ཁའོ་རྟོགས་ལྡན་རིན་པོ་ཆེའི་མཛད་རྣམ་དང་འབྲེལ་བའི་རྗེས་དྲན།

[ཟླ་ཚེས། 2021-04-01 13:02:34][རྩོམ་པ་པོ། སུམ་པ་བོན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

དཔལ་རྗེ་བཙུན་བླ་མ་དམ་པ་༧མཚན་ནས་བརྗོད་པར་དཀའ་བའི་སྙིགས་དུས་འགྲོ་བའི་མགོན་པོ་ཁའོ་རྟོགས་ལྡན་ཤེས་རབ་ཕུན་ཚོགས་ཕྱོགས་ལས་རྣམ་པར་རྒྱལ་བ་རིན་པོ་ཆེ་ཡི་མཛད་རྣམ་དང་འབྲེལ་བའི་རྗེས་དྲན།
 
གྲངས་མེད་ཚོགས་བསགས་གྲངས་མེད་བསྒྲིབ་པ་སྦྱང་།།
འོག་མིན་གནས་ནས་འགྲོ་ལ་རྗེས་སུ་ཆགས།།
ལྷོ་རྒྱལ་འཛམ་གླིང་ཞང་ཞུང་སྒོ་པའི་ཕྱོགས།།
ཇི་འགིར་ཧོར་ཡུལ་སྦྲ་ཆེན་གསེར་ལུང་ལྗོང་།།
 
ཡིས་ཐ་ཚོ་པ་སྤ་དགོན་གདན་སའི་ཞོལ།།
གནས་མཆོག་བྱིན་ཆེན་ལུང་བཟང་ཤེལ་བྲག་མདུན།།
ཁའོ་ནོར་གསལ་བོན་བཟའ་མཚོ་དཀར་སྲས།།
ལྕམ་དྲལ་ལྔ་ཡིས་དྲལ་པོའི་ཆུང་བ་རུ།།
 
གཅིག་དགུ་ཉེར་བདུན་མེ་ཡོས་ལོ་ཟླའི་ཉིན།།
མཚན་དཔེ་དཀྱིལ་འཁོར་པད་མའི་འདབ་བརྒྱ་བཞད།།
ཤ་ཁྲག་གཟིགས་ཚེ་སྤྱན་ཆབ་ཆུ་བོའི་རྒྱུན།།
བྱམས་སྙིང་བཅོས་མིན་སྔོན་ཀྱི་ལས་འཕྲོ་སད།།
 
དགེ་སློང་སྦྱིན་མཆོག་ཕར་ཕྱིན་སྐུ་དྲུང་དུ།།
འཕྲུལ་ཡིག་བཞི་བཅུ་སློབ་སྟོན་ཐོག་མེད་མཁྱེན།།
འཁོར་བར་ཞེན་ལོག་སྐྱུག་ནད་ཟས་བྱིན་བཞིན།།
འདོད་ཡོན་རྒྱུ་མ་མི་རྟག་ངེས་འབྱུང་སྐྱེས།།
 
དགུང་ལོ་ལྔ་བཞེས་སྤ་སྟོན་འབྲུག་གྲགས་མདུན།།
ཁྱིམ་སྤང་རབ་བྱུང་ཤ་ཁྲག་སྤག་རིགས་སྤང་།།
ཚུལ་མཚན་ཤེས་རབ་ཕུན་ཚོགས་ཞེས་སུ་གསོལ།།
དགུང་གྲངས་བཅུ་གཅིག་སྤ་དགོན་མཁན་སློབ་དྲུང་།།
 
མཚན་ཉིད་རྩོད་གྲྭར་མདོ་སྔགས་རྫོགས་གསུམ་དང་།།
བརྡ་དག་དཀར་ནག་རྩིས་སོགས་ཉིན་མཚན་ཀུན།།
འབད་བརྩོན་ལྷོད་མེད་ཆུ་བོའི་རྒྱུན་བཞིན་འབད།།
གནས་ཆེན་སྤུ་རྒྱལ་ཕྱག་དང་བསྐོར་བ་ཕེབས།།
 
ཤར་རྫའི་རྒྱལ་ཚབ་བློ་གྲོས་རྒྱ་མཚོའི་དྲུང་།།
མཛོད་ཆེན་ལྔ་སོགས་དབང་ལུང་ཁྲིད་བཅས་བསན།།
བཅུ་དགུར་མིང་གྲགས་ཙམ་ཞིག་མ་ཡིན་པར།།
དོན་ལྡན་སྐྱེས་བུ་དགེ་བཤེས་མཚན་རྟགས་བཞེས།།
 
ཉེར་ཐམ་བླ་མེད་རྫོགས་ཆེན་སྒྲུབ་གྲྭ་རུ།།
བཞུགས་ནས་བཅད་བརྒྱར་ཉིན་མཚན་བར་མེད་དུ།།
དབྱར་དུས་སྔོན་འགྲོ་དངོས་གཞི་དགུན་དུས་སུ།།
རྩ་རླུང་འཁྲུལ་འཁོར་མུན་མཚམས་ཐོད་རྒལ་དང་།།
 
ཤར་རྫའི་མཛོད་ཆེན་ལྔ་སོགས་ཉམས་ལེན་གཙོས།།
རིག་པ་རྐྱང་འདེད་མི་ལོ་བཅུ་གསུམ་རིང་།།
བསགས་སྦྱང་བྱས་པའི་འབྲས་བརྟག་ངོ་མཚར་ཅན།།
ཕྱི་ནང་མ་བསྒྲིབ་སྣང་སྲིད་ས་ལེར་གཟིགས།།
 
སྤ་སྟོན་འབྲུག་གྲགས་སྤ་གཏེར་རདྣ་གླིང་།།
སྤ་དགོན་སློབ་དཔོན་གཡུང་དྲུང་བློ་ལྡན་དང་།།
སྒྲུབ་མཁན་བརྩོན་འགྲུས་ཞུ་སྟོན་ཀུན་ཚེ་གྲགས།།
སྤ་སྤྲུལ་བསྟན་པ་རྒྱལ་མཚན་བཅས་ཀྱི་དྲུང་།།
 
བསྟན་འགྱུར་གསར་སྙིང་པོད་གྲངས་བརྒྱ་ཕྲག་གྲངས།།
དབང་ལུང་བསན་ཞིང་བྱེ་མ་ལག་ཁྲིད་ཞེས།།
ས་དཔྱད་ཞལ་ཁྲིད་བྲུ་ཞུ་གཤེན་དང་སྤ།།
ཆོ་གའི་ཕྱག་ལེན་གྱེར་དབྱངས་ཀུན་ཀ་སྦྱངས།།
 
སྨན་རི་མཁན་ཆེན་ཉི་མ་དབང་རྒྱལ་དྲུང་།།
དྲང་སྲོང་ཉིས་བརྒྱ་ལྔ་བཅུའི་བསྡོམས་འཁྲིམས་བཞེས།།
ཁོད་སྤུངས་བླ་མ་བསྟན་འཛིན་དབང་རྒྱལ་མདུན།།
བཀའ་འགྱུར་པོད་ཏི་གཅིག་བརྒྱ་ལྔ་བཅུའི་གྲངས།།
 
དབང་ལུང་ནོད་དང་གདམ་ངག་ཧུབ་ཀྱི་བཞེས།།
སྤ་དགོན་སྒྲུབ་གྲྭའི་ཐུགས་འགན་འཕྲག་ཏུ་ཁུར།།
ལོ་ཐོ་བརྩོམ་བསྒྲིག་སློབ་ཚོགས་བརྒྱ་ཕྲག་བསྐྱངས།།
འདོད་དགུའི་དད་དཔོན་རྒྱལ་བའི་རྒྱལ་ཚབ་དངོས།།
 
ཉེར་བདུན་དུས་འགྱུར་མ་འོང་མངོན་གཟིགས་ཏེ།།
རྒྱ་བལ་ཕྱོགས་སུ་ཕེབས་པའི་ཐུགས་བབས་ཀྱང་།།
མ་ཡུམ་དགོང་ཕྲོལ་མ་གནང་ཞལ་བཞེས་བཞིན།།
ལོ་གསུམ་བཅད་རྒྱར་དམ་བཞུགས་ལུང་བསྟན་ཕབས།།
 
སོ་གསུམ་ས་ཕག་སྤྱི་ཚོགས་གསར་འགྱུར་ཞེས།།
ཟང་ཟིང་དཀྲོག་གཏམ་སྣ་ཚོགས་རྐྱེན་བྱས་ནས།།
དགོན་པའི་རིགས་དངོས་དཔེ་ཆ་གཞུང་བཞེས་བསྡུས།།
རྗེ་ཉིད་ཡབ་གཞིས་ཟླ་ཤས་བཞུགས་དགོས་བྱུང་།།
 
ས་བྱི་ཕྱི་ནང་གང་གི་མ་ཤེས་པར།།
རི་དག་རྨས་མ་བཞིན་དུ་བྲོས་བྱོལ་སུ།།
ལུང་བཟང་ཤེལ་བྲག་ཚེ་དབང་སྒྲུབ་ཕུག་ནང་།།
ཐོད་རྒལ་རྩ་རླུང་བཅུད་ལེན་དཀའ་ཐུབ་ཏུ།།
 
སྒོམ་ཆེན་གོང་མ་རྣམས་ཀྱི་མཛད་སྲོལ་བཞིན།།
ཉམས་སྣང་འོད་གསལ་བསམ་གཏན་ཉམས་བཞེས་བཞུགས།།
ལོ་ཟླའི་རྗེས་སུ་བདུད་སྲིན་ལོག་སྨོན་དབང་།།
སྒོམ་ཆེན་བར་ཆད་བྱུང་ཞིང་ཡབ་གཞིས་ཕེབས།།
 
རོག་རེས་ཚོགས་ཆུང་ཕྱུགས་ཟོག་འཚོ་བའི་ཞོར།།
ལོ་ཐོ་བསྡུས་པ་ལོ་རིམ་ཕབས་མཛད་དང་།།
ཚེ་འདས་རྒན་གཞོན་འབྲེལ་ཚད་བསྔོ་སྨོན་སོགས།།
སྐྱབས་མེད་མགོན་མེད་མ་རྒན་ཁྱེད་མིན་སུ།།
 
ཞེ་གཅིག་མེ་ལུག་རིག་གསར་ལས་འགུལ་རྐྱེན།།
ཁོང་གི་རྩ་ཆེའི་རིག་དངོས་ཡིག་རིགས་གཙོས།།
དགོན་པའི་སྐུ་གསུང་ཐུགས་བརྟེན་བཅོམ་བསྲེགས་སོགས།།
ཚུལ་མིན་རྡུང་བརྡེགས་སྣ་ཚོགས་འཕྲད་དགོས་བྱུང་།།
 
ཞེ་གསུམ་ཐུགས་སྐྱོ་ཡིད་སུན་དབེན་པའི་རི།།
སྒོམ་སྒྲུབ་ཉམས་ལེན་ཕེབས་མཚམས་གཉན་རོང་རྫོང་།།
ཡུལ་དུད་བཞི་ལྔས་འཛིན་བཟུངས་ཤིང་མདེའུ་ཡིས།།
སྐུ་ལུས་འབུག་པའི་ཚུལ་མིན་རྡུང་རྡེག་དང་།།
 
མ་ཉེས་ཁ་གཡོག་ཟིང་དམག་མིང་བཏག་རྐྱེན།།
ལོ་གསུམ་སྦྲ་རྫོང་སྐུ་ལུས་ཤོང་ཙམ་གྱི།།
མུན་བཙོན་ནང་དུ་རྐང་ལག་ལྕགས་སྒྲོག་བསྡམས།།
རྨས་སྐྱོན་གཟེར་ཟུག་དཀའ་ངལ་གྲངས་མེད་འཕྲད།།
 
གསོལ་ཟས་རི་དག་ཤ་ཁྲག་སྒོག་ཙོང་སོགས།།
ཕུལ་བས་ཁོང་ཉིད་གཙང་གཙུག་ཁྲིམས་བཞེས་བཟུངས།།
ཤ་ཆང་སྤང་བས་དམ་བཅའ་འཛོལ་མེད་པར།།
གསོལ་ཟས་གཞན་བྱིན་རྐྱེན་ངན་གྲོགས་ཤར་དཔེ།།
 
མི་ལོ་གསུམ་ལྷག་ཉིན་མཚན་བར་མེད་ཏུ།།
དཀའ་ཐུབ་ཉམས་ལེན་མཛད་པས་བཙོན་རོགས་རྣམས།།
འདི་འདྲའི་སྲིད་ན་དཀོན་ཞེས་ངོ་མཚར་གྱི།།
དན་རྟག་ཉིན་སྐར་འགྲོ་བའི་གཙུག་གི་བརྒྱན།།
 
ཞེ་དྲུག་སྐབས་དེའི་སྲིད་ཇུས་གཞིར་བཟུང་ཐོག།།
ཁོང་ཉིད་ལོ་གསུམ་རྗེས་སུ་སྲོག་ཐོག་གཅོད།།
ཞེས་པའི་བསྒྲགས་གཏམ་ལྷན་དུ་ལྷ་སར་རུ།།
གྲྭ་བཞིའི་ཉེན་ཆེན་ཁང་དུ་བཙོན་འཇུག་བྱས།།
 
ལོ་གསུམ་ཕྱིན་རྗེས་སྲོག་ཐོག་ཐག་གཅོད་དེ།།
ནར་འགྱང་དགོས་ཞེས་གོང་རིམ་བརྡ་ཁྱབ་བྱུང་།།
ཕྱི་ཡིས་རྣམ་པ་བརྩོན་དུ་བཞུགས་ན་ཡང་།།
དོན་དུ་འདུལ་ཁྲིམས་དམ་གཙང་ཤ་ཁྲག་སོགས།།
 
སྤང་བའི་དམ་བཅའ་འཛོལ་མེད་ལྷང་ངེར་གསལ།།
སྲིད་ཇུས་ཅུང་ལྷོད་བན་བོན་སྐྱ་སེར་ལྷན།།
དག་ཡིག་འབྲི་ཀློག་བརྡ་དག་སྐར་ནག་རྩིས།།
མདོ་སྔགས་རྫོགས་བཅས་དོག་གནད་གསུངས་གླེང་མཛད།།
 
གཅིག་དགུ་དོན་བརྒྱད་ཀྲུང་ཨུ་གྲོས་ཚོགས་ཐེངས།།
གསུམ་པའི་དགོང་དོན་སྲིད་ཇུས་འོད་སྟོང་གྱིས།།
དགུང་གྲངས་ང་བཞི་བཙོན་ནས་གློད་དཀྲོལ་བཞིན།།
གསེར་ནག་ས་འོག་འོད་སྟོང་ནམ་མཁའི་དཔེ།།
 
ཕ་ཡུལ་དུ་ཕེབས་གནས་ཆེན་རྩེ་དྲུག་དང་།།
ཐུགས་སྤྲུལ་བོན་རི་སྤུ་རྒྱལ་ཕྱག་བསྐོར་བྱོན།།
སྦྲ་རྫོང་གདན་ཞུས་བརྡ་དག་ཉི་ཤུ་བདུན།།
བོད་ཡིག་ཟབ་སྦྱོང་སྐར་རྩིས་ལོ་ཐོ་བརྩོམས།།
 
ང་བརྒྱད་སྤ་དགོན་བསྐྱར་གསོ་ཆོག་མཆན་བཞིན།།
གཟའ་སྐར་བཟང་པོས་རྨིང་བཏིང་སྒྲུབ་ཁང་བཞེངས།།
རག་ཤི་རྟོགས་ལྡན་ཞལ་མཇལ་བརྟན་བཞུགས་དང་།།
མདའ་རྒྱང་དུ་ཕེབས་བརྟེན་འབྲེལ་ཆུ་མགོ་བརྡོལ།།
 
སྤ་སྟོན་ཟླ་རྒྱལ་རང་དགོན་ཁྲི་འཛིན་དང་།།
རྗེ་ཉིད་སློབ་དཔོན་འགན་བཞེས་དུས་མཚུངས་སུ།།
སྨན་རིའི་སློབ་དཔོན་བརྟན་རྣམ་རང་དགོན་དུ།།
ཕེབས་ནས་དབང་ལུང་གདམ་ངག་བདུད་བརྩི་རོལ།།
 
རང་དགོན་འདུ་ཁང་གསར་བཞེངས་ལེགས་གྲུབ་ཞིང་།།
ཁྲོམ་དགོན་གདན་ཞུས་དགོན་ས་གསར་གཟིགས་དང་།།
ངང་ཚང་དཀར་མོ་རི་ཁྲོད་མདུན་བཤམས་དུ།།
དུར་ཁྲོད་བསྐྱར་གསོ་བྱིན་ཆེན་དཀྱིལ་འཁོར་བཞེངས།།
 
ཨ་ཀྲོང་གདན་ཞུས་དགོན་ཁག་བཅུ་ཕྲག་ལྷག།
སྐྱ་སེར་སྟོང་གྲངས་རྒྱལ་བའི་བཀའ་འབུམ་དང་།།
བསྟན་འགྱུར་དབང་ལུང་སྲོག་རྒྱུན་སླར་ཡང་མཐུད།།
ལྷ་སར་ཆོས་ཚོགས་ཕེབས་ཤིང་སྟོད་ལུང་དགོན།།
 
བོན་དགོན་སླར་གསོའི་སྙན་ཞུ་ཕྱག་བྲིས་ཕུལ།།
གྲྭ་ས་གཡུང་གླིང་ཕེབས་ནས་སྐུ་འགྱེད་དང་།།
རྒྱལ་རྩེ་དཔལ་འཁོར་དགོན་སོགས་གཟིགས་བསྐོར་དུ།།
ཕེབས་ནས་རིས་མེད་བསྟན་འགྲོའི་དོན་ཆེན་འགྲུབ།།
 
རེ་བཞི་ཐུགས་སྤྲུལ་བོན་རི་ཞབས་བསྐོར་ཕེབས།།
སྤུ་ལ་གཡུང་དྲུང་བསྟན་འཕེལ་དགོན་ས་དང་།།
རྫོང་དཀར་རི་ཁྲོད་བཙུན་དགོན་ཕྱགས་བཏབ་ཞིང་།།
རང་དགོན་གསང་སྒྲུབ་རྟེན་རྫས་ཕྱག་བྲིས་གནང་།།
 
རེ་ལྔ་དགོན་ཁག་བརྒྱད་ཀྱི་རེ་ཞུས་བཞིན།།
བླ་གྲྭ་སྐྱ་སེར་ཁྲི་ཕྲག་མང་པོ་ལ།།
རྒྱལ་གཤེན་བཀའ་འབུམ་ཤར་རྫའི་གསུང་འབུམ་གཙོས།།
དབང་ལུང་ཁྲིད་གསུམ་བོན་འཁོར་མེ་ཆེན་སྤར།།
 
ཀླུ་དགོན་གདན་ཞུས་ཁྲོ་སྒྲུབ་བཀའ་དབང་གནང་།།
སྨན་སློབ་བསྟན་རྣམ་རང་དགོན་ཆེད་ཕེབས་སྐབས།།
སློབ་དཔོན་མདུན་ནས་མ་རྒྱུད་དབང་བཞི་བསན།།
བཤད་སྒྲུབ་བསྐྱར་གསོའི་ཐུགས་མགན་ཡོངས་སུ་བཞེས།།
 
གཟུང་འབུམ་རྒྱས་འབྲིང་བསྡུས་སོགས་ཤིང་པར་བསྐོས།།
བཤད་སྒྲུབ་བསྟན་པའི་ཁྲིད་ལུང་ཟབ་རྒྱས་གནང་།།
སྨན་རི་ཁྲི་འཛིན་སོ་གསུམ་རང་དགོན་དུ།།
ཕེབས་ནས་ཚེ་དབང་བོད་ཡུལ་བཀའ་དབང་རྩལ།།
 
རེ་བདུན་གོང་རིམ་སྲིད་གཞུང་ཆོག་མཆན་བཞིན།།
སྐུ་འབུམ་བཀྲ་ཤིས་འོད་འབར་རྨིང་ཐིག་གདབ།།
གཡུ་འཕྲུ་འའདའ་ཡིས་མཆོད་རྟེན་རབ་གནས་མཛད།།
རང་དགོན་དབལ་ཕུར་སྒྲུབ་ཆེན་བཀའ་དབང་གནང་།།
 
མཆོད་རྟེན་བཀྲ་ཤིས་འོད་འབར་མངའ་དབུལ་མཛད།།
མམ་མདའ་མཆོད་རྟེན་ས་གཟིགས་རང་དགོན་དུ།།
ཁྲོ་བོའི་བརྙེན་མཚམས་སྒྲུབ་བརྟག་ཚེམས་གསར་གསུམ།།
སྔ་རྗེས་འཁྲུངས་པས་ངོ་མཚར་དགེ་མཚན་འབུམ།།
 
ཤེས་རབ་བྱམས་མ་རྣམ་པར་རྒྱལ་བ་དང་།།
སྐུ་གདུང་མཆོད་རྟེན་རི་དག་བོན་འཁོར་གཙོས།།
གསུང་རབ་སིལ་སྦུབ་རིས་མེད་དགོན་ཁག་ཀུན།།
རྒྱུ་དངུལ་གནང་ཞིང་བསོད་ནམས་ཚོགས་ཆེན་བསགས།།
 
ཡུལ་སྡེའི་སྤྱི་རིམ་སླར་གསོའི་བཀའ་སློབ་རེ།།
དགེ་སྡིག་སྤང་བླང་གདམ་ངག་ཐིག་པ་རེ།།
ཕྱུགས་དབུལ་མེད་པར་ཞལ་གདམ་བདུད་བརྩི་རེ།།
སྟོན་པ་བསྟན་པའི་རྒྱལ་ཚབ་དངོས་བྱོན་མཆོག།
 
རྗེ་ཉིད་རྒྱུན་དུ་རྫོགས་ཆེན་ཉམས་ལེནདང་།།
ཡི་དམ་ཁྲོ་བོ་བཀའ་སྲུང་དྲིལ་དམར་རྒྱལ།།
སྦྱིན་པ་རྣམ་བཞི་རྩ་རླུང་འཕོ་བ་སོགས།།
རྩ་བླ་བཅོ་ལྔའི་གདམ་ངག་སྙིང་དབུས་འཆང་།།
 
བྲུ་ཞུ་གཤེན་སོགས་ཆོ་གའི་ཕྱགས་ལེན་གཙོས།།
ཞལ་གདམ་གསོལ་འདེབས་ལོ་རྒྱུས་གསུང་བརྩོམ་དང་།།
ས་དཔྱད་ཞལ་ལུང་དྲི་མེད་གདམ་ངག་གནང་།།
འདི་ཕྱིའི་ལམ་སྟོན་མུན་སེལ་སྒྲོན་མེ་དངོས།།
 
བོན་ཆོས་གསར་རྙིང་རིས་མེད་དབང་ལུང་རྣམས།།
གསན་བཞེས་ཉམས་ལེན་མཛད་པའི་བཻ་རོའི་རྒྱལ།།
མཐོན་པོའི་ཁྲི་དང་བསྙན་གྲགས་རྒྱང་དུ་དོར།།
ཉམས་རྟོགས་མངོན་གྱུར་མིང་མཚུངས་རྟོགས་པ་ལྡན།།
 
དགུང་གྲངས་དོན་བཞི་སྤྱི་ལོ་ཉིས་སྟོང་ཡི།།
ས་ཡོས་ཧོར་ཟླ་བཅུ་གཉིས་བུ་སློབ་རྣམས།།
རྫོགས་པ་ཆེན་པོའི་ཁྲིད་ལུང་རྫོགས་པར་གསུང་།།
མ་འོང་བསྟན་པའི་བཀའ་སློབ་ཞལ་གདམ་གནང་།།
 
ལྕགས་འབྲུག་ཧོར་ཟླ་བཅུ་དགུའི་ཉི་ནུབ་དུས།།
བློ་བུར་སྟོད་འཁྲུག་ལྟ་བུའི་སྙུང་ཚུལ་བསྟན།།
བུ་སློབ་རྣམས་ཀྱི་སྙུང་གཞི་སངས་ཐབས་ཞུས།།
དམ་པའི་ཞལ་ནས་ཤ་ཁྲག་རྟག་ཐབས་མེད།།
 
ཞེས་པའི་ཞལ་གསུངས་གནང་ནས་དེ་ནུབ་ཀྱི།།
སྤྱི་ལོ་གཉིས་སྟོང་སྤྱི་ཟླ་གསུམ་པའི་ཚེས།།
ཉེར་བཞིའི་མཚན་མོ་ལྕགས་འབྲུག་ཧོར་ཟླ་གཉིས།།
བཅུ་དགུའི་ནམ་དཀྱིལ་སེང་གེའི་ཉལ་སྟབས་བཅས།།
 
གཟུགས་སྐུའི་བཀོད་པ་ཕྱོགས་གཅིག་བོན་དབྱིངས་བསྡུས།།
ཀྱེ་མ་ཀྱེ་ཧུད་ཉམས་ཐག་འགྲོ་བའི་མགོན།།
བསྟན་པའི་ཉི་མ་ནུབ་རིའི་འཕྲག་ཏུ་ཡིབ།།
གདུང་འབོད་དྲག་པོ་མིག་ཆུ་རྒྱ་མཚོའི་བརླན།།
 
སྐུ་གདུང་ཚ་རླབས་ལྕགས་སྲེགས་རང་འབར་བཞིན།།
ཉམས་རྟོགས་དྲོད་རྟགས་ཀུན་ཀྱི་ངོ་མཚར་སྐྱེས།།
སྨུག་སྤྲིན་འཁྲིགས་ཤིང་མེ་ཏོག་འཆར་བབས་དང་།།
མཚོན་མདོག་འདྲ་མིན་འཇའ་གུར་དངོས་སུ་མཐོང་།།
 
དད་བརྟེན་སྐུ་གདུང་ཕྲུག་གུ་ལོ་བརྒྱད་ཙམ།།
ཞུགས་ཕུལ་དབུ་ཐོད་དབལ་གཤེན་སྟག་མེ་འབར།།
ཐུགས་ཀྱི་མེ་གདུགས་འཛམ་ལྷ་རང་བྱོན་དང་།
འཕེལ་གདུང་རྒྱལ་མཚན་པད་གདན་རང་འགྲིག་ལ།།
 
རིང་སེལ་ལྔ་ཚོམ་ངོ་མཚར་དད་པའི་བརྟེན།།
གཞན་ཡང་རིང་སེལ་ཆུ་རི་སྲན་མ་ཙམ།་
ཆུང་བ་གྲངས་མང་ཕྱི་རབ་དོན་དུ་བཞུགས།།
ལྷ་མིའི་མཆོད་གདོང་ཁྱེད་མིན་གཞན་ན་སུ།།
 
བདག་སོགས་ཤུལ་ལུས་བུ་སློབ་གྲངས་མེད་འགྲོ།།
ལུས་ཀྱི་ཕྱག་རྒྱ་དད་པའི་སྙིང་ཁར་སྦྱར།།
ངག་གི་དད་མོས་གསོལ་འདེབས་དབྱངས་སུ་གྱེར།།
ཡིད་ཀྱི་མོས་འདུན་འབྲལ་མེད་སྤྱི་བོར་བསྒོམ།།
 
སླར་ཡང་མཁའ་སྤྱོད་དག་པའི་ཞིང་མཆོག་ནས།།
བོན་བསྟན་མེ་ཆེན་སྤར་བའི་སྐྱེས་ཆེན་ཞིག།
མགོན་མེད་སེམས་ཅན་འགྲོ་བའི་དད་དཔོན་ཞིག།
མི་རིང་མྱུར་ཕེབས་རེ་འབོད་ལན་རྒྱར་ཞུ།།
ཞེས་དམ་པ་གང་དེ་ཉིད་སྐུ་འཁྲུངས་ནས་ལོ་༩༤་དང་མཁའ་སྤྱོད་ཞིང་དུ་ཕེབས་ནས་ལོ་༢༡་འཁོར་བའི་རྗེས་དྲན་དུ་ཁོང་གི་རྣམ་ཐར་ནང་ནས་ཚིག་བཅད་ཉུང་བསྡུས་སུ་གུས་སློབ་འབང་གྲལ་མཐའ་བ་སུམ་པ་བོན་ནས་༢༠༢༡་ལོ་བོད་ཟླ་གཉིས་པའི་ཚེས་བཅོ་ལྔ་ཉིན་མཇུག་རྫོགས་པར་བྲིས།
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།