གནས་མཆོག་སྨན་བྲག་གནས་བསྟོད།

[ཟླ་ཚེས། 2021-03-08 21:23:35][རྩོམ་པ་པོ། ཨ་རུ་ཤེས་རབ་རྩལ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

བོན་གཞུང་གནས་མཆོག་སྨན་བྲག་གནས་བསྟོད་གནས་གསུམ་མཁའ་འགྲོ་དགྱེས་པའི་སྤྲོ་གླུ།

 གནས་གསུམ་མ་སྲིང་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ལོ། །
སྐུ་གཉིས་མངོན་འགྱུར་སྟོན་པ་རྫོགས་སངས་རྒྱས། །
བདེན་གཉིས་ལུང་རྟོགས་སྐྱོབ་པ་གཡུང་དྲུང་བོན། །
ཚོགས་གཉིས་ལམ་ཞུགས་འདྲེན་པ་སེམས་དཔའི་སྡེ། །
སྐྱབས་མཆོག་རིན་ཆེན་གསུམ་གྱིས་དགེ་ལེགས་སྩོལ། །
 
ངོ་མཚར་མཚན་བཟང་སོ་ཕྲེང་འཛུམ་པ་ལས། །
སྙན་འཇེབས་རྐང་དྲུག་བུང་བའི་དབྱངས་སྙན་ཅན། །
ཟབ་དོན་ལེགས་བཤད་སྦྲང་རྩི་མངར་བའི་རོ། །
རྩོལ་མཛད་ཚངས་སྲས་མ་དེ་བདག་མགྲིན་བསྙེན། །
 
རྨད་བྱུང་བྱིན་རླབས་ཟབ་གདམ་གཏེར་གྱི་མཛོད། །
མཆོག་ཐུན་དངོས་གྲུབ་བྱེ་བའི་བདག་ཉིད་ཆེ། །
བླ་མ་རིག་འཛིན་མཁའ་འགྲོ་རྒྱུད་པར་བཅས། །
སྒོ་གསུམ་གུས་པས་འདུད་དོ་དགེ་ལེགས་རྩོལ། །
 
ལུང་དང་རིག་པའི་བསྟན་དོན་མ་བསླད་པ། །
གང་ཞིག་མཐོང་ཐོས་བདེན་གཏམ་ཚད་མའི་དབྱངས། །
དད་ལྡན་ཡིད་ལ་དགའ་བ་བྱེད་པའི་གཏེར། །
གནས་གསུམ་མཁའ་འགྲོ་དགྱེས་པའི་སྤྲོ་གླུ་ལེན། །
 
དེ་ཡང་སྟོན་མཆོག་བརྒྱ་བའི་མགོན་པོ་ཡི། །
གདུལ་ཞིང་ཞང་བོད་ཁ་བ་ཅན་གྱི་ཡུལ། །
བྱང་ཕྱོགས་ཆེན་པོ་ཧོར་ཞེས་གྲགས་པའི་སར། །
བོན་གཞུང་ཡུལ་ཞེས་བྱ་བའི་གནས་ཀྱི་དབུས། །
 
སེང་གེ་དཀར་མོ་གངས་ལ་འགྱིང་འདྲ་བའི། །
བྲག་དཀར་དབུ་རྩེ་དགུང་ལ་ཟུགས་པ་ལ། །
རྩེ་མོར་སྤྲིན་དཀར་མཛེས་པའི་ལ་ཐོད་ཅན། །
ཀྲོང་ངེར་འགྱིང་བའི་ངོ་མཚར་མཁའ་ལ་བསྙེགས། །
 
གཡའ་བྲག་རྫ་ལས་ཐོན་པའི་ཆུ་ཕྲན་རྒྱུན། །
རྙོག་པའི་མཚན་མ་རིང་ནས་རིང་སོང་ཕྱིར། །
ཡན་ལག་བརྒྱད་ལྡན་འཆི་མེད་བདུད་རྩི་ལ། །
རྟེན་པས་ཉོན་ཤེས་འཁྲུ་བའི་ཡོན་ཏན་ཡོད། །
 
རྩ་བར་དྲི་ལྡན་མེ་ཏོག་གླིང་ག་ན། །
སྨན་དང་རགྟའི་མཚོ་མོ་རང་འཁྱིལ་དང་། །
དྲི་མེད་དྭངས་གཙང་མཚོ་དང་མཚེའུའི་ཚོགས། །
མ་བཀོད་ལྷུན་གྱིས་གྲུབ་པ་ཡིད་ལ་མཛའ། །
 
རྫ་སྤང་ལྷ་བྱ་གོང་མོའི་རྒྱང་སྐད་སྙན། །
མཚོ་ན་གསེར་བྱ་ངང་མོའི་མགྲིན་རྔ་སྙན། །
ལྗོན་ན་བྱེའུ་ཆུང་འཇོལ་མོའི་གྲེ་འགྱུར་སྙན། །
ཐམས་ཅད་རྣ་བའི་བཅུད་ལེན་དཔལ་དུ་སྙན། །
 
རྫ་སྤང་མེ་ཏོག་དྲི་བསུང་འཐུལ་བའི་གཞིར། །
ངེས་མེད་རི་དྭགས་སྣ་ཚོགས་རྩེད་མོའི་གར། །
དལ་བ་དལ་བུར་འཆར་བའི་སྣང་བརྙན་འབུམ། །
ལམ་མེར་གསལ་བ་འདྲེན་བྱེད་དཔྱིད་དུ་ཆེ། །
 
ཕྱི་ཡི་སྣང་ངོར་རྫ་བྲག་གངས་ཀྱི་རི། །
ནང་དུ་གནས་བདག་མི་དཀར་དར་ཆས་ཅན། །
བསྟན་སྐྱོང་སྒྲ་བླ་ཝེར་མའི་བཀའ་འཁོར་བཅས། །
དཀར་ཕྱོཌ་སྐྱོང་བཞིན་བཞུཌ་པའི་གནས་སུ་འཛིན། །
 
གསང་བའི་ཡོན་ཏན་དེ་ཉིད་རྟོགས་གྱུར་ན། །
དག་པ་ཐུན་མོང་སྣང་ངོར་མིན་ན་ཡང༌། །
ཉོན་ཤེས་སྒྲིབ་གཉིས་དག་གིས་གོས་པ་ཡི། །
སོ་སྐྱེ་ལ་ཡང་གནས་སྣང་གྱུར་སོགས་མང་༌། །
 
གནས་འདིར་གཞན་ལ་འཕགས་པའི་ཡོན་ཏན་ནི། །
སྔོན་ཚེ་རྣམ་འདྲེན་བརྒྱ་བའི་མགོན་པོ་ནས། །
ད་བར་བྱིན་བརླབས་རྒྱུད་པ་མ་ཆད་པའི། །
གཡུང་དྲུང་བོན་གྱི་བསྟན་པ་ཉམ་མེད་གནས། །
 
རིག་འཛིན་གོང་མའི་རྣམ་སྤྲུལ་བྱང་སེམས་ཀྱི། །
སྐུ་རབས་ཕྲེང་བའི་རྨད་བྱུང་ཐུགས་བསྐྱེད་བཅས། །
ཟབ་གསང་གཏེར་གྱི་སྒོ་འཕར་འབྱེད་པའི་གནས། །
འདི་ཡི་བྱིན་རླབས་བརྗོད་པའི་ཡུལ་ལས་འདས། །
 
གནས་མཆོག་སྨན་བྲག་ལྷ་ཡི་ཁང་བཟང་ལ། །
བདེ་གཤེགས་རྒྱལ་བ་རིགས་ལྔ་རང་བྱོན་དང་། །
ཡེ་རྗེ་སངས་རྒྱས་སྨན་ལྷའི་དཀྱིལ་འཁོར་ནི། །
ཁྲ་ཐིབས་འོད་ཁྱུག་རང་བཞིན་ལྷུན་གྱིས་གྲུབ། །
 
དབུ་རྩེར་བླ་མཚོ་མུ་ལེ་གཡུ་འོད་ལ། །
སྲིད་པའི་རྒྱལ་མོ་དཀར་སྨུག་ནག་གསུམ་དང་། །
ཡེ་ཤེས་རྫུ་འཕྲུལ་ལས་ལ་གྲུབ་པའི་ལྷ། །
གནས་གསུམ་མ་སྲིང་མཁའ་འགྲོའི་དཀྱིལ་འཁོར་གསལ། །
 
བྱང་ནུབ་བྲག་ལ་གཡུང་དྲུང་རང་བྱོན་ཡོད། །
ལྷོ་ནུབ་བྲག་ལ་སྲིད་རྒྱལ་ཞབས་རྗེས་ཡོད། །
ཤར་གྱི་བྲག་ལ་སྟོང་རྒྱུང་ཞབས་རྗེས་སོགས། །
ངོ་མཚར་བཀའ་རྟག་རང་བྱུང་དུ་མ་ཡོད། །
 
སྔོན་བྱོན་རིག་འཛིན་གྲུབ་པ་བརྙེས་རྣམས་དང༌། །
ཁྱད་པར་སྟོང་རྒྱུང་དྲན་པ་ལ་སོགས་ཀྱིས། །
སྦས་པའི་ཟབ་མོ་བོན་གྱི་གཏེར་ཁ་རྣམས། །
ཕྱི་རབས་རྟེན་དུ་བཞག་པའི་ངོ་མཚར་སྣང༌། །
 
བསམ་བཞིན་མ་འབད་ལྷུན་གྱིས་གྲུབ་པ་ཡི། །
བྱིན་རླབས་དྲོ་ཁོལ་འབར་བའི་དབེན་ཕུག་དག །
སྒོམ་པ་ལྟ་ཅི་མཇལ་བ་ཙམ་གྱིས་ཀྱང་༌། །
རྒྱུད་ལ་ཉམས་རྟོགས་ཏིང་འཛིན་སྐྱེ་བ་ཡོད། །
 
གཞན་ཡང་དབུས་ཀྱི་བྲག་ཕུག་གོང་མའི་ནང་། །
མ་སྲིང་མཁའ་འགྲོའི་སྐུ་བརྙན་རང་བྱོན་དང་། །
རྟག་ཏུ་འདའ་མེད་མར་མེ་གསལ་སྒྲོན་སོགས། །
འཇིག་རྟེན་གཞན་ན་མེད་པའི་ཁྱད་ནོར་ཡོད། །
 
ད་དུང་ཟབ་གཏེར་འབུམ་སྡེ་ཁམས་ཆེན་དང་། །
གཡུ་ཡི་མཆོད་རྟེན་དུང་དཀར་གཡས་འཁྱིལ་དང་། །
སངས་རྒྱས་སྨན་ལྷའི་དམ་རྫས་བརྒྱ་རྩ་སོགས། །
ཁྱད་འཕགས་བྱིན་རླབས་དམ་རྫས་དུ་མ་ཡོད། །
 
འཆི་མེད་ཚེ་ཡི་སྒྲུབ་ཆུ་ཚེ་རིལ་དང་། །
བཞི་བརྒྱ་རྩ་བཞིའི་ནད་སེལ་སྨན་གྱི་རིལ། །
གཡང་རྟེན་ལྷ་འབྲི་དཀར་མོའི་ནུ་མ་སོགས། །
ཕྱྭ་ཚེ་གཡང་གི་རྟེན་རྫས་དུ་མ་ཡོད། །
 
ཁྱད་པར་གནས་གསུམ་མ་སྲིང་མཁའ་འགྲོ་དང་། །
སྲིད་པའི་རྒྱལ་མོ་དཀར་སྨུག་ནག་གསུམ་གྱི། །
སྒྲུབ་རྫས་རྟེན་རྫས་བསྐང་རྫས་ལ་སོགས་པ། །
བྱིན་ཚན་མ་ཡལ་གཏེར་གྱི་མཛོད་དུ་བཞུགས། །
 
བཞི་བརྒྱ་རྩ་བཞིའི་ནད་རིགས་འཇོམས་ནུས་པའི། །
རྩ་བར་སྨན་གྱི་མཚོ་མོ་རང་འཁྱིལ་དང་། །
སྦྱོར་སྒྲོལ་རོལ་པའི་ཚུལ་འཛིན་ཁྲག་ཞག་རྒྱུན། །
དམར་ནག་རཀྟའི་མཚོ་མོ་རང་འཁྱིལ་ཡོད། །
 
རྩ་གསུམ་ཡི་དམ་རྒྱ་མཚོ་འདུས་པའི་སྡེ། །
ལྷ་ཚོགས་སྤྲུལ་པ་བཅས་པའི་ཚོམ་བུ་ཀུན། །
ཡེ་ཤེས་མེ་རི་འཇའ་ཟེར་འོད་ཕུང་ཀློང༌། །
ལམ་མེར་བཀྲ་བའི་གཞལ་ཡས་ཁང་དུ་གྲུབ། །
 
སྔོན་ཚེ་རིག་འཛིན་དཔའ་བོ་མཁའ་འགྲོ་ཡི། །
རྣམ་སྤྲུལ་དག་གིས་ཟབ་གཏེར་བཞེས་པའི་ཤུལ། །
གཏེར་སྒྲོམ་རྣམས་སུ་སྨན་མཆོག་དྲི་ངད་ནི། །
དཔག་ཚད་བརྒྱ་ཕྲག་ཁྱབ་པའི་ལོ་རྒྱུས་ཡོད། །
 
གཞན་དུ་རྒྱལ་བསྟན་སྐྱོང་མཛད་གྲུབ་པའི་མཐའ། །
སོ་སོའི་ཡི་དམ་ལྷ་ཡི་དཀྱིལ་འཁོར་དང༌། །
མོས་པའི་ཁམས་བཞིན་དད་པའི་ཞིང་གི་སར། །
ལྷུན་གྲུབ་ཡོན་ཏན་བཀོད་པ་གནས་འདིར་རྫོཌ། །
 
གནས་མཆོག་བྲག་དཀར་དེ་ཡི་ཞོལ་ངོས་སུ། །
རྫ་སྤང་མེ་ཏོག་པད་མ་བཀོད་འདྲའི་དཀྱིལ། །
གཤེན་གྱི་བསླབ་གསུམ་སེམས་དཔའ་རྒྱ་མཚོའི་གནས། །
སྨན་བྲག་གཡུ་མཚོ་དགོན་གྱི་འདུས་སྡེ་གནས། །
 
ཕྱི་རུ་ངོ་མཚར་གསས་ཁང་གཞལ་ཡས་ཁང་། །
ནང་དུ་ཡི་དམ་ལྷ་ཡི་སྐུ་བརྙན་དང་། །
བྱིན་ལྡན་སྐུ་གདུང་གསུང་རབ་གྲངས་འདས་པ། །
དད་ལྡན་བསོད་ནམས་བསགས་པའི་ཞིང་དུ་གྱུར། །
 
ཐར་པའི་ཉེ་ལམ་འཛིན་པའི་རྣལ་འབྱོར་བ། །
དབེན་ལ་ཉམས་རྟོགས་སྒོམ་ལ་སྤྲོ་བ་དག། །
གནས་འདི་ཐར་བའི་རྒྱན་དུ་བསྟེན་མཛོད་དང་༌། །
རིག་འཛིན་གྲལ་ལ་ཚུད་པར་ཐེ་མི་ཚོམ། །
 
དེ་ལྟར་ངོ་མཚར་ཡོན་ཏན་འབུམ་ལྡན་པའི། །
གནས་འདིར་ཕྱག་སྐོར་མཆོད་པའི་འབྲེལ་ཐོཌ་པ། །
བསོད་ནམས་དངོས་པོ་ཁྱད་དུ་འཕགས་སོ་ཞེས། །
རིག་འཛིན་བླ་མ་གྲུབ་ཐོབ་དུ་མས་བསྔགས། །
 
ངོ་མཚར་སྤྲུལ་བའི་ཞིང་འདིའི་གསང་གསུམ་དཔལ། །
བྱང་སེམས་མ་གཏོགས་བླུན་རྨོངས་བདག་ལྟའི་བློས། །
ཇི་བཞིན་བསམ་བརྗོད་ཡུལ་ལས་འདས་ན་ཡང༌། །
དད་པས་ཟུར་ཙམ་བརྗོད་ལ་བསྙོན་དུ་མེད། །
 
འདིར་འབད་ལྷག་བསམ་སྐྱ་རེངས་གསར་པ་ཡིས། །
དྲངས་པའི་རྣམ་དཀར་ཉི་གཞོན་འབར་བའི་གཟིས། །
ཕན་བདེའི་རྩ་ལག་རྒྱལ་བསྟན་པད་མོའི་ཚལ། །
མི་མཉམ་ཕྱོགས་མཐར་རྒྱས་པའི་རྒྱུ་རུ་ཤོག །
 
འདུན་པའི་སྡེ་རྣམས་རྣམ་དག་ཚུལ་ཁྲིམས་ལ། །
གནས་ཤིང་ཐོས་དང་བསམ་དང་སྒོམ་པའི་དོན། །
ལེཌ་པར་བསླབས་ཤིང་རྟག་ཏུ་བསྒོམས་པའི་མཐུས། །
རྟོགས་པའི་ཡོན་ཏན་འཕེལ་ཞིང་རྒྱས་པར་ཤོག །
 
རྒྱལ་བ་སྲས་དང་བཅས་པས་འགྲོ་བའི་དོན། །
དམིགས་མེད་སྨོན་ལམ་རྒྱ་ཆེན་བཏབ་པ་ལྟར། །
བདག་ཀྱང་ལྷག་བསམ་དག་པས་ཚུལ་བཞིན་དུ། །
སྨོན་ལམ་འདི་བཏབ་མྱུར་དུ་འགྲུབ་པར་ཤོག །
ཨ་རུ་ཤེས་རབ་རྩལ་དུ་འབོད་པ་དེས་རིག་འཛིན་གོང་མས་མཛད་པའི་གནས་ཀྱི་བསང་བརྔན་སོགས་ལ་གཞི་བཅོལ་ནས་ལྷ་ལྡན་གྲོང་དུ་ཟླ་ཚེས་བཟང་པོར་བྲིས།
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།