་ས་སྟེང་ཁྱབ་པར་ཤོག །

༡༨༥ ལེགས་ཉེས་མི་ཤེས་མུན་ཁྲོད་དུ། །མ་རིག་འཐོམས་པའི་ཡིད་ཅན་ལ། །བཤད་སྒྲུབ་སྒྲོན་མེའི་སྣང་བ་ཡིས། །ཐར་ལམ་གསལ་བར་བྱེད་པར་ཤོག །

༡༨༦ བསླབ་གསུམ་ཆ་ཤས་ཡོངས་རྫོགས་ནས། །གཞན་ཕན་འོད་དཀར་འབུམ་སྤྲོས་ཏེ། །བསྟན་འགྲོའི་ཕན་བདེའི་ཀུན་དའི་ཚལ། །མི་ཉམས་ཀུན་ནས་རྒྱལ་པར་ཤོག །

༡༨༧ བདག་ནི་དུག་གསུམ་བག་སྒྲིབ་ཀྱིས། །ཐར་ལམ་བལྟ་བའི་བློ་མིག་ཉམས། །བདག་འཛིན་མདུད་པ་དམ་པོས་བཅིངས། །མི་དགེ་སྡུག་པའི་གྲོང་དུ་ཞུགས། །

༡༨༨ བརྩེ་ཆེན་སྙིང་རྗེའི་གཏེར་མངའ་བའི། །མགོན་ཁྱེད་ཐུགས་རྗེའི་ལྕགས་ཀྱུ་ཡིས། །སྡུག་བསྔལ་མནར་བའི་བདག་སོགས་འགྲོ། །ཐར་པའི་ལམ་སྟོན་ཁྱེད་ལ་རེ། །

༡༨༩ གསུང་རབ་ལེགས་བཤད་ཚིག་གི་དོན། །མ་ཁྲོལ་མ་རིག་གོས་རྣམས་ལ། །ཕྲ་ཞིབ་བློ་གྲོས་རིག་པའི་སྤོབས། །སྩོལ་ན་མཁྱེན་གཏེར་དངོས་གྲུབ་རྩོལ། །

༡༩༠ བརྩེ་བའི་མཁའ་ལ་གདམས་ངག་ཆར། །ཕབ་ནས་སྡུག་བསྔལ་ཚ་གདུང་རྣམས། །ཕྱུང་སྟེ་བདག་རྒྱུད་ཞིང་ས་ལ། །ཐར་པའི་མྱུ་གུ་གཡུར་ཟ་ཤོག །

༡༩༡ ཚེ་རབས་ཀུན་ཏུ་དལ་འབྱོར་རྟེན། །ཐོབ་ནས་མགོན་ཁྱེད་ཞབས་དྲུང་དུ། །འཕྲུལ་སྒྲོན་ལྔ་སོགས་དམ་པའི་གསུང་། །བརླབ་ནས་ཀུན་མཁྱེན་ཐོབ་པར་ཤོག །

༡༩༢ འདི་འབད་དགེ་བས་ཚེ་རབ་ཀུན། །དམ་པའི་བཤེས་དང་མི་འབྲལ་ཞིང་། །བསླབ་གསུམ་དོན་ལ་རབ་གནས་ནས། །འགྲོ་ལ་ཕན་བདེ་བགྱིད་ནུས་ཤོག །

༡༩༣ སྐུ་ནི་བསླབ་གསུམ་ཁྲིམས་ཀྱིས་ཕྱུག །གསུང་ལ་འཛད་མེད་བོན་གྱི་གཏེར། །ཐུགས་ནི་སྒྲིབ་བྲལ་མཁྱེན་པའི་རླབས། །མཉམ་མེད་བླ་མའི་བཀྲ་ཤིས་ཤོག །

༡༩༤ དེ་ལྟར་རྒྱལ་བ་མཉམ་མེད་ལ། །བསྟོད་པའི་དབྱངས་དང་རབ་སྡེབ་ནས། །ཚིགས་སུ་བཅད་པའི་ཤོ་ལོ་ཀ། །བརྒྱ་དང་དགུ་བཅུ་རྩ་ལྔ་འདི། །

༡༩༥ ཚངས་རྒྱུང་བྱེ་བ་ཕྲག་བརྒྱའི་ནང་། །ཞིང་བཟང་མུ་ལ་གྲམ་གྱི་དབུས། །གནས་མཆོག་འཛམ་བུ་གླིང་གི་ཏོག །ཡུལ་ཆེན་ཞང་བོད་དག་པའི་དཀྱིལ། །

༡༩༦ གངས་རིའི་མུ་ཁྱུད་མཛེས་པའི་ཞིང། །ཉི་ཟླའི་འོད་མདངས་འཚེར་བའི་ས། །དྭངས་གཙང་ཁ་རླུང་རྒྱུ་བའི་གནས། །ལྷ་ལྡན་ཉི་མའི་གྲོང་གི་ནུབ། །

༡༩༧ གཡུང་དྲུང་བོན་གྱི་འདུ་གནས་མཆོག །སྙ་ཆེན་ལི་ཤུ་སྟག་རིང་སོགས། །རིག་འཛིན་དཔའ་བོ་བྱོན་པའི་ཞིང་། །བྲག་དཀར་རྩེ་རྫོང་རི་ཡི་ཞོར། །

༡༩༨ འཕར་བ་ལྕགས་མོ་གླང་གི་ལོར། །ཆོ་འཕྲུལ་ཟླ་བའི་ཚེས་ལྔ་སྟེ། །མཉམ་མེད་ཆེན་པོའི་དུས་ཆེན་ཉིན། །ཤེས་རབ་རྩལ་དུ་འབོད་པས་སྦྱར། །

    ཞེས་རྒྱལ་བ་མཉམ་མེད་ཆེན་པོ་ལ་བསྟོད་པའི་ཚིགས་སུ་བཅད་པ་ཤོ་ལོ་ཀ་ཉིས་བརྒྱ་བ་འདི་ནི་སྔོན་བྱོན་མཁས་གྲུབ་གོང་མ་རྣམས་ཀྱིས་མཛད་པའི་རྗེ་རིན་པོ་ཆེའི་རྣམ་ཐར་རྒྱས་བསྡུས་མང་པོ་མཇལ་བའི་རང་ཉིད་ཀྱི་བློ་ལ་འཛིན་བདེ་བའི་ཆེད་དུ་ཤེས་རབ་རྩལ་དུ་འབོད་པ་དེས་འབྱུང་ལྡན ༢༩༠ ཡི་རབ་བྱུང་དྲུག་པའི་སྤྱི་ལོ ༡༣༥༦ མེ་སྤྲེལ་ལོའི་དཔྱིད་ར་སྟག་ཟླའི་ཡར་ཚེས་ལྔ་ཡི་ཉི་ཤར་གྱི་དུས་སུ་དམ་པ་གང་ཉིད་བསྟན་དང་འགྲོ་བའི་དོན་དུ་སྐུ་ཡི་མཚན་དཔེ་བཞད་ནས་བགྲང་བྱ༦༦༦སོང་བའི། འབྱུང་ལྡན༣༠༡གི་འབྱུང་ལོ༡༨༠༣༩བོད་ཆུ་སྟག་སྟེ། སྤྱི་ལོ༢༠༢༢ལོའི་བོད་ཟླ་དང་པོའི་ཚེས་ལྔ་མཉམ་མེད་དུས་ཆེན་ཉིན་ལྷ་ལྡན་ཉི་མའི་གྲོང་དུ་སྒོ་གསུམ་དད་པས་སྦྱར་བའི་དགེ་དེས་རྒྱལ་བ་མཉམ་མེད་ཆེན་པོའི་བསྟན་པ་དར་ཞིང་རྒྱས་ལ་བདག་སོགས་སེམས་ཅན་ཐམས་ཅད་ཀྱིས་ཉིད་ཀྱི་བཞག་པའི་གསུང་རབ་ལ་ལེགས་པར་འཇུག་ཅིང་དོན་གྱི་ངོ་བོ་རྟོགས་ནས། རྒྱུད་ལ་སྨིན་གྲོལ་གྱི་བྱིན་རླབས་ཐོབ་པའི་རྒྱུ་རུ་གྱུར་ཅིག །

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།