སྡུག་གི་མཚོ་མོ་སྐྱོམ་པའི་ལོ་དང་ཟླ་བ།

[ཟླ་ཚེས། 2020-06-14 15:02:18][རྩོམ་པ་པོ། དཔལ་ལྡན་རྣམ་རྒྱལ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

མདོ་སྨད་སྨྲ་སེང་རྣམས་གསུམ་གྱི་ཡ་གྱལ་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་མོ་རྗེ་བཙུན་ནམ་མཁའ་ཚུལ་ཁྲིམས་མཆོག་རྗེས་སུ་དྲན་པར་བྲིས་པ།
                       
                                དཔལ་ལྡན་རྣམ་རྒྱལ།   ཐར་བདེ་དགོན།
གངས་རི་མྱ་ངན་གྱིས་གཏོར་ཞིང་།
མཚོ་མོ་སྐྱོ་གདུང་གིས་རྔུབ་བཞིན།
མཐོངས་ཡངས་ཀྱི་མཁའ་དབྱིངས་ནས་མིག་ཆུ་ཉུལ་ཉུལ་དུ་འཛག་པའི་དགུན་ཟླ་འདིར།
ཁྱེད་ལགས།  འཇིག་རྟེན་དབང་པོའི་ཚ་ཟེར་དང་།
གཉིས་སྐྱེས་རྒྱལ་པོའི་འོད་ཕུང་ཇི་བཞིན།
རེ་ཞིག་བསྟན་དང་འགྲོ་བའི་དོན་ཆེན་རྫོགས་ཏེ།
བྲེལ་ཞིང་འཚུབ་པར་མི་མངོན་པའི་འབྱིངས་སུ་ཐིམ་པའི།
ཟླ་བཅུ་གཅིག་པའི་ཚེས་ཉེར་གཉིས་རྟག་ཏུ་དྲན།

ཉིན་དེ་ནས་བཟུང་།   ཁྱེད་ཀྱི་ཕ་ཡུལ་དང་ང་ཡི་འཇིག་རྟེན་ཡོད་ཚད།
ཙག་དང་སེར་བུས་གཏན་དུ་བཅུམས་ཤིང་།
ཡུལ་མི་སྤུན་ཟླའི་སེམས་རྩ་ཡོད་ཚད་རྣག་གིས་ཟོས།
རེ་སྙེག་དང་རྨི་ལམ་མང་པོའི་ཁྲོད་ནས།
ལྷ་ངོར་འཕྲོད་པའི་བཤེས་གཉེན་ཁྱེད་ཉིད་སླར་མཇལ་གྱི་བསྐལ་བར་སྒུག་ཡོད།

ཁྱེད་ཉིད་ཞིང་གཞན་དུ་ཕེབས་པར་ཡིད་ཆེས་མི་བྱ་ཐབས་མེད་ཀྱི་ལོ་ཟླ་འདིར།
ངེད་ཅག་གདུལ་བྱ་ཚོས་ལོ་ཟླ་ག་ཚོད་ཅིག་མིག་ཆུས་སྦངས་ཤིང་།
ཉི་མ་དང་ཟླ་བའི་འོད་མདངས་ག་ཙམ་ཞིག་དངན་པས་གཤགས་ཡོད།
ཀྱཻ     ངེད་ཅག་གི་བླ་མ་སྟེ་ཡོངས་ཀྱི་དགེ་བའི་བཤེས་གཉེན།
འདི་ལྟར་ཉི་མ་དང་ཟླ་བའི་འོད་སྣང་མཐོང་བྱེད་དུ་མིག་ཆུས་སྒྲིབ་དུས།
ཁྱེད་ཉིད་སླར་ཡང་གདུལ་བྱ་མང་པོའི་རེ་སྙེག་གི་ཞིང་སར་འབྱོན་རོགས།

སྐུ་མཇལ་བ་ཙམ་གྱིས་སྡུག་བསྔལ་འཇོམས་ཤིང་།
གསུང་ཐོས་པ་ཙམ་གྱིས་ཐར་པར་འགོད་པའི།
ངེད་ཅག་གི་བླ་མ་སྟེ་ཡོངས་ཀྱི་དགེ་བའི་བཤེས་གཉེན།
ཁྱེད་ཕེབས་ཤུལ་ནས།
ངེད་ཅག་དྭ་ཕྲུག་གི་ལས་དབང་བཞིན་མུན་པར་འཁྱར་ཞིང་།
ལྷགས་པ་བཙན་པོ་ཡིས་ཕྱོགས་བཞི་ནས་བཙིར་དུས།
མཐའ་ཀླས་ཤིང་དཔོག་དཀའ་བའི་ཁྱེད་ཀྱི་ཐུགས་ཀློང་ཡངས་མོས།
ངེད་ཅག་ཡུལ་མི་སྤུན་ཟླ་སྔར་བཞིན་དྲན་ཞིང་གཟིགས་ཡོད་དམ།

འཇིག་རྟེན་འདི་རྟག་ཏུ་སྟོང་སོང་ངེར་ཡིན་ཞིང་།
ང་ཡི་སེམས་པ་ནི་དེ་རིང་གི་ནམ་ཟླ་བཞིན་ཧ་ཅང་འཁྱགས།
ངེད་ཅག་གི་སེམས་སུ་ཁྱེད་ཀྱི་བླ་མེད་ཀྱི་མཛད་པ་དག་ཝ་ལེར་གསལ་ཞིང་།
ངེད་ཅག་གི་སེམས་པས་ཁྱེད་ཀྱི་ཞལ་གསུང་དྲོན་མོ་ལྷང་ངེར་དྲན་དུས།
ཁྱེད་ནི་རྟག་ཏུ་འཇིག་མི་བཏུབ་པའི་ལོ་རྒྱུས་ཀྱི་རྡོ་རིང་བརྟན་པོ་ཞིག་དང་།
མི་རིགས་ཤིག་གིས་བཀླགས་མི་ཚར་བའི་གསེར་བྲིས་ཀྱི་གླེགས་བམ་ཆེན་པོ་ཞིག་ཡིན་པར་ཚོར།

ཀྱཻ།  སངས་རྒྱས་ལ་ཐིམ་པའི་མི་ཡུལ་གྱི་བཤེས་གཉེན་འདས་པོ།
མི་ཚེ་ཐོས་བསམ་ལ་གཟེད་པའི་སྐྱེས་ཆེན་དམ་པ།
ཁྱེད་ཀྱི་རྣམ་དཔྱོད་དང་ཤེས་རབ་ཀྱིས་གནམ་ས་གཞར་ཏེ།
སེར་མོ་བའི་དགོན་སྡེ་ཞིག་ལ་ཤེས་རབ་ཀྱི་འོད་སྣང་བསྩལ་ཞིང་།
སློབ་བུ་བརྒྱ་སྟོང་མང་པོར་ཤེས་རབ་ཀྱི་གཤོག་པ་བཏགས་ནས།
ཁྱེད་ཉིད་མཐའ་ཀླས་ཀྱི་འཇིག་རྟེན་ཆེན་པོའི་ཀློང་དུ་འཕུར་སོང་བ་རབ་ཏུ་འགྱོད།

རིན་པོ་ཆེ།    
ཁྱེད་གཤེགས་ཤུལ་ནས་ང་རང་དམིགས་མེད་ཀྱི་དྭ་ཕྲུག་ཏུ་ཆགས་ཏེ།
ང་ཡི་འཇིག་རྟེན་ཡང་སྐྱབས་མེད་མགོན་མེད་ཀྱི་མྱ་ངམ་ཐང་ཆེན་ཞིག་ཏུ་གྱུར།
ཅི་བྱ་གཏོལ་མེད་ཀྱི་སྡུག་བསྔལ་ལྕི་མོ་དེ་རུམ་ལ་བླུགས་ནས།
ཁྱེད་ཁོ་ན་སྐྱབས་ཀྱི་སྟོན་པར་ཤེས་ཤིང་།
ཁྱེད་ཁོ་ན་འདྲེན་པའི་མགོན་དུ་བསམ་ཡང་།
རེ་ཞགས་ཀྱི་ལམ་བུ་སྨུག་པས་གཡོགས་ཏེ།
མདུན་སྐྱོད་ཀྱི་རྡོག་སྣེ་རྡོ་ལ་ཐོགས་པས།
ང་ཡི་ལོ་དང་ཟླ་བ་འདི།
སྡུག་གི་མཚོ་མོ་སྐྱོམ་པའི་ལོ་དང་ཟླ་བ་ཡིན།  
   ཞེས་རྩོམ་ཉོག་འདི་ཉིད་མདོ་སྨད་སྨྲ་སེང་རྣམས་གསུམ་གྱི་ཡ་གྱལ་མདོ་སྨད་ཞིག་པོའི་གདན་ས་སྣང་ཞིག་རྒྱལ་བསྟན་ཕུན་ཚོགས་གླིང་གི་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་མོ་རྗེ་བཙུན་ནམ་མཁའ་ཚུལ་ཁྲིམས་མཆོག་རྗེས་སུ་དྲན་པ་ལ་སྡེ་དགེ་ཐར་བདེ་དགོན་གྱི་གྲྭ་མཐའ་བ་གསར་སྨྱུགས་སམ་དཔལ་ལྡན་རྣམ་རྒྱལ་གྱིས་༢༠༡༩/ ༡༠/༢༤ཉིན་ཚོགས་ཆེན་འདུ་ཁང་ནང་ནས་མི་ཕྱེད་དད་པའི་ཐལ་མོ་སྙིང་ཁར་སྦྱར་ནས་བྲིས་ཏེ་མཇུག་གྲུབ་པར་བྱས་པར་དགེའོ། །
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།