བསྟོད་ཚིག་དད་པའི་ལྗོན་ཤིང་།

[ཟླ་ཚེས། 2020-12-28 15:45:34][རྩོམ་པ་པོ། ཨ་རུ་ཤེས་རབ་རྩལ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

༄༅། །རྣམ་འདྲེན་དམུ་རྒྱལ་སྲས་ལ་མངོན་པར་བསྟོད་པ་སྐྱེས་བུ་ཆེན་པོ་མཚོན་པར་བྱེད་པའི་དཔེ་བྱད་བཟང་པོ་བརྒྱད་ཅུའི་གྲངས་ལྡན་བསྟོད་ཚིག་དད་པའི་ལྗོན་ཤིང་།

རྣམ་འདྲེན་ཡང་དག་པར་རྫོགས་པའི་སངས་རྒྱས་རྒྱལ་བ་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བ་ལ་ཕྱག་འཚལ་ལོ། །
༡ འགྱུར་མེད་སྐུ་ལ་མཚན་དཔེའི་འོད་སྟོང་འབར། །
འགག་མེད་གསུང་ལ་བརྒྱད་ཁྲིའི་བོན་འཁོར་སྟོན། །
འཁྲུལ་མེད་ཐུགས་ལ་མ་ལུས་གཅིག་འཆར་གཟིགས། །
མི་འཇིཌ་སྟོབས་བཅུའི་དཔལ་བརྗིད་དམུ་སྲས་རྒྱལ། །
 
༢ ཤིན་ཏུ་འཁྲུངས་དཀའི་ཨུ་དུམ་ཝ་ར་ལྟར། །
སངས་རྒྱས་འཇིག་རྟེན་ཞིང་དུ་འབྱོན་པ་དཀའ། །
བསྐལ་བཟང་ལྷ་མིའི་བསོད་ནམས་དཔལ་མངཌ་པ།
རྣམ་འདྲེན་དམུ་རྒྱལ་གཤེན་རབ་མི་བོར་འདུད། །
 
༣ ཉིད་ཀྱི་ཡོན་ཏན་སངས་རྒྱས་སྟོང་གིས་ཀྱང་། །
སྐལ་བར་བརྗོད་ཀྱང་རྟོགས་པར་དཀའ་བ་ནས། །
བདག་བློའི་རྣམ་དཔྱོད་ཁབ་མིག་ཙམ་དག་གིས། །
ཅུང་ཟད་ཙམ་ཡང་གཞལ་བར་ག་ལ་ནུས། །
 
༤ འོན་ཀྱང་བཀའ་དྲིན་རྗེས་སུ་བསམ་པ་སྟེ། །
གུས་པའི་ཡིད་ཙམ་མཚོན་པར་བྱས་པ་ཡིས། །
མངོན་པར་བསྟོད་པ་དད་པའི་ལྗོན་ཤིང་ལས། །
ཐར་པའི་འབྲས་བུ་སྨིན་པའི་གསོས་སུ་སྤེལ། །
 
༥ དང་པོ་བྱང་ཆུབ་མཆོག་ཏུ་ཐུགས་མཆོག་བསྐྱེད། །
བར་དུ་གྲངས་མེད་གསུམ་དུ་ཚོགས་གཉིས་བསགས། །
མཐར་ཐུག་འོག་མིན་གྱི་ཞིང་དུ་རྫོགས་སངས་རྒྱས། །
རྣམ་འདྲེན་བརྒྱ་པའི་མགོན་པོར་གུས་ཕྱག་འཚལ། །
 
༦ དག་པ་གཏོ་རྒྱལ་ཡེ་མཁྱེན་བསྟན་འཛིན་དུ། །
གསལ་བ་གཤེན་རབ་འཆི་མེད་གཙུག་ཕུད་མཆོག །
སྟོན་པ་ཐམས་ཅད་མཁྱེན་གཟིགས་ལུང་བསྟན་ལྟར། །
འཛམ་གླིང་སྟོན་པ་དགོངས་ལ་གུས་ཕྱག་འཚལ། །
 
༧ འོག་མིན་ཞིང་དུ་གཤེན་ལྷ་འོད་དཀར་ལ། །
འགྲོ་བ་འདུལ་བའི་བོན་ལུང་ཡོངས་ཞུས་ཏེ། །
གནས་རིཌ་བཞི་དང་གཟུཌ་ཁམས་བཅུ་བདུན་གནས། །
འདོད་ལྷ་སོགས་ནས་རིམ་བྱོན་གུས་ཕྱག་འཚལ། །
 
༨ རྩ་གསུམ་ལྷ་ཡི་ཞིང་དུ་བོན་འཁོར་སྐོར། །
གཅུང་ཤེས་ལྷ་ཡི་ཡུལ་དུ་རྒྱལ་ཚབ་བསྐོས། །
འཇིག་རྟེན་དྲེཌ་སྡེའི་ཚོཌ་རྣམས་དབང་བསྡུས་ཏེ། །
བསྟན་པའི་སྲུང་མར་བསྐོས་ལ་གུས་ཕྱག་འཚལ། །
 
༩ རི་རབ་ཁ་ཁྱེར་འཕགས་སྐྱེས་རྒྱལ་ས་ནས། །
དགོངས་པ་ལྔ་ལྡན་འཛམ་གླིང་སོ་ཀར་རུ། །
རྐང་བཞི་སེང་གེའི་རྣམ་པ་ལས་སྤྲུལ་ནས། །
ལྷ་ནས་མི་རུ་བབས་ལ་གུས་ཕྱག་འཚལ། །
 
༡༠ མི་བརྗེད་གནས་ཀྱི་ཚང་རྒྱུང་ཉེར་ལྔའི་དབུས། །
གླིང་བཞིའི་ཁྱད་འཕགས་འཛམ་བུ་གླིང་གི་དཀྱིལ། །
སངས་རྒྱས་སྟོང་རྩས་འགྲོ་དོན་མཛད་པའི་ཞིང་། །
རྗེས་བཟུང་འགྲོ་དོན་བྱོན་ལ་གུས་ཕྱག་འཚལ། །
 
༡༡ རི་མཐོ་ས་གཙང་ཞང་ཞུང་ཕུག་པའི་གནས། །
གཡུང་དྲུང་དགུ་རྩིག་ཏི་སེ་གངས་ཀྱི་མགུལ། །
རིན་ཆེན་རྒྱལ་མཁར་བར་པོ་སོ་བརྒྱད་དབུས། །
གཟིགས་དགོངས་ཚད་ལྔ་བཀྲམ་ལ་གུས་ཕྱག་འཚལ། །
 
༡༢ མི་རྒྱུད་ལྷར་ཆད་ལྷ་རབས་འཐེན་དགུའི་རྗེས། །
གཤེན་ལྷའི་ཐུཌ་ཀྱི་ཟེར་ལས་དམུ་རིགས་གདུང་། །
མི་བོན་ལྷ་བོན་རྒྱལ་པོན་ཐོད་དཀར་གྱི། །
གཟིགས་པས་སྲས་སུ་དགོངས་ལ་གུས་ཕྱག་འཚལ། །
 
༡༣ འཁོར་བའི་སྐྱོན་བྲལ་མཚན་དང་ལྡན་པའི་ཡུམ། །
མི་ཕྱི་ལྷ་ཡི་ཡོ་ཕྱི་རྒྱལ་བཞད་མར། །
ཡིག་འབྲུ་ཨ་དཀར་གཡུང་དྲུང་འོད་འབར་བའི། །
རྣམ་པས་ལྷུམས་སུ་ཞུགས་ལ་གུས་ཕྱག་འཚལ། །
 
༡༤ ལོ་རྒྱལ་ཤིང་བྱིའི་དཔྱིད་ར་མེ་སྟག་གི། །
ཞག་གི་སྙིང་པོ་ཚེས་ཆེན་བཅོ་ལྔའི་དུས། །
ནམ་ལངས་སྐར་མ་རྒྱལ་གྱི་རུ་གོང་དུ། །
གཟུགས་སྐུ་མཚན་དཔེ་བཞེད་ལ་གུས་ཕྱག་འཚལ། །
 
༡༥ ཐུགས་ལ་ཉི་ཟླའི་འོད་ཟེར་ཕྱོགས་བཅུར་འཕྲོ། །
གསུང་ལ་རྒྱུ་འབྲས་མན་ངག་བཅུད་ཀྱི་གཏམས། །
སྐུ་ལ་མཚན་བཟང་སུམ་ཅུ་རྩ་གཉིས་དང་། །
དཔེ་བྱད་བཟང་པོས་རྒྱན་ལ་གུས་ཕྱག་འཚལ། །
 
༡༦ རྐང་གཉིས་གཙུག་རྒྱན་དམུ་སྲས་ཁྱེད་གཏམ་ཚེ། །
གཤེན་འགྲོས་གོམ་གསུམ་ས་རུ་བོར་བའི་ཤུལ། །
གཡུང་དྲུང་པད་མ་ལམ་ལམ་ཝ་ལེར་གསལ། །
ཀུན་ལས་ཁྱད་པར་འཕགས་ལ་གུས་ཕྱག་འཚལ། །
 
༡༧ མཚན་མཁན་བྲམ་ཟེ་གསལ་ཁྱབ་འོད་ལྡན་གྱིས། །
སངས་རྒྱས་བསྟན་པའི་གཙོ་བོ་སྟོན་པ་མཆོག །
གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ། །
ཞེས་པའི་མཚན་མཆོག་གསོལ་ལ་གུས་ཕྱག་འཚལ། །
 
༡༨ གཞོན་ནུའི་དུས་སུ་ཡིག་རྩིས་སྒྲ་ཚད་དང་། །
བཟོ་རིག་སྒྱུ་རྩལ་ཕུལ་བྱུང་བློ་རྩལ་སྦྱངས། །
འཇིག་རྟེན་མངའ་བདག་ཀུན་གྱིས་ཞབས་བཏེཌ་ཏེ། །
ཀུན་གྱིས་མངོན་པར་བཏུད་ལ་གུས་ཕྱག་འཚལ། །
 
༡༩ དེ་ཕྱིར་སངས་རྒྱས་བསྟན་པའི་གཞི་མ་སྟེ། །
བཟོ་རིག་སྐོར་སོགས་རིག་པའི་གནས་ལྔ་རྣམས། །
འཛམ་གླིང་མཛེས་བྱེད་རྒྱན་དྲུག་ལ་སོགས་ལ། །
བསྟན་པ་གཉེར་གཏད་མཛད་ལ་གུས་ཕྱག་འཚལ། །
 
༢༠ དབང་པོ་རབ་འབྲིང་ཐ་མའི་སློབ་བུ་ལ། །
འབུམ་ཕྲག་མཐའ་ཡས་བོན་གྱི་སྒོ་མོ་དཀྲོལ། །
ཞལ་མཐོང་སེམས་ཅན་ཐམས་ཅད་སངས་རྒྱས་སོ། །
པེའུ་རྩེ་རྣམ་གསུམ་བསྟན་ལ་གུས་ཕྱག་འཚལ། །
 
༢༡ དེ་ཕྱིར་དོད་དམ་གཙོར་བསྟན་མན་ངག་ལུང་། །
ཕྱྭ་སྣང་འཕྲུལ་སྲིད་དགེ་དྲང་ཨ་ཡེ་དང་། །
ཡང་རྩེ་བླ་མེད་ཐེག་པ་ལ་སོགས་པ། །
གཏན་ལ་བབས་པར་མཛད་ལ་གུས་ཕྱག་འཚལ། །
 
༢༢ དམུ་རིགས་འཕྲུལ་གྱི་རྒྱལ་པོའི་རྒྱལ་ས་རུ། །
སྲིད་གསུམ་ཡོངས་ཀྱི་བླ་རུ་མངའ་གསོལ་ནས། །
རྒྱལ་བུའི་བཀའ་ཁྲིམས་བསྩལ་བའི་མདོ་སྡེ་སོགས། །
ལེགས་ཉེས་བླང་དོར་བསྟན་ལ་གུས་ཕྱག་འཚལ། །
 
༢༣ ཕུན་ཚོགས་སྐུ་འཁོར་སྡེ་བཞི་ཡ་བརྒྱད་ལ།
བཀའ་གཞུང་བཤད་ཉན་སྒོམ་སྒྲུབ་དཀའ་ཐུབ་ཀྱིས།
རྩ་བ་ཡན་ལག་ཉིང་ལག་རབ་སྤྲོས་ནས། །
སྡེ་བཞིའི་བོན་འཁོར་བསྐོར་ལ་གུས་ཕྱག་འཚལ། །
 
༢༤ དག་པ་གཉིས་ལྡན་བོན་དབྱིངས་མ་གཡོས་ཀྱང་། །
འདུལ་དྲུག་ཡེ་གཤེན་གཡེན་འདུལ་སུམ་ཅུ་སོགས། །
འཛམ་གླིང་བྱེ་བ་ཕྲག་བརྒྱར་སྤྲུལ་པའི་སྐུ། །
བྱེ་བ་ཕྲག་བརྒྱ་འབྱེད་ལ་གུས་ཕྱག་འཚལ། །
 
༢༥ ཤར་ཕྱོགས་རྒྱལ་ཁམས་འོ་མ་འབྱམས་སྐྱ་རུ། །
གཏོ་བུ་དོད་དེ་མཚམས་མེད་བྱས་པའི་ལས། །
ཤི་ནས་དམྱལ་བའི་སྡུག་བསྔལ་སྣང་བ་དེ། །
ཞི་བར་མཛད་པ་ཁྱེད་ལ་གུས་ཕྱག་འཚལ། །
 
༢༦ ནུབ་ཕྱོགས་རྒྱལ་ཁམས་ཧོས་མོ་གླིང་དྲུག་ཏུ། །
ཆགས་པའི་སེམས་ཅན་མ་ཏི་འགུ་ལིང་མ། །
སློབ་དཔོན་རྐུར་བཏབ་སྡུག་བསྔལ་མཛེས་མནར་ཚེ། །
ཐུགས་རྗེས་ཞི་བར་མཛད་ལ་གུས་ཕྱག་འཚལ། །
 
༢༧ ཧོས་མོ་གླིང་དུ་བོན་གྱི་བསྟན་པ་དར། །
རྒྱལ་པོ་ཡབ་ཡུམ་སྲས་འཁོར་དགེ་བར་ཚུད། །
ཧོས་ཟ་རྒྱལ་མེད་དྲིན་ལན་ཁབ་ཏུ་ཕུལ། །
ཐམས་ཅད་དགེ་བར་ཚུད་ལ་གུས་ཕྱག་འཚལ། །
 
༢༨ འདམ་གྱི་དབུས་ན་དྲི་མེད་པདྨ་བཞིན། །
འཁོར་བ་སྲིད་པའི་སྐྱོན་གྱིས་མ་གོས་ཀྱང་། །
ཐབས་ཤེས་མཛད་པ་འཇིག་རྟེན་ཐུན་ཕྱིར་དུ། །
ཁབ་ཀྱི་དཔལ་འབར་བཞེས་ལ་གུས་ཕྱག་འཚལ། །
 
༢༩ དེ་ཕྱིར་རྒྱལ་ས་འོལ་མོ་ལུང་རིང་དུ། །
སྲིད་པའི་སྣ་བླན་བྱུར་ཕྱུང་དཔལ་གཡང་སྐྱབས། །
ཞལ་དྲོ་ཕྱྭ་གཡང་བླན་ཅིང་དམུ་ཐག་བཏགས། །
སྟང་དབྱལ་འདུ་བ་བསྐྱངས་ལ་གུས་ཕྱག་འཚལ། །
 
༣༠ དང་པོ་བཀའ་ཡི་གླེང་སློང་ཞུ་བ་པོ༌། །
བར་དུ་རྒྱལ་བའི་བསྟན་པ་གཉེར་འཛིན་མཁན། །
ཐ་མར་བཀའ་རྣམས་བསྡུ་བར་མཛད་པའི་སྲས། །
སྤྲུལ་ན་འགྲོ་དོན་མཛད་ལ་གུས་ཕྱག་འཚལ། །
 
༣༡ ལྷོ་ཕྱོགས་དཔོ་ཡི་རྒྱལ་ཕྲན་ཁྲི་འོད་སུ། །
མ་རིག་དབང་གྱུར་སྡིག་ཆེན་མི་དགུ་སོགས། །
ལས་ཀྱི་རྣམ་སྨིན་ངན་སོང་སྦྱོང་བ་ལ། །
བདེ་ཆེན་ཐར་པ་བཀོད་ལ་གུས་ཕྱག་འཚལ། །
 
༣༢ མ་འོངས་ཕྱི་རབས་རྗེས་འབྲང་གང་ཟག་ལ། །
གཅིག་གསོ་གཅིག་གསོད་བོན་ནི་ངས་མི་ཤེས། །
ལོག་པ་ཡིན་པས་བྱ་ཡང་མི་རུང་ངོ་། །
ཞེས་པའི་གདམས་ངག་བསྟན་ལ་གུས་ཕྱག་འཚལ། །
 
༣༣ ཁྲི་ཐང་འབྱམས་ཅར་བསྟན་པའི་འཁོར་ལོ་བསྐོར། 
དཔོ་ཟ་ཐང་མོ་སྟོན་པའི་ཁབ་ཏུ་ཕུལ། །
ཀུན་རིག་སྒྲོན་མེའི་དཀྱིལ་འཁོར་བསྟན་པ་བཞག །
རྒྱལ་ཁམས་དགེ་བར་མཛད་ལ་གུས་ཕྱག་འཚལ། །
 
༣༤ ཞང་ཞུང་ཕུག་པའི་རྒྱལ་པོ་ཁྲི་འོད་སྲས། །
རྒྱལ་རིགས་གཤེན་པོ་མི་ལུས་བསམ་ལེགས་ལ། །
སྒོ་བཞི་མཛོད་ལྔ་ཐེག་དགུ་ཕྱི་ནང་བོན། །
བཤད་ནས་འགྲོ་དོན་མཛད་ལ་གུས་ཕྱག་འཚལ། །
 
༣༥ སྟག་གཟིག་མེ་ཉག་ཨུ་རྒྱན་རྒྱ་དཀར་ནག །
བལ་པོ་ཟ་ཧོར་ཁ་ཆེ་ཐོ་གར་ལི། །
རྒྱལ་ཕྲན་དག་ལ་སྐད་རིགས་མི་མཐུན་པ། །
གསུམ་བརྒྱ་དྲུག་ཅུ་བསྒྱུར་ལ་གུས་ཕྱག་འཚལ། །
 
༣༦ རེ་ཞིག་བདུད་ཡུལ་མུན་པའི་བདུད་ཀྱི་རྗེ། །
ཁྱབ་པས་མི་དགེ་དུག་མཚོན་བཏང་བ་ལ། །
གཤེན་གྱིས་ཡས་སྟག་སྔན་པས་བདུད་རྣམས་ཚིམ། །
འཇིག་རྟེན་བདེ་བར་མཛད་ལ་གུས་ཕྱག་འཚལ། །
 
༣༧ རྣམ་སྨིན་ལས་དང་མ་རིག་འཁྲུལ་དབང་གིས། །
གཤེན་ལ་ཆོ་འཕྲུལ་སྣ་དགུ་སྟོན་པ་ལས། །
སྟོན་པའི་ཐབས་ཀྱིས་ཡོངས་སུ་བཏུལ་བར་མཛད། །
བར་ཆོད་ཞི་བར་མཛད་ལ་གུས་ཕྱག་འཚལ། །
 
༣༨ ཁྱབ་པས་བདུད་དམག་བྱེ་བ་དུང་ཕྱུར་དྲངས། །
མདའ་མཚོན་སྣ་ཚོགས་དྲག་པོའི་ཆར་དུ་ཕབ། །
སྟོན་པའི་སྤྲུལ་པས་པད་མའི་ཆར་དུ་གྱུར། །
སྤྲུལ་པས་ལོག་རྟོགས་འཇོམས་ལ་གུས་ཕྱག་འཚལ། །
 
༣༩ བདུད་ཀྱི་རྗེ་བོ་རྒྱ་ལག་ཐོད་རྗེ་ཡི། །
མ་རིག་བདུད་ཀྱི་འཁོར་དང་བཅས་པ་རྣམས། །
དད་པ་སྐྱེས་ཏེ་སྟོན་པའི་འཁོར་དུ་གྱུར། །
ལོགས་ཕྱོགས་དགེ་བར་ཚུད་ལ་གུས་ཕྱག་འཚལ། །
 
༤༠ ཤོར་བས་རྟ་བདུན་བརྐུས་ནས་ཀོང་ཡུལ་བྲོས། །
སྟོན་པ་རྟ་ལ་ཆགས་པ་མ་ཡིན་ཀྱང་། །
བོད་ཡུལ་སྲིན་རིགས་དབང་དུ་བསྡུ་བ་དང༌། །
བདུད་སྲིན་འདུལ་བར་དགོངས་ལ་གུས་ཕྱག་འཚལ། །
 
༤༡ ཐུགས་ཀྱི་བྱིན་རླབས་འོད་ཟེར་མདའ་གང་ཞིག །
མ་འོངས་ཕྱི་རབས་འགྲོ་བའི་དོན་ཆེད་དུ། །
རི་ནག་ལས་འཕྲོས་བོན་རིར་སྤྲུལ་ཏེ་བཞག །
རྗེས་བཞག་འགྲོ་དོན་མཛད་ལ་གུས་ཕྱག་འཚལ། །
 
༤༢ ཀོང་རྗེ་ལ་སོགས་དགེ་ལ་མོས་པ་དག །
སྟོན་པའི་འཁོར་གྱུར་ཀོང་ཟ་ཁབ་ཏུ་ཕུལ། །
ཀོང་བཙུན་དེ་མོ་ལ་སོགས་གདུལ་བྱ་རྣམས། །
བསྟན་ལ་གནས་པར་མཛད་ལ་གུས་ཕྱག་འཚལ། །
 
༤༣ དེ་ཕྱེར་བོད་ཀྱི་བོན་པོར་རྒྱུ་འབྲས་བོན། །
བསྟན་ན་ནམ་ཞིག་ཐེག་པ་རིམ་དགུ་ཡི། །
བོན་བསྟན་དར་བའི་སྨོན་ལམ་རྒྱ་ཆེར་བཏབ། །
གངས་རིའི་མེས་པོ་ཁྱེད་ལ་གུས་ཕྱག་འཚལ། །
 
༤༤ དེ་བཞིན་མོན་དང་ཕྲོམ་དང་བྲུ་ཤ་སོགས། །
རྒྱལ་ཕྲན་རེ་ལ་བདེན་གཉིས་དོར་མཉམ་གྱི། །
གཡུང་དྲུང་བོན་གྱི་བསྟན་པ་རེ་བཞག་ནས། །
འགྲོ་དོན་ཕྱོགས་མེད་མཛད་ལ་གུས་ཕྱག་འཚལ། །
 
༤༥ དེ་ནས་བོད་ཡུལ་སྟོད་སྨད་བར་གསུམ་གྱི། །
མགུར་ལྷ་བཅུ་གསུམ་སྲིད་པའི་ལྷ་དགུ་དང་། །
བསྟན་མ་བཅུ་གཉིས་མཚོ་སྨན་ཆེ་ལྔ་སོགས། །
ཞབས་བཅག་བཀའ་རྟ་བཞག་ལ་གུས་ཕྱག་འཚལ། །
 
༤༦ ཞང་ཞུང་ཁ་ཡུག་ཁྱུང་ལུང་དངུལ་མཁར་རུ། །
རྐོང་ཟ་ཁྲི་ལྕམ་དེར་བསུས་རྐོང་ཚ་འཁྲུངས། །
རྒྱལ་བའི་གདུང་འཛིན་མི་རྗེ་འགྲོ་བའི་མགོན། །
སྤྲུལ་ནས་འགྲོ་དོན་མཛད་ལ་གུས་ཕྱག་འཚལ། །
 
༤༧ མགོན་བཙུན་ཕྱྭ་ཡུལ་སྣང་དང་གཡུ་རྩེ་རུ། །
གུང་དྲུག་ཁབ་བཞེས་ཕྱྭ་ཡི་སྐུ་འཚོ་མཛད། །
གཤེན་རབ་གདུང་འཚོབ་མུ་ཆོ་ལྡེམ་དྲུག་འཁྲུངས།
ལྷ་ལ་བོན་བཤད་མཛད་ལ་གུས་ཕྱག་འཚལ། །
 
༤༨ གསས་ཀྱི་ཡུལ་བྱོན་བོན་གྱི་འཁོར་ལོ་བསྐོར། །
གསས་ཟ་ངང་རིང་ཁབ་བཞེས་རྒྱལ་བའི་སྲས། །
སྡེ་དྲུག་བོན་མཁས་འོལ་དྲུག་ཐང་པོ་འཁྲུངས། །
གསས་ཡུལ་གཡུང་དྲུང་སར་བཀོད་གུས་ཕྱག་འཚལ། །
 
༤༩ ལྷོ་ཕྱོགས་ཤག་རིགས་རྒྱལ་པོའི་འགྲོ་དོན་དུ། །
ཕེབས་ནས་གསས་མཁར་སྒྲོན་མ་དགུ་ཐོག་བཞེངས། །
ཁ་ཏེ་མུ་ཡ་ལ་ཐེག་དགུའི་གཉེར་དཔོན་སྐོས། །
ཐེག་དགུའི་བསྟན་པ་བཞག་ལ་གུས་ཕྱག་འཚལ། །
 
༥༠ རྒྱལ་རིགས་ཞིང་གི་རྒྱལ་བུའི་འགྲོ་དོན་དུ། །
སྤྲུལ་པའི་མཆོད་རྟེན་བརྒྱ་དང་ཉི་ཤུ་བཞེངས། །
སྤང་ལ་ནམ་གཤེན་ཉིད་གཏད་སྐུ་གདུང་གི། །
བསྟན་པ་རྗེས་བཞག་མཛད་ལ་གུས་ཕྱག་འཚལ། །
 
༥༡ རྒྱ་ལག་འོད་གླིང་འཕྲུལ་བསྒྱུར་བཀོད་པའི་བདག །
ཀོང་ཙེ་འཕྲུལ་རྒྱལ་བསམ་པ་དག་པའི་ལས། །
མུ་འཁྱུད་མཚོ་ལ་གསས་ཁང་བརྩིགས་པའི་འཕྲོ། །
ཡོངས་སུ་གྲུབ་པར་མཛད་ལ་གུས་ཕྱག་འཚལ། །
 
༥༢ དཀར་ནག་བཀྲ་གསལ་རྒྱ་མཚོའི་གླིང་ཐོག་ཏུ། །
བོན་རྣམས་སྒོ་བཞི་མཛོད་དང་ལྔ་ཕྱེས་ནས། །
སྐུ་གདུང་སྐུ་གཟུགས་གསུང་རབ་འགྲོ་བའི་རྟེན། །
བསྟན་པ་རྗེས་བཞག་མཛད་ལ་གུས་ཕྱག་འཚལ། །
 
༥༣ གྲོང་ཁྱེར་ཕྱོགས་བཞིར་སྐྱེ་རྒ་ན་འཆི་ལ། །
གཟིཌ་པའི་ངེས་འབྱུང་རྐྱེན་གྱིས་བསྐུལ་ཚུལ་མཛད། །
མཆོད་རྟེན་རྣམ་དག་དཀར་པོའི་མདུན་དྲུང་དུ། །
ཁྱིམ་སྤངས་རབ་ཏུ་བྱུང་ལ་གུས་ཕྱག་འཚལ། །
 
༥༤ སྐུ་ལ་ན་བཟའ་པད་ལོ་རིས་དྲུག་དང༌། །
རིན་ཆེན་བླངས་བའི་རྫས་ལྔ་ལ་སོགས་པ། །
རྨད་བྱུང་ངུར་སྨྲིག་གཙང་མ་རབ་བྱུང་ཆས། །
ཡོངས་སུ་བཞེས་པར་མཛད་ལ་གུས་ཕྱག་འཚལ། །
 
༥༥ གཡུ་བྱ་ཁུ་བྱུག་སྤྲུལ་ནས་དགུང་དུ་གཤེགས། །
འོག་མིན་ཞིང་དུ་ལེགས་ལྡན་རྒྱལ་བའི་དྲུང་། །
དག་པ་དྲང་སྲོང་ཁྲིམས་རྣམས་རྫོགས་པར་བླངས། །
ཡང་དག་ཁྲི་གཙུག་རྒྱལ་བ་གུས་ཕྱག་འཚལ། །
 
༥༦ རྩ་གསུམ་གནས་དང་རྒྱལ་ཆེན་རིགས་བཞིའི་ས། །
འོལ་གླིང་ཟད་མཚམས་མེ་ཏོག་གླིང་བཅས་སུ། །
དབྱིངས་བའི་གནས་སྤངས་བྱ་སྤྲེལ་མི་ཡི་དོན། །
ལོ་དགུ་དཀའ་ཐུབ་མཛད་ལ་གུས་ཕྱག་འཚལ། །
 
༥༧ དེ་ཕྱེར་གཤེན་རབ་ཡིད་ཀྱི་ཁྱེའུ་ཆུང་དང་། །
གཏོ་བུ་འབུམ་སངས་དཔྱད་བུ་ཁྲི་ཤེས་སོགས། །
དབང་རབ་འཁོར་ལ་བོན་འཁོར་ཚིག་བཞིའི་མདོ། །
ཡོངས་སུ་གསུངས་བར་མཛད་ལ་གུས་ཕྱག་འཚལ། །
 
༥༨ སྟོན་པ་ཁྲི་གཙུག་རྒྱལ་བས་སློབ་དཔོན་མཛད། །
གཡུང་དྲུང་གཙུག་གཤེན་རྒྱལ་བས་མཁན་པོ་མཛད། །
འ་ཞ་གསང་བ་མདོ་སྡུད་དཔང་པོ་མཛད། །
འདུལ་ཁྲིམས་འབོག་པར་མཛད་ལ་གུས་ཕྱག་འཚལ། །
 
༥༩ བསྙེན་གནས་དགེ་བསྙེན་གཙང་གཙུག་དྲང་སྲོང་བཅས། །
རྩ་བ་ཡན་ལག་ཁྲིམས་རྣམས་རྒྱས་བཀྲོལ་ཏེ། །
སྡེ་བཞིའི་འཁོར་ལ་རྣམ་དག་འདུལ་བའི་བོན། །
ཚུལ་བཞིན་སྟོན་པར་མཛད་ལ་གུས་ཕྱག་འཚལ། །
 
༦༠ གཡུང་དྲུང་དགུ་བརྩེཌ་ནགས་ཀྱི་ཚལ་གསེབ་དུ། །
གཡེང་བའི་ཚོགས་སྤངས་གཅིག་པུར་དགོན་པར་རུ། །
གཤེཌ་ནས་གཞན་དང་ཡོངས་སུ་མཚམས་བཅད་ནས། །
འཁོར་སྤངས་དབེན་པར་མཛད་ལ་གུས་ཕྱག་འཚལ། །
 
༦༡ གཏོ་བུ་འབུམ་སངས་བཙུན་པ་ཁྱབ་པ་སོགས། །
དབང་པོ་ཡང་རབ་དམ་པའི་འཁོར་ཚོགས་ལ། །
ཚེ་གཅིག་སངས་རྒྱས་གོ་འཕངས་བསྒྲུབ་པའི་ཐབས། །
དོན་དམ་ཉག་ཅིག་བསྟན་ལ་གུས་ཕྱག་འཚལ། །
 
༦༢ རྗོགས་ཆེན་གྱི་རྒྱུད་སྡེ་བཅུ་གཉིས་ལ་སོགས་པ། །
གཏན་ལ་ཕབ་སྟེ་དབེན་པའི་གནས་མཆོག་ཏུ། །
གཅིག་པུར་རི་དྭགས་སྨས་མ་ཇི་བཞིན་དུ། །
དོན་དམ་ཉམས་སུ་བླངས་ལ་གུས་ཕྱག་འཚལ། །
 
༦༣ སྐྱེ་བ་གཅིག་གིས་བླ་མེད་བསྒྲུབ་པའི་ཐབས། །
ལྟ་སྒོམ་སྤྱོད་པ་ཟུང་དུ་འབྲེལ་བའི་ལམ། །
བཀའ་འཁོར་ཐ་མ་ཕྱི་ནང་གསང་གསུམ་གྱི། །
མཐར་རྒྱན་བོན་འཁོར་བསྐོར་ལ་གུས་ཕྱག་འཚལ། །
 
༦༤ དེ་ཕྱེར་ཕྱི་ནང་གསང་བའི་སྐུ་ཡི་འཁོར། །
གདུང་སྲས་བརྒྱད་དང་ཡེ་ཤེས་སེམས་དཔའི་ཚོཌ། །
འཇིག་རྟེན་མངའ་དབང་སྡེ་བཅས་འཁོར་རྣམས་ལ། །
བོན་རྣམས་གཏད་གཉེར་མཛད་ལ་གུས་ཕྱག་འཚལ། །
 
༦༥ སྟོན་པ་འདས་ཀྱང་བསྟན་པ་མི་ནུབ་ཕྱེར། །
གཏོ་བུ་དཔྱད་བུ་ཤཱཀྱ་ཐུབ་ཀང་ཙེ་སོགས། །
གདུལ་དཀའ་འདུལ་ཕྱེར་རྒྱལ་བའི་སྲས་བཞི་ལ། །
གདུལ་བྱེད་བོན་རེ་བསྟན་ལ་གུས་ཕྱག་འཚལ། །
 
༦༦ སྟོན་པ་མཆོག་ལ་སྐྱེ་འཆི་མི་མངའ་ཡང་། །
གདུལ་བྱ་རྟག་འཛིན་ཅན་རྣམས་སུན་ཕྱུང་ཕྱིར། །
གྱ་གཉིས་ཆུ་ཡོས་དགུན་རའི་གནམ་སྟོང་ལ། །
དགོངས་པ་མྱ་ངན་འདས་ལ་གུས་ཕྱག་འཚལ། །
 
༦༧ ཐུགས་དང་འདྲ་བའི་འ་ཞ་གསང་བ་དང་།
ཕྱི་ནང་སྐུ་འཁོར་སྡེ་བཞི་ཡ་བརྒྱད་ཀྱིས། །
སྐུ་གདུང་གསེར་གྱི་སྒྲོམ་བུ་ལ་བཅུག་སྟེ། །
མཆོད་འབུལ་རྒྱ་ཆེར་མཛད་ལ་གུས་ཕྱག་འཚལ།
 
༦༨ འཕྲིན་ལས་བཅོ་བརྒྱད་དོན་ལྔས་ཁོག་ཕུབ་ཏེ། །
སྤྱན་དྲངས་དབང་པོ་སྒོ་གཙང་ཚར་བ་ནས། །
ཉི་མའི་ཟེར་ལ་གདུང་ཁང་ནམ་མཁའི་ཁར། །
སྐུ་བཞིའི་ཞལ་བཞི་བཞུགས་ལ་གུས་ཕྱག་འཚལ། །
 
༦༩ སྐུ་བཞིའི་ཐུགས་ལས་ཡེ་ཤེས་མེ་སྒྲོན་གྱིས། །
གདུངས་མེ་རང་འབར་འོད་ཟེར་ལམ་གྱིས་སོང་། །
དེ་ཚེ་ཕྱོགས་བཅུའི་འཇིག་རྟེན་སེམས་ཅན་རྣམས། །
སྒྲིབ་བྱང་ཚོགས་གཉིས་རྫོགས་ལ་གུས་ཕྱག་འཚལ། །
 
༧༠ དེ་ནུབ་མུན་སྲོས་ཕྱི་ནང་མཚམས་གསུམ་བཅད།
ནང་པར་བལྟས་པས་གདུང་ཐལ་དཀར་སངས་ངེར།
འོད་ཟེར་འཇའ་ཚོན་སྣ་ཚོགས་འོད་དུ་འབར་བ།
ཁམས་གསུམ་རྟེན་དུ་བཞུགས་ལ་གུས་ཕྱག་འཚལ།
 
༧༡ སྐུ་ཤ་ལས་སྨིན་རིན་ཆེན་འོད་འབར་བ།
ཐུགས་ལྗགས་སྤྱན་གསུམ་འཕྲུལ་ཆེན་ཞེ་ལྔ་དང་།
རིང་སྲེལ་ཁལ་གཅིག་བྲེ་ལྔ་ལས་བཞི་ལྷ།
སྐུ་གཟུགས་ཁྲི་འབུམ་བྱུང་ལ་གུས་ཕྱག་འཚལ།
 
༧༢ གདུང་རུས་ལས་བྱུང་མཆོད་རྟེན་བརྒྱ་རྩ་བརྒྱད།
དུང་དཀར་གཡས་འཁྱིལ་ཨ་དཀར་བརྒྱ་རྩ་བརྒྱད།
ཤ་རི་རམ་ནི་ཁ་དོག་སྟོང་ལྡན་པ།
སྟོང་དང་རྩ་བརྒྱད་བྱུང་ལ་གུས་ཕྱག་འཚལ།
 
༧༣ རིན་ཆེན་སྒྲོམ་ལྔ་ལྷ་སྐུ་ཡིག་འབྲུ་དང་།
སྐུ་གདུང་ཐུགས་ལྗགས་སྤྱན་གསུམ་རིང་སྲེལ་སོགས།།
འོལ་གླིང་ཕོ་བྲང་ལྔ་རུ་བཞུགས་གསོལ་ནས།
ཀུན་གྱིས་མཆོད་གནས་མཛད་ལ་གུས་ཕྱག་འཚལ།
 
༧༤ མ་འོངས་འགྲོ་བའི་ཚོགས་གཉིས་དད་པའི་རྟེན། །
ཤ་རི་རམ་རྣམས་ལྷ་ཀླུ་མི་གསུམ་གྱིས། །
བགོས་ནས་སོ་སོའི་མཆོད་གནས་སུ་སྤྱན་དྲངས། །
ངོ་མཚར་རྨད་བྱུང་སྣང་མཛད་ལ་ཕྱག་འཚལ། །
 
༧༥ གཤེན་ལྷའི་ལུང་ལྟར་རྩོད་ལྡན་འགྲོ་བའི་དོན། །
སྐུ་མཆོག་མི་རུ་བཞེས་ནས་མྱང་འདས་བར། །
མཛད་པ་བཅུ་གཉིས་མཛད་པ་དྲུག་བཅུ་དང་། །
སྣ་ཚོགས་མཛད་པ་སྐྱོང་ལ་གུས་ཕྱག་འཚལ། །
 
༧༦ དེ་ལྟར་བསྟན་པའི་བདག་པོ་གཤེན་རྒྱལ་བའི། །
མཛད་པའི་ཚུལ་ལ་ཅུང་ཙམ་བསྟོད་པའི་དགེས། །
བདག་སོགས་འགྲོ་བ་ཀུན་གྱི་སྤྱོད་པ་ཡང་། །
སངས་རྒྱས་ཉིད་ཀྱི་སྤྱོད་དང་མཚུངས་པར་ཤོག །
 
༧༧ ཉིད་ཀྱིས་གྲངས་མེད་བསྐལ་བར་ཚོཌ་གཉིས་བསཌ།
གྲངས་མེད་སྒྲིབ་སྦྱོང་མཐར་ཐུག་སངས་རྒྱས་ཏེ། །
མཁྱེན་བརྩེ་ནུས་པ་མཐར་སོན་བདེན་པའི་མཐུས། །
རྒྱལ་བ་གཤེན་བསྟན་ཡུན་རིང་འབར་གྱུར་ཅིག །
 
༧༨ ཕན་བདེའི་འབྱུང་གནས་རྒྱལ་བསྟན་ཉིན་བྱེད་འོད།
སྒྲིབ་མེད་ཡངས་པའི་མཁའ་ལ་རྟག་འཆར་བས། །
མི་མཐུན་རྒུད་པའི་མུན་པ་མཐར་བྱས་ཏེ། །
ཕྱོགས་དུས་འཕྲིན་ལས་མི་ཟད་གཟི་འབར་ཤོག །
 
༧༩ རྗེས་འཇུག་གདུལ་བྱའི་ཚེ་དང་བསོད་ནམས་ལས། །
ཡར་ངོའི་ཟླ་ལྟར་འགྲིབ་མེད་རབ་འཕེལ་ཞིང་། །
བསམ་སྦྱོར་ལོག་པའི་མི་དང་མི་མིན་སོགས། །
བར་ཆད་བདུད་ཀྱི་གཡུལ་ལས་རབ་རྒྱལ་ཤོག །
 
༨༠ དེ་ཕྱིར་བསྟོད་པའི་དབྱངས་སྡེབ་ལེཌ་སྙན་དཔལ།
དད་པའི་གདུང་ཤུགས་དྲག་པོས་རབ་བསྐུལ་ནས། །
སྡེབ་ལེགས་སོར་རྩེས་བསྐུལ་པའི་བྱེད་པ་པོ། །
ཨ་རུ་ཤེས་རབ་རྩལ་དུ་འབོད་པ་དེས། །
 
ཀུན་ལྡན་ཞེས་པའི་ལྕགས་ཕོ་བྱི་བའི་ལོར། །
དཔྱད་ར་རྟ་ཟླའི་ཚེས་ཆེན་བཅོ་ལྔའི་ཉིན། །
བོན་གྱི་འདུ་གནས་འབྲི་ལུང་དགོན་པའི་འདབས། །
སྒོ་གསུམ་དྭངས་བའི་དད་པས་སྦྱར་བ་དགེ །
   ཅེས་རྣམ་མཁྱེན་ཡང་དག་པར་རྫོགས་པའི་སངས་རྒྱས་གཤེན་རབ་མི་བོ་ཆེ་ཀུན་ལ་རྣམ་པར་རྒྱལ་བ་དེ་ཉིད་ཀྱི་ཡོན་ཏན་ནི་སངས་རྒྱས་སྟོང་གིས་སྐལ་བར་བརྗོད་ཀྱང་རྟོགས་པར་བཀའ་བས་བདག་བློ་ཁབ་མིག་ཙམ་གྱིས་ཅུང་ཟད་ཀྱང་གཞལ་བར་མི་ནུས་ཀྱང་། བཀའ་དྲིན་ལ་རྗེས་སུ་བསམ་སྟེ་གུས་པའི་ཡིད་ཙམ་མཚོན་པར་བྱས་པའི་སྐྱེས་བུ་ཆེན་པོ་མཚོན་པར་བྱེད་པའི་བསྟོད་པ་དད་པའི་ལྗོན་ཤིང་ཞེས་བྱ་བ་འདི་ནི་ཤེས་རབ་རྩལ་ཞེས་འབོད་པ་དེས་བོན་གྱི་འདུ་གནས་འབྲི་ལུང་དགོན་པའི་ཉེ་འདབས་སུ་མཇུག་ཡོངས་སུ་གྲུབ་པར་བྱས་པའོ། །
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།