སྐྱབས་རྗེ་གཤེན་རིན་པོ་ཆེའི་ཞབས་ལ་བསྔགས་པ་མཛད་རྗེས་སྣང་བ་འདྲེན་པའི་སྐྱ་རེངས།

[ཟླ་ཚེས། 2020-04-29 20:48:36][རྩོམ་པ་པོ། རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

༄༅། །དམུ་རིགས་གཤེན་གྱི་ཕོ་བྲང་གི་བདག་ཉིད་ཆེན་པོ་༧སྐྱབས་རྗེ་རྒྱལ་བ་གཤེན་སྲས་རིན་པོ་ཆེའི་ཞབས་ལ་ཅུང་ཟད་བསྔགས་པ་མཛད་རྗེས་སྣང་བ་འདྲེན་པའི་སྐྱ་རེངས།
 
ཀ་ནས་ཡང་དག་ཐོད་དཀར་སྲས་ཞེས་མ་འདྲིས་འགྲོ་བའི་མཛའ་བཤེས་ཆེ། །
ཁ་དོག་རང་མཐུན་ལྷ་མིའི་རྣམ་འདྲེན་སྟོན་མཆོག་རྒྱལ་བ་གཤེན་རབ་ཀྱི། །
ག་པུར་ལྟ་བུའི་རིགས་རུས་ལྷད་མེད་དམུ་རིགས་གཤེན་གྱི་གདུང་འཛིན་པ། །
ང་ཅག་བོན་འབངས་སྐྱེ་རྒུའི་ལྷ་སྐལ་གཤེན་སྲས་ནོར་བུ་དབང་རྒྱལ་མཆོག །
 
ཅ་དག་བརྗིད་ཆགས་ཉམས་དགའི་ཕོ་བྲང་གཤེན་གྱི་གསེར་སྒོ་ཁྲ་མོ་རུ། །
ཆ་བྱད་རིག་འཛིན་དཔའ་བོའི་སྐུར་བཞེངས་གཤེན་ཆེན་ཉི་མ་འབུམ་གསལ་དང་། །
ཇ་ཆང་ལོག་པའི་འཚོ་བ་ཡོངས་སྤངས་བསྟན་འཛིན་མཚོ་རྒྱལ་གཉིས་ཀྱི་བུར། །
ཉ་རྒྱས་དཔལ་འཛོམས་ཉི་ཤུའི་དུས་ཀྱི་མེ་ཕོ་སྤྲེལ་ལ་མཚན་དཔེ་བཞད། །
 
ཏ་ལེར་བསམ་ཚེ་གདུང་འཛིན་མཆོག་ཉིད་ལང་ཚོ་ཕྲ་བའི་དུས་ནས་བཟུང་། །
ཐ་དག་བྱིས་པའི་རྩེད་འཇོ་ཁྲོད་ནས་མངོན་ཤེས་སྨྲ་ལ་ཐོགས་མེད་ཅིང་། །
ད་དུང་ཀུན་ཡིད་མགུ་བར་མཛད་པའི་སྐྱེས་བུ་དམ་པའི་རང་གཤིས་ནི། །
ན་མཉམ་སུས་ཀྱང་འགྲན་པའི་ཡུལ་མིན་ལྷན་སྐྱེས་ཡོན་ཏན་རི་ལྟར་བརྗིད། །
 
པ་སངས་རྒྱུ་སྐར་བསྟན་འཛིན་ཁྲོད་ཀྱི་སྐྱབས་རྗེ་སྨྲ་བའི་ཟླ་བ་ཁྱེད། །
ཕ་མེས་གཤེན་གྱི་གདན་སའི་ཁྲི་ལ་ལོ་ལྔའི་སྟེང་ནས་མངའ་གསོལ་ཅིང་། །
བ་རབ་གླིང་བཞིའི་རྣམ་སྤྲུལ་མཆོག་གྱུར་ཡབ་ཡུམ་ཞབས་པད་ལེགས་བསྟེན་ནས། །
མ་ལུས་ཐེག་སྒོ་ཕྱི་ནང་ཀུན་ལ་སྐྱེས་སྦྱངས་རིག་པའི་ཉི་འོད་འབར། །
 
ཙ་རིར་འཁོད་པའི་སྡེ་བརྒྱད་དཔུང་ཚོགས་སྐད་ཅིག་ཉིད་ལ་འཁྲུགས་པ་བཞིན། །
ཚ་འུར་འབར་བའི་རིག་གསར་རླུང་གིས་སྲོལ་རྒྱུན་རྩམ་སྐྱ་སྤུར་བའི་ཁྲོད། །
ཛ་ལང་སྐྱེ་བོའི་གདུག་རྩུབ་འོག་ནས་ཉེས་མེད་སྐུ་ལ་མནར་གཅོད་སོགས། །
ཝ་ལེར་བཟློག་མེད་དགུན་གསུམ་ཆག་སྒོ་བུ་ཡུག་སྤུ་གྲིའི་སོ་ཁ་བརྡར། །
 
ཞྭ་དཀར་གཤེན་གྱི་དམུ་རིགས་གདུང་འཛིན་ཡབ་རྗེ་ཉི་མའི་ཞལ་ཆེམས་བཞིན། །
ཟ་རང་མེ་འབར་སྐྱང་འཕགས་བླ་མ་གཞན་ཕན་མཐའ་ཡས་རྒྱ་མཚོ་ཡིས། །
འ་ཅག་བོན་འབངས་བྱེ་བའི་མགོན་ཁྱེད་དགུང་སྙིང་ཉེར་གཉིས་མེ་སྦྲུལ་ལ། །   
ཡ་གི་གཙང་ཁུལ་གཞིས་རྩེར་རྙེད་རྗེས་ཤི་གསོན་འཕྲད་འདྲའི་དགའ་བ་བྱུང་། །
 
ར་ས་ལྷ་ཡི་གླིང་ལ་གདན་དྲངས་དེ་རུ་ཐོས་བསམ་མཚོ་ཆེན་བསྐྱིལ། །
ལ་ལུང་རུ་དགོན་དུ་མས་ཞུས་པར་ཐུགས་བསྐྱེད་དག་པས་ཆིབས་ཞལ་བསྒྱུར། །
ཤ་སྟག་ཡོན་ཏན་ནོར་བུའི་ཟིལ་ཤུགས་འགྲོ་མང་བསོད་ནམས་དཔལ་དུ་འཕྱུར། །
ས་ཆེན་དར་ལྡིང་ཁྲི་བརྟན་ནོར་རྩེར་ཉེར་དྲུག་སྟེང་དུ་ཡང་བསྐྱར་ཕེབས། །
 
ཧ་ལོའི་མེ་ཏོག་མཚར་དུ་བཞད་པའི་སྐུ་མཆོག་དགུང་ལོ་ཉེར་བརྒྱད་སྟེང་། །
ཨ་མ་སྲིད་པ་རྒྱལ་མོར་ལ་བརྟེན་བོན་གྱི་ཆེ་དགུ་མཐའ་དག་གིས། །
ཨ་ཇོ་གཤེན་གྱི་གདུང་རྒྱུད་སྤེལ་ཕྱིར་རྒོད་ལྕམ་མཁའ་འགྲོའི་མཚན་རྟགས་ཅན། །
ཧ་ཅང་གནད་བསྐུལ་སྲུང་མས་ལུང་ལྟར་ཉི་མ་མཚོ་མོ་ཁབ་ཏུ་བསུས། །
 
ས་སྟེང་སྐྱབས་མགོན་ཀུན་གཟིགས་པཎ་ཆེན་བཅུ་བ་ཆེན་པོའི་ཞལ་སྔ་ནས། །
ཤ་ཚའི་གཏམ་གྱིས་མཐོང་ཆེན་ཆེར་གནང་རང་སྐྱོང་ལྗོངས་ཀྱི་དབུ་ཁྲིད་ལ། །
ར་སྤྲོད་དང་བཅས་གཟིགས་སྐྱོང་དགོས་པའི་བཀའ་ཆབ་སྤྱི་བོར་བསྩལ་དང་བསྟུན། །
ལ་གོར་ཙམ་གྱིས་ཀྲུང་གོའི་བོད་ལྗོངས་ནང་བསྟན་ཚོགས་པས་གོ་ཐོབ་བསྩལ། །
 
ཡ་མཚན་བླ་མ་རག་ཤི་རྟོགས་ལྡན་དྲི་མེད་གཡུང་དྲུང་སྙིང་པོའི་མདུན། །
འ་འུར་མ་ཡིན་སྔོན་འགྲོ་བསགས་སྦྱང་དངོས་གཞིའི་གདམས་སྐོར་ལེགས་གསན་པ། །
ཟ་བྱེད་ཉོན་མོངས་དུག་ལྔ་འདུལ་ལ་རྣམ་ཀུན་ཉམས་སུ་བཞེས་པས་མཚོན། །
ཞྭ་དཀར་བོན་གྱི་ཡོངས་འཛིན་ཆེན་མོས་མ་རྒྱུད་དབང་བཞི་ཐོལ་གྱིས་བསྩལ། །
 
ཝ་ལེར་གསལ་བ་དངོས་པོ་ཞེས་པ་ཤིང་ཕོ་ཁྱི་ཡི་འཁོར་ཡུག་ཏུ། །
ཛ་ཡའི་བཀའ་རྣམས་ལེགས་པར་འགྲེལ་བའི་བོན་གྱི་བཀའ་བརྟེན་ཆེན་མོའི་ཚོམ། །
ཚ་རླབས་རྣམ་དཔྱོད་ནམ་མཁའི་མཐར་སོན་གྲུབ་དབང་བསྟན་པའི་ཉི་མ་ཡིས། །
ཙ་རི་ས་མཐོ་བོད་ནས་དཔར་ལ་དཔུང་ཤེད་རྒྱབ་རྩའི་རི་བོ་མཛད། །
 
མ་སྨད་ཐུགས་བསྐྱེད་དུས་སུ་ལེགས་སྨིན་གྱེར་བསྟན་རྨང་ནས་གསོ་བའི་སླད། །
ཕ་ནོར་རྒྱུད་གསུམ་གདམས་པའི་བབས་སོ་བཀྲ་ཤིས་སྨན་གྱི་རི་བོའི་གཙོས། །
བ་དཀར་འོ་མཚོའི་བཤད་སྒྲུབ་འབྱུང་གནས་གྲྭ་ས་གོང་འོག་བར་གསུམ་ལ། །
པ་སངས་ལྟར་དཀར་ཞབས་སོར་ལེགས་འཁོད་དོན་གྱི་འབྲས་བུས་བརྗིད་པར་བྱས། །
 
ན་མཉམ་རྒྱལ་སྲས་གཞན་གྱིས་བསྐུལ་བས་ལྷ་སར་གཤེན་གྱི་ཕོ་བྲང་བཏབ། །
ད་དུང་བསྟན་འགྲོའི་བསོད་ནམས་འཕེལ་བར་འཇེད་ཀྱི་དར་ལྡིང་འགྲན་མེད་བཞེངས། །
ཐ་མའི་དུས་འདིར་གདུང་རྒྱུད་མ་ཉམས་རིགས་ཀྱི་སྲས་པོའི་མཚན་དཔེ་བསྐྲུན། །
ཏ་ཐཱ་ག་ཏའི་ཐུགས་ཚབ་གདུང་རྟེན་ཀོང་པོ་བོན་རི་བླ་ནས་བསྲུང་། །
 
ཉ་གང་ཟླ་ལྟར་མཁྱེན་བརྩེ་ནུས་པའི་ཆ་ཤས་རྫོགས་པའི་ཞལ་སྒོ་ལས། །
ཇ་དར་གསེར་དངུལ་ནོར་གྱིས་ཁུག་མིན་རྒྱལ་བའི་བཀའ་ཉིད་གཅིག་གྱུར་ངང་། །
ཆ་ཚང་སྲིད་དང་ཞི་བའི་རྒྱན་དུ་མ་ཕྱི་གཏན་འབེབས་མཛད་པ་ལ། །
ཅ་དག་མཁན་སློབ་མཉམ་དུ་བགྲོས་རྗེས་བཀའ་འགྱུར་སྒྲིག་ཞུའི་དཔུང་ཆེན་བཙུགས། །
 
ང་ཅག་བོན་འབངས་བསོད་ནམས་ལས་འཁྲུངས་བྲུ་ཞུ་སྤ་རྨེའུ་གཙུག་རྒྱན་མཆོག །
ག་ནས་གླེང་ཡང་གཤེན་རབ་མི་བོའི་གདུང་འཛིན་སྐུ་ཤ་རློན་པ་སྟེ། །
ཁ་བ་རི་བའི་བོན་གྱི་བླ་ཆེན་གཤེན་སྲས་ནོར་བུ་དབང་རྒྱལ་ཞེས། །
ཀྭ་ཡེ་བདག་སོགས་གདུལ་བྱའི་སྐྱབས་སུ་མཚན་དཔེ་ལྷམ་མེར་བཞུགས་ལ་བསྟོད། །
 
   ཅེས་དམུ་རིགས་གཤེན་གྱི་ཕོ་བྲང་གི་བདག་ཉིད་ཆེན་པོ་༧སྐྱབས་རྗེ་རྒྱལ་བ་གཤེན་སྲས་རིན་པོ་ཆེའི་ཞབས་ལ་ཅུང་ཟད་བསྔགས་པ་མཛད་རྗེས་སྣང་བ་འདྲེན་པའི་སྐྱ་རེངས་ཞེས་བྱ་བ་འདི་ཡང་། རྗེ་འགྲོ་བའི་བླ་མ་གཤེན་ཆེན་པོ་གང་གིས་བསྟན་དང་འགྲོ་བའི་དཔལ་དུ་མཛད་བཟང་རྒྱ་ཆེར་བསྐྱངས་དང་སྐྱོང་བཞིན་པའི་ཐུགས་སྟོབས་ལས། འདིར་དཔེར་མཚོན་གྱི་ཆུ་ཐིགས་རེ་གཉིས་ཙམ་ཞིག་རང་གི་དད་པའི་གསོས་སུ་འགྱུར་བར་དམིགས་ཏེ་ཆེད་དུ་བརྗོད་པ་ནི། རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བར་འབོད་པའི་སྙོམས་ལས་པ་དེས་གནའ་མཁར་ཟི་ལིང་ནས་དད་པས་བྲིས་པ་ཡིན་ནོ། །སྤྱི་ལོ༢༠༢༠ལོའི་ཟླ༢ཚེས༡༥ཉིན་ལ།
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།