རྗེས་དྲན་གཏམ་གྱི་རྡོ་རིང་།

[ཟླ་ཚེས། 2020-04-13 21:56:08][རྩོམ་པ་པོ། རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

 སྙིགས་དུས་ཀྱི་ཀུན་སྤངས་རྣལ་འབྱོར་བ་ཆེན་པོ་གྲུབ་ཆེན་ནམ་མཁའ་རྒྱལ་མཚན་རིན་པོ་ཆེ་དགོངས་པ་བོན་དབྱིངས་སུ་གཤེགས་པ་ལ་གདུང་ཚོར་དྲག་པོའི་སྒོ་ནས་མྱ་ངན་ཞུས་པ། ༡༩༥༦---༢༠༢༠
རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ།
    འཇིག་རྟེན་བོན་བརྒྱད་སེང་རས་ཚལ་བ་རུ་གཤགས་ཏེ། །
    ངེས་མེད་ཆ་ལུགས་བྱ་བྲལ་དགེ་སྦྱོང་གི་རླབས་ཀྱིས། །
    ཤུག་ཏོག་འོ་མའི་བཅུད་ལེན་འབའ་ཞིག་གིས་འཚོ་བ། །
    དུས་ཀྱི་མཐའ་ཡི་ཉིན་མོའི་སྐར་ཆེན་ཞིག་འཐོར་སོང་། །
 
    འཁོར་འདས་གྲོལ་འཁྲུལ་གཞི་རྒྱུད་གནས་ལུགས་ཀྱི་དབྱིངས་ན། །
    ངོ་བོ་སྟོང་ཡང་རང་བཞིན་མ་འགག་པར་གསལ་བའི། །
    གསལ་སྟོང་ཟུང་འཇུག་ཐུགས་རྗེ་ལྷུན་གྲུབ་ཀྱི་དགོངས་པ། །
    རིག་སྟོང་ལམ་དུ་བྱེད་པའི་གྲུབ་ཆེན་ཁོང་ཕེབས་སོང་། །
 
    ཕུང་པོ་ཁམས་དང་སྐྱེ་མཆེད་ལྷ་སྐུ་རུ་གྲུབ་ཅིང་། །
    ས་དང་ལམ་གྱི་དྲོད་རྟགས་རང་རྒྱུད་ལ་ཐོབ་པའི། །
    ནམ་མཁའ་ལྟ་བུའི་རྣལ་འབྱོར་མཐུར་མེད་ཀྱི་གངས་སེང་། །
    སྒྲུབ་པའི་རྒྱལ་མཚན་བསྒྲེང་ལ་འགྲན་ཟླ་ཞིག་མ་བྱུང་། །
 
    འཁོར་བར་ངེས་འབྱུང་བྱང་ཆུབ་དོན་གཉེར་གྱི་བློ་ཡིས། །
    བསྡམ་པ་གསུམ་གྱིས་གཡེང་བ་བཙན་ཆོད་དུ་སྤངས་ནས། །
    ཚེ་འདི་བློས་བཏང་ཕྱི་མ་འབའ་ཞིག་གི་ཆེད་དུ། །
    རི་ཁྲོད་འགྲིམས་ལ་སྐྱོ་ངལ་མེད་པ་དེ་ཁྱེད་ཡིན། །
 
    མཚོ་གླིང་དུར་ཁྲོད་མི་མེད་དབེན་གནས་ཀྱི་ཕུག་པར། །
    རང་བཞིན་ལུས་སེམས་ཞི་བའི་ཆ་ལུགས་ལ་བརྟེན་ཏེ། །
    བོན་ལ་དཀའ་སྤྱད་མི་ལོ་བཅུ་དྲུག་གི་རིང་ལ། །
    གཡེང་བའི་འཁོར་སྤངས་རི་དྭགས་རྨས་མ་བཞིན་གནས་སོང་། །
 
    པད་མའི་སྦུབས་ལྟར་གཙང་བའི་ཚུལ་ཁྲིམས་ཀྱི་ཕུང་པོ། །
    མི་གཡོ་ཏིང་འཛིན་མཆོག་གི་འོད་རླབས་དང་བསྡེབས་ནས། །
    བདག་མེད་རྟོགས་པའི་རལ་གྲིས་བདག་འཛིན་གྱི་དྲ་བ། །
    ཐལ་བར་བརླགས་ལ་དཔའ་པོའི་སྤྱི་ཕུད་དུ་བཀུར་ཆོག །
 
    བྱམས་དང་སྙིང་རྗེ་བྱང་ཆུབ་སེམས་མཆོག་གི་འཛིན་མར། །
    རྨད་བྱུང་ཐབས་མཁས་ཕྱིན་དྲུག་སྐྱེད་ཚལ་དེ་སྐྱོང་ལ། །
    དོན་གཉིས་འདོད་འཇོའི་སྦྲང་རྩི་མཁའ་ཁྱབ་ཏུ་སྩོལ་བའི། །
    འདྲེན་མཆོག་ཨུད་དཔལ་གློ་བུར་འཇིག་པ་འདིས་སྐྱོ་བ། །
 
    ལྷུན་གྲུབ་སྐུ་ཡི་ས་བོན་རྩ་འཁོར་གྱི་སྒོམ་རིམ། །
    ལས་ཀུན་བྱེད་པའི་གསུང་དབྱངས་ཕྲ་མོ་ཡི་རླུང་སེམས། །
    འཁྲུལ་མེད་ཐུགས་ཀྱི་འབྱུང་གནས་ཐིག་ལེ་ཡི་སྤྲོ་བསྡུ། །
    རྩ་རླུང་ཐིག་གསུམ་དབང་འབྱོར་དམ་པ་དེ་དྲན་བྱུང་། །
 
    ལུས་ཀྱི་བྱ་བྱེད་ངག་གི་རྗོད་པ་ཡིས་མཚོན་པའི། །
    སེམས་ཀྱི་བསམ་པའི་དགའ་སྡུག་སྣ་ཚོགས་སུ་བསྐྱེད་ཅིང་། །
    དྲན་ཞིང་རིག་ལ་བསམ་ན་ཅིར་ཡང་དུ་འཆར་བའི། །
    བློ་ལ་ཁ་གཏད་གཅོག་ནུས་རྒོད་པོ་དེ་ཁྱེད་ཡིན། །
 
 
སེམས་ཉིད་ངོ་བོ་མ་འགག་འབྱུང་རུང་གི་གཏིང་ན། །
    སྒྲིབ་གཡོག་བྲལ་བའི་རང་རིག་རྟོག་མེད་ཀྱི་ཡེ་ཤེས། །
    གཡང་ལུགས་གོས་ཀྱིས་བཏུམས་པའི་གཟུང་འཛིན་དང་བྲལ་ཏེ། །
    རྟོག་དཔྱོད་བློ་ཡི་ཡུལ་ལས་འདས་པ་རུ་བཞུགས་ཡོད། །
 
    གསལ་བ་རང་འབྱུང་ཀུན་གྱི་འཆར་གཞི་རུ་གྱུར་ཡང་། །
    ངོ་བོ་འདི་ཞེས་གང་ལ་གཟའ་གཏད་དང་བྲལ་བས། །
    གསལ་བྱ་གསལ་བྱེད་གཉིས་མེད་བློ་འདས་ཀྱི་རིག་པ། །
    མ་བཅོས་སོ་མར་འཇོག་པའི་རྟོགས་ལྡན་ཁོང་མཚར་བ། །
 
    ཇི་བཞིན་ཉིད་ཀྱི་སྐྱེ་མཆེད་མངོན་སུམ་དུ་མཇལ་བར། །
    བླ་མེད་རྫོགས་པ་ཆེན་པོའི་ཉམས་ལེན་ལ་བརྟེན་ནས། །
    སྟོང་གསལ་ཁྱབ་གསུམ་འབྲས་བུ་ཀློང་བརྡོལ་དུ་འབྱུང་བའི། །
    གཞི་ལམ་འབྲས་བུའི་དོན་ཀུན་ལག་མཐིལ་དུ་བླངས་ཡོད། །
 
    བློས་བྱས་དྲི་མའི་རང་གཟུགས་གདོད་མ་ནས་སྟོང་ལ། །
    འདུས་མ་བྱས་པའི་ངང་ལས་མེད་བཞིན་དུ་གསལ་ཡང་། །
    རྟག་དང་ཆད་པ་གཅིག་དང་སྣ་ཚོགས་སུ་འཛིན་པའི། །
    མཐའ་བཞིའི་རྒྱ་གྲོལ་ལྟ་བའི་ཁྱུང་ཆེན་ཁོང་དྲན་བྱུང་། །
 
    གཞི་སྟོང་རྩལ་རྫོགས་རིག་པ་རྗེན་པ་རུ་འཆར་ཕྱིར། །
    བསམ་རིག་ཡུལ་ལ་གཅོད་པའི་བློ་རྟོག་དེ་བཅོམ་སྟེ། །
    དྲན་མེད་གཏད་འཛིན་རྟོག་བྲལ་ཀུན་ཁྱབ་ཀྱི་ངོ་བོ། །
    དཔེ་མེད་བརྗོད་འདས་ཆེན་པོའི་རང་ཞལ་ལ་གཟིགས་ཡོད། །
 
    ཆེད་དུ་དྲན་པས་མ་བཟུང་ཡེ་ཤེས་ཀྱི་ངང་ན། །
    བཅོས་སུ་མེད་པའི་སེམས་ཉིད་ནམ་མཁའ་ལྟར་གནས་པས། །
    སྣང་སེམས་དབྱེར་མེད་དུ་མ་རོ་གཅིག་གི་ཀློང་དུ། །
    སྒོམ་པའི་དོན་ཀུན་རྫོགས་ལ་སྙིང་དབུས་ནས་གུས་སོ། །
 
    གཟུང་འཛིན་རྟོག་པའི་ཕྲེང་བ་དུམ་བུ་རུ་ཆད་པའི། །
    རང་ཞི་རང་གྲོལ་སེམས་རིག་དྭངས་སྙིགས་ཀྱི་མཐའ་ནས། །
    རིག་སྟོང་རྗེན་པའི་རང་ཚུགས་མ་ཤོར་བའི་བུ་ཆུང་། །
    དྲན་རིག་སོ་བས་སྐྱོང་ལ་ཁོང་འདྲ་ཞིག་སུ་ཡོད། །
 
    འཛིན་ཆགས་མེད་པའི་ཉམས་སྣང་ན་བུན་ལྟར་གཏིབ་ཀྱང་། །
    བྱིང་རྒོད་བྲལ་བའི་སྒོམ་པ་ཉི་མ་བཞིན་གསལ་ལ། །
    རི་བོ་ལྟ་བུའི་རྟོགས་པ་འཕོ་འགྱུར་དང་བྲལ་བས། །
    བསྒོམ་བྱ་སྒོམ་བྱེད་ཟད་པའི་རྫོགས་ཆེན་པར་འདུད་དོ། །
 
    དེ་ལྟར་རྩྭ་བརྒྱ་ཟོར་བས་ཡུག་གཅིག་ཏུ་བཅད་ཅིང་། །
    བྱ་བརྒྱ་འུར་རྡོ་གཅིག་གིས་དེད་པ་ཡི་དཔེ་ལྟར། །
    གོལ་སྒྲིབ་མཚན་མའི་སེམས་རྟོག་ཁྲེགས་སེ་རུ་ཆོད་པའི། །
    གྲུབ་བརྙེས་བླ་མའི་ཞབས་ཀྱི་པད་མོ་དེ་བརྗིད་པ། །
 
    རང་ཉིད་མཁའ་འགྲོ་ཐུགས་རྗེ་ཀུན་གྲོལ་དུ་བསྒོམ་པའི། །
    འཁོར་ལོ་ལྔ་ལྡན་རྩ་གསུམ་འདུས་མདོ་ཡི་གདན་ལ། །
    ཟག་མེད་ཐིག་ལེ་བཞུ་བའི་ཨ་ཤད་ཀྱི་མེ་ལྕེ། །
    འབྱིན་འཇུག་རླུང་གིས་སྤར་བའི་གཏུམ་མོ་ལ་དབང་ཡོད། །
 
    ཙི་ཏའི་དབུས་ན་སྨག་བྲལ་ཉི་མ་ལྟར་གནས་པའི། །
    ཡེ་ཤེས་ཟང་ཐལ་ཆེན་པོ་སྤྱི་ལུགས་སུ་ཁྱབ་པ། །
    རྒྱང་ཞགས་ཆུ་ཡི་སྒྲོན་མར་རྟོག་མེད་དུ་ཤར་ཕྱིར། །
    འོད་གསལ་དབྱིངས་སུ་འདྲེས་པའི་ལྷག་མཐོང་དེ་རྫོགས་འདུག །
 
    རྩོལ་སྒྲུབ་ལས་འདས་དབྱིངས་ཉིད་མངོན་སུམ་ལ་མཇལ་ཏེ། །
    ཉམས་སྣང་གོང་འཕེལ་ལམ་གྱི་ཡོན་ཏན་ཀུན་སྡུད་ལ། །
    རིག་པ་ཚད་ཕེབས་འོད་གསལ་སྒྲིབ་བྲལ་དུ་འཆར་ཞིང་། །
    བོན་ཉིད་ཟད་པས་འཁོར་འདས་སེམས་དབྱིངས་སུ་དག་ཡོད། །
 
    སྒྲོན་མའི་ལམ་ལ་འཚེར་བའི་སྣང་མུན་གྱི་གདམས་པ། །
    ཉམས་ལྔ་སྣང་བཞིས་བོན་ཉིད་ཟེར་མདངས་ལ་བརྟེན་ནས། །
    ཐ་མལ་ཞེན་པ་མཚོ་ལ་འཁྱགས་རོམ་ལྟར་ཞི་བའི། །
    དབྱིངས་ཡེ་འབྲལ་མེད་དོན་ལ་ཐོད་ཀྱིས་རང་བརྒལ་ལོ། །
 
   བོགས་འདོན་གེགས་སེལ་རླུང་དང་འཕྲུལ་འཁོར་གྱིས་གཅུན་པས། །
    མུན་པའི་ཀློང་ནས་སྣང་བའི་རྫུན་ཕུག་དེ་རྡིབ་ཅིང་། །  
    སྒྲ་འོད་ཟེར་གསུམ་རིགས་ལྔའི་ལྷ་ཞལ་ལ་བལྟ་བཞིན། །
    ཡུལ་སྣང་དག་པར་འཆར་བའི་གྲུབ་བརྙེས་སུ་བཞུགས་ཡོད། །
 
    ཉམས་ལྔའི་འཆར་ཚུལ་སྣང་བ་གོང་འཕེལ་ནས་བརྩམས་ཏེ། །
    མཆེད་པ་རྒྱས་པ་རྫོགས་པ་མཐར་ཐུག་གི་ཉམས་ཀྱིས། །
    དྲན་པའི་ཐག་བཅད་སྒོམ་པའི་གཏོད་ཕུར་ཡང་ཐོན་པའི། །
    སྣང་བའི་ཚད་རྫོགས་དཔའ་བོའི་དགོངས་སྟོབས་དེ་མཚར་བ། །
 
    བརྒྱད་ཁྲི་བཞི་སྟོང་བོན་གྱི་ཡང་བཅུད་དུ་བསྔགས་པའི། །
   སངས་རྒྱས་ལག་འཆིང་གནས་ལུགས་ཕུགས་ཆོད་ཀྱི་གདམས་དོན། །
    འཁྲུལ་མེད་ཡང་དག་རྒྱུད་ལ་འབྱུང་བ་ཡི་ཕྱིར་དུ། །
    ཐབས་ལམ་ཡན་ལག་དྲུག་གི་བླ་མཁར་དེ་བསྲུང་ཡོད། །
 
    ཐོག་མར་བྱང་ཆུབ་སྒྲུབ་ལ་ངེས་འབྱུང་གིས་བསྐུལ་ཞིང་། །
    བར་དུ་ཉམས་དང་རྟོགས་པའི་ཡོན་ཏན་གྱིས་འཕགས་ཏེ། །
    མཐར་ཐུག་རྫོགས་པ་ཆེན་པོའི་རྣལ་འབྱོར་དུ་བྱོན་པ། །
    བརྩོན་པ་བརྒྱ་ཡིས་བསྐྲུན་པའི་འབྲས་རྟགས་སུ་བརླིང་ངོ་། །
 
    གཟུར་གནས་ངག་ལ་བདེན་པའི་རང་མདངས་ཤིག་མཆིས་ཚེ། །
    ཚུལ་འདིས་བསྟོད་ན་ཁྱེད་ལ་བསྟོད་པ་རུ་འགྱུར་ལ། །
    སྤྱོད་ལམ་རྣམ་བཞི་གཞན་དང་མཚུངས་པ་ཡི་ཆ་རྣམས། །
    དེ་ལ་བསྟོད་རིན་ཆེ་བ་ཁོ་བོས་ནི་མ་འདོད། །
 
    སྙིགས་མའི་མི་ཡི་དད་པའི་ཐག་པ་དེ་ཆད་ཅིང་། །
    རྣམ་གྲོལ་སྒྲུབ་མཁས་ཉིན་མོའི་སྐར་མ་ལྟར་གྱུར་སྐབས། །
    མགོན་ཁྱེད་གངས་ལ་ཉི་མ་ཤར་བ་བཞིན་བྱོན་པ། །
    བསྟན་དང་སྟོན་པ་མཛེས་པའི་འོད་རླབས་སུ་འཕྱུར་ཡོད། །
 
    ཟབ་ཅིང་རྟོགས་དཀའི་གནས་ལུགས་ཀ་དག་གི་དབྱིངས་ན། །
    ལྷུན་གྲུབ་གཟུགས་སྐུའི་སྣང་བ་འབྱམས་ཀླས་སུ་བདལ་ཏེ། །
    ཞིང་ཁམས་རྒྱ་མཚོའི་དཔལ་དུ་ཆུ་ཟླ་བཞིན་སྣང་བར། །
    རེ་ཞིག་གཞན་དོན་ཕེབས་པ་བོན་བསྟན་གྱི་གྱོང་ཡིན། །
 
    ཁྱེད་ཐུགས་ཕྱོགས་ལྷུང་བྲལ་བའི་རྒྱ་ཆད་ཀྱི་ནམ་མཁའ། །
    བདག་བློ་ཁབ་ཀྱི་མིག་བུར་ཤོང་བ་ཞིག་མིན་ཡང་། །
    ཕེབས་པ་སྔ་བས་ཕངས་སེམས་འགྱོད་གདུང་གི་མཆི་མ། །
    རྗེས་དྲན་གཏམ་ལ་སྦྱར་བའི་རྡོ་རིང་དུ་བསྐྲུན་ཡོད། །
   ཅེས་རྗེས་དྲན་གཏམ་གྱི་རྡོ་རིང་ཞེས་བྱ་བའི་ཚིགས་སུ་བཅད་པ་འདི་ནི། ཁམས་ཉག་རོང་བྱ་བཏང་རི་ཁྲོད་འདུས་སྤྱི་ནས་སྤྱི་ལོ་༢༠༢༠ལོའི་ཟླ་༢ཚེས་༢༡ཉིན་ཡིད་སྐྱོ་བའི་གནས་ཚུལ་འདི་ཉིད་ཧི་མ་ལ་ཡའི་བོན་དྲྭ་ལམ་བརྒྱུད་དེ་ཡོངས་སུ་སྤེལ་གནང་མཛད་པ་མཐོང་རྗེས་སུ། སྙིགས་དུས་ཀྱི་ཀུན་སྤངས་རྣལ་འབྱོར་བ་ཆེན་པོ་གྲུབ་ཆེན་ནམ་མཁའ་རྒྱལ་མཚན་རིན་པོ་ཆེ་དགོངས་པ་བོན་དབྱིངས་སུ་ཐིམ་པ་ལ། རང་གི་གདུང་ཚོར་ཆེན་པོའི་སེམས་པ་སྐྱོ་ལྷང་ལྷང་བ་དེའི་འགོ་གནོན་ཕྱིར་དུ། རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བར་འབོད་པའི་སྙོམས་ལས་པ་དེས། མཚོ་སྔོན་པོའི་ཤར་ཕྱོགས་ཙོང་ཆུའི་ཆུ་སྐེད་ཀྱི་ལྷོ་འགྲམ་ན་བརྗིད་ཀྱིས་ཆགས་པའི་གནའ་མཁར་ཟི་ལིང་གྲོང་ཁྱེར་ནས་ཤར་མར་མགྱོགས་བྲིས་སུ་བགྱིས་པ་འདིས་ཀྱང་། ཀུན་སྤངས་བྱ་བྲལ་བ་ཆེན་པོ་གང་གི་གསང་གསུམ་ཐུགས་ཀྱི་དགོངས་པ་མཐའ་དག་ཡོངས་སུ་རྫོགས་པའི་ཆ་རྐྱེན་གྱི་རྒྱུ་རུ་འགྱུར་བར་ཤོག་ཅིག་གུ། །
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།