སྣང་དགོན་ལ་བསྔགས་པའི་དཔེར་བརྗོད།

[ཟླ་ཚེས། 2020-04-07 10:12:03][རྩོམ་པ་པོ།  རྗེ་བཙུན་ནམ་མཁའ་ཚུལ་ཁྲིམས།][རྩོམ་ཁུངས། དབྲ་དཀར་གཞན་ཕན་ཤེས་རབ་ཀྱི་འཕྲིན་སྟེགས།][ཀློག་གྲངས། ]

༄༅། །སྣང་དགོན་ལ་བསྔགས་པའི་རང་བཞིན་བརྗོད་པ་དང་། དཔེ་རྒྱན་གཉིས་ཀྱི་དཔེ་བརྗོད་ཤེལ་གྱི་གླིང་བུ་ཞེས་བྱ་བ་བཞུགས།།   


དང་པོ་རིགས་རང་བཞིན་བརྗོད་པ་ནི།

སྐུ་ལ་གར་གཤོག་སྟག་ཤམ་འཕྲུལ་ཡིག་རྫོགས།  །

ཟབ་གསལ་ཏིང་འཛིན་གྲུབ་པའི་རྩལ་དང་ལྡན།  །

མདོ་སྨད་བསྟན་པའི་སྲོལ་འབྱེད་ཤིང་རྟ་བ།།

རིག་འཛིན་དོ་འཕགས་རྒྱུད་འཛིན་རྣམས་ལ་བསྟོད།  །

ཡང་ན།

རྔ་གཡང་ཕྱུག་མོའི་གཏེར་བདག་རྦང་གི་མདུན།    །

གསས་ཁང་གྲྭ་ཤག་གཙོ་འཁོར་ཚུལ་དུ་གྲུབ།  །

དབུས་སུ་གཙོ་ཁང་རྒྱ་ཕིབ་སུམ་བརྩེག་སྟེང་།  །

རིན་ཆེན་དང་པོའི་རྒྱན་ལྡན་སྣང་ཞིག་དགོན།  །

གཉིས་བ་བྱ་བ་རང་བཞིན་བརྗོད་པ་ནི།  

བྲུ་ཡི་རྒྱུད་འཛིན་སྣང་དགོན་འདུས་པའི་སྡེས།   །

རྔ་ལྗོངས་དཀྱིལ་དུ་བོན་གྱི་འདུ་གནས་བསྐྲུན།    །

ངོ་མཚར་གསས་ཁང་ཡིད་འོངས་རྟེན་བཅས་གྲུབ།  །

མདོ་སྔགས་བོན་སྤྱོད་མཁས་བྱ་གསུམ་པ་སྦྱངས།  །

གསུམ་པ་ཡོན་ཏན་རང་བཞིན་བརྗོད་པ་ནི།  

སྣང་དགོན་འདུས་སྡེའི་གྲལ་མཐའ་ཟིན་པའི་ན།  །

ཞི་དུལ་སྤྱོད་པས་སྒོ་གསུམ་དགེ་ལ་གཞོལ།  །

ཐོས་བསམ་བསྒོམ་པས་ཤེས་རབ་ཉིན་བཞིན་འཕེལ།  །

ཟས་གོས་གནས་མལ་མཐུན་རྐྱེན་ངང་གིས་འབྱུང་།  །

བཞི་བ་རྫས་རང་བཞིན་བརྗོད་པ་ནི།  

བཀའ་བརྟེན་སྡེ་ལྔའི་གཞུང་ལུགས་སྙིང་ལ་བཅགས།   །

འཕྲུལ་སྒྲོན་རྣམ་ལྔའི་གླེགས་བམ་མདུན་དུ་བསྟེན།    །

གཟིམ་ཆུང་གྲུ་བཞིར་གཞུགས་པའི་ཤེས་ལྡན་ཚོགས།    །

བྲུ་ཡི་རྒྱུད་འཛིན་སྣང་སྟོན་གསུང་སྐྱེས་བུ།  །

དཔེ་རྒྱན་ལས་བོན་དཔེ་ནི།  

བོན་གྱི་འདུ་གནས་རྔ་ཡུལ་སྣང་ཞིག་དགོན།   །

སྐབས་གསུམ་ཚལ་གྱི་རྗེས་འགྲོ་ལྟ་ན་སྡུག  །

རྣམ་གསུམ་གོས་ཀྱིས་མཛེས་པའི་ཚངས་སྤྱོད་སྡེ།།

གུར་ཀུམ་གསར་བའི་ཚལ་བཞིན་ཡིད་རབ་འཕྲོག །

དངོས་དཔེ་ནི།

ཐུན་སྦྱོར་ཁང་ཚན་སོ་སོའི་གློག་འོད་མདངས།  །

མི་ལྟུང་ཕྲེང་བ་ས་ལ་བྲུལ་བ་བཞིན།   །

འདུས་སྡེས་འཕྲུལ་སྒྲོན་རྣམ་ལྔ་སྐྱོལ་བའི་སྒྲས།  །

རྔ་གསང་དལ་གྱིས་བརྡུང་བའི་སྐལ་བཟང་འཕྲོག །

བཟློག་པའི་དཔེ་ནི།

མཁས་མང་འདུས་པའི་གཙུག་རྒྱན་སྣང་སྟོན་མཆོག  །

རྣམ་འདྲེན་ཀུན་ཀྱི་གྲལ་ནས་འཕགས་པ་བཞིན།  །

བང་རིམ་བཞི་ལྡན་གསེར་གྱི་རི་བདུན་དང་།  །

ས་འཛིན་ཡོངས་ཀྱི་བླ་མ་ངོ་མཚར་ཆེ། 

ཕན་ཚུན་གྱི་དཔེ་ནི།  

དབྱར་གྱི་རྔ་གསང་དགོད་པའི་འཇིགས་སྒྲ་བཞིན།  །

སྣང་དགོན་འདུས་སྡེའི་རྩོད་ངག་ཐལ་སྐད་དྲག  །

ལུང་རིགས་གསར་བ་གསར་བའི་རྗེས་འགྲོ་བའི།  །

ལྷ་ཡི་རྔ་སྒྲ་གཅིག་རྗེས་གཅིག་གིས་བསྙེགས། །

ངེས་པའི་དཔེ་ནི།  

འདུ་འཛིས་གཡེངས་པ་མེད་པའི་རི་སུལ་དུ། །

ས་དབྱིབས་མཎྚལ་ལྟ་བུ་མཛེས་པའི་རྒྱན།  །

ཡིད་འོང་ཁང་ཚན་བཀྲ་བའི་སྣང་དགོན་དཔལ།  །

ལྷ་ཡུལ་དང་མཚུངས་གཞན་གྱིས་མཚོན་ནུས་མིན།  །

ངེས་མེད་ཀྱི་དཔེ་ནི།

རྔ་ཡུལ་སྣང་དགོན་མཛེས་པ་ཟུམ་བྱེད་ལ།    །

རྩ་གསུམ་ལྷ་ཡུལ་ཁོ་ན་འགོད་ལགས་ཀྱི།  །

རེ་ཞིག་དེ་ཡི་སྐལ་བཟང་འཕྲོག་བྱེད་གཞན།  །

གལ་དེ་སྲིད་ན་རྗེས་སུ་ཅིས་མི་འགྲོ། །

བསྡུས་པའི་དཔེ་ནི།

ཉིས་བརྒྱ་ལྔ་བཅུའི་ཁྲིམས་ལ་མངའ་བརྙེས་པའི། །

སྣང་སྟོན་མཆོག་དང་མཉམ་མེད་བླ་མ་གཉིས།  །

ཡུལ་དུས་ཐ་དད་ཙམ་གྱིས་དབྱེ་བ་ལས།  །

ལན་བརྒྱར་བརྟགས་ཀྱང་ཁྱད་པར་བསམ་དུ་མེད། །

རབ་བཏགས་ཀྱི་དཔེ་ནི།

སྣང་དགོན་བཀྲ་ཤིས་སྒོ་མང་མཆོད་པའི་རྟེན། །

མཚོན་ཕྱིར་ཆུ་ཤེལ་ལྷུན་པོ་སྙེམས་མི་འཚལ།      །

དཀར་གསལ་ཟླ་བ་འབུམ་གྱིས་འཁྱུད་པའི་མདངས། །

རབ་མཛེས་པདྨོ་ལ་ཡང་མཐོང་ཕྱིར་རོ། །

རྨད་བྱུང་གི་དཔེ་ནི།

དཀར་གསལ་དྲི་བྲལ་ཆུ་ཤེལ་དབང་བོ་ཡིས།   །

བཀའ་པོད་རྣམ་ལྔའི་དགག་བཞག་སྤྲོ་ཤེས་ན། །

སྣང་དགོན་འདུས་སྡེའི་མང་ཐོས་ཤེས་རབ་དང་། །

ཡང་དག་མཚུངས་པར་མི་འགབ་སུ་ཞིག་སྨྲ། །

རྨོངས་པའི་དཔེ་ནི།

མཆོག་སྤྲུལ་སྐལ་བཟང་བློ་གྲོས་འཛུམ་ཞལ་དང་།   །

ཆུ་ཤེལ་དབང་པོ་འདྲ་ཕྱིར་རྨོངས་བརྟུལ་འགའ།  །

སྤྲིན་བྲལ་མཁའ་ལ་ཟླ་གཞོན་བཞད་པའི་ཚེ། །

དད་པས་འདྲེན་བྱེད་ཟུམ་བཞིན་ཐལ་མོ་སྦྱོར། །

ཡང་ན།     

མཆོག་སྤྲུལ་སྐལ་བཟང་བློ་གྲོས་འཛུམ་པའི་ཞལ། །

མཐོང་བས་རྟ་བདུན་དབང་པོ་ཤར་ཞེས་སྨྲས། །

སླར་ཡང་དཀྱུས་རིང་སྤྱན་གྱི་འཕྲུལ་སྡན་པས། །

མཚན་དཔེའི་གཟུགས་སུ་ངེས་ཏེ་ཐལ་སྦྱོར་ཟུམ། །

ཐེ་ཚོམ་གྱི་དཔེ་ནི།

དྲི་ཟའི་ས་འཛིན་རྩེ་ན་ཆུ་ཤེལ་དབང་།     །

དགའ་བས་འཛུམ་བཅས་གཟིགས་མོར་བྱོན་པའམ།  །

ཡང་ན་མདོ་སྨད་ཞིག་པོའི་གདན་ས་རུ། །

བརྩེ་བའི་རྒྱལ་སྲས་བྱོན་ནམ་འཕྱང་མོ་ཉུག །

གཏན་འབེབས་ཀྱི་དཔེ་ནི།

རབ་དཀར་ཆུ་འཛིན་དཔལ་འཕྲོག་མཛེས་སྡུག་འདི།  །

སྤྲིན་གྱིས་སྒྲིབ་གཡོགས་བྲལ་ཕྱིར་ཟླ་གཞོན་མིན། །

བཅུ་ཕྲག་རིག་པའི་གནས་ལ་དབང་འབྱོར་བས། །

མཆོག་སྤྲུལ་སྐལ་བཟང་བློ་གྲོས་རྒྱ་མཚོར་ངེས། །

སྦྱར་བའི་དཔེ་ནི།

བསྟས་པའི་མི་ངོམས་མཛེས་པའི་གཟི་བྱིན་ཆགས། །

ནང་རྟེན་ཡིད་འོང་སྤུས་ལེགས་བྱིན་ཅན་དང་། །

འདུས་སྡེའི་བཅུད་འཛོམ་མདོ་སྨད་སྣང་དགོན་གྱིས། །

འཕགས་ཡུལ་འོལ་མོའི་གླིང་གི་ཡོན་ཏན་འགོག །

ཡང་ན།     

རབ་དཀར་དྲི་བྲལ་མཛེས་པའི་གཟི་བྱིན་ཆགས། །

མཐོང་བས་ཡིད་ལ་དགའ་བ་རབ་སྟེར་བའི།     །

ཡིད་འོང་བཀྲ་ཤིས་སྒོ་མང་མཆོད་པའི་རྟེན།  །

གསས་ཁང་ཤམ་པོ་ལྷ་རྩེའི་རྗེས་སུ་འགྲོ།  །

མཉམ་ཉིད་ཀྱི་དཔེ་ནི།

མཚན་ཉིད་སྡེ་ལྔའི་བོན་ལ་མངའ་བསྙེས་ཤིང་།  །

འཕགས་ནོར་བདུན་དང་ལྡན་པའི་དགེ་བའི་བཤེས།   །

རིན་ཆེན་གླིང་ནས་འོང་བའི་དེད་དཔོན་བཞིན།  །

ཕུན་ཚོགས་འདོད་དགུའི་རེ་བ་ཡོངས་སུ་བསྐངས།  །

སྨད་པའི་དཔེ་ནི།  

ཆུ་མཐོངས་འཕུར་བྱད་གསལ་ཡང་རིག་ཆས་དབེན།  །

གུར་ཀུམ་སྐྱེད་ཚལ་མཛེས་ཀྱང་ཁྲིམས་ཀྱིས་སྟོང་།  །

མཁས་བཙུན་འཛོམ་པའི་བཤེས་གྱི་འདུས་སྡེའི་དཔལ།  །

དཔེ་དེའི་ལན་བརྒྱར་འགྲན་ཀྱང་ག་ལ་མཚུངས།།

ཡང་ན།       

རི་བོང་བློ་འཕྲུལ་ཆེ་ཡང་ཡ་མཆུ་རལ།  །

ཁུ་བྱུག་གསུང་སྐད་སྙན་ཡང་དོན་གྱིས་དབེན། །

རིག་འཕྲུལ་རྩོད་པའི་ཁ་དོག་དཀར་དམར་དང་།  །

དེ་དག་མཚུངས་པ་ལ་ཡང་ཁྱད་པར་མང་།  །

བསྔགས་པའི་དཔེ་ནི།

ཤམ་པོ་ལྷ་རྩེ་རྒྱལ་རྣམས་ཐུགས་རྗེས་གྲུབ།   །

དཀར་ནག་བཀྲ་གསལ་ལྷ་སྲིན་འཕྲུལ་གྱིས་བཞེངས།    །

དེ་དག་ཉིད་དང་སྣང་དགོན་གཙུག་ལག་ཁང་།  །

སྟོབས་འབྱོར་ཚད་ལ་དཔོག་པའི་ཤེས་ལྡན་སུ། །

ཡང་ན།    

འཕགས་ཡུལ་འོལ་གླིང་སྒོ་བཞི་མཛོད་ལྔའི་ཁུངས། །

དཔལ་ལྡན་སྨན་རི་འཕྲུལ་སྒྲོན་རྣམ་ལྔའི་ཕུགས། །

དེ་དག་རྗེས་འགྲོ་མདོ་སྨད་སྣང་དགོན་ནི།  །

ལྷར་བཅས་འགྲོ་བའི་གཙུག་གི་རྒྱན་དུ་འཕགས།  །

བརྗོད་འདོད་ཀྱི་དཔེ་ནི།  

ཕྲ་ཞིབ་རིག་པའི་ཡོན་ཏན་གསལ་བྱེད་དམ།     །

ཀུ་རེ་ཁ་མཚར་སྐྱོན་དང་ལྡན་ཡང་རུང་།  །

རྩོད་པའི་རིག་འཕྲུལ་ཤེས་རབ་འཁོར་ལོ་དང་།།

མཚུངས་ཞེས་བརྗོད་འདོད་བདག་གི་ཡིད་ལ་བརྣག  །

ཡང་འཇོག་ཚུལ་གཅིག་ཏུ།    

ཕྱག་རྫོགས་དབུ་མའི་ལྟ་བ་ལས་འཕྲོས་པའི།   །

གྱེར་སྤུངས་སྨྲ་བའི་སེང་གེའི་རྩོད་པའི་འཕྲུལ། །

ཕྱག་མདའི་འཕྲུལ་འཁོར་སྐྱོན་ཡོན་ཇི་ལྟ་ཡང་།     །

དེ་དག་མཚུངས་ཞེས་བརྗོད་འདོད་སྙིང་ལ་གནས།  །

འགལ་བའི་དཔེ་ནི།  

དཀར་གསལ་བསིལ་ཟེར་འགྱེད་པའི་རི་དྭགས་མཚན།    །

ངོ་མཚར་གཟུགས་བརྙན་གསལ་བའི་ཨ་དར་ཤ།    །

ལེགས་བཤད་གཞུང་བརྒྱ་འཛིན་པའི་ཤེས་རབ་གསུམ།  །

ཕན་ཚུན་ལན་བརྒྱར་འགྲན་ཡང་རྣམ་པ་འགལ།  །

ཡང་ན།    

དཀར་གསལ་བསིལ་ཟེར་འགྱེད་པའི་རི་དྭགས་མཚན།  །

ངོ་མཚར་གཟུགས་བརྙན་གསལ་བའི་ཨ་དར་ཤ། །

སྣང་སྟོན་སློབ་ཚོགས་མང་ཐོས་ཤེས་རབ་གསུམ།  །

ཕན་ཚུན་ལན་བརྒྱར་འགྲན་ཡང་རྣམ་པ་འགལ།   །

དགག་པའི་དཔེ་ནི།  

གླེན་སྒོམ་ལྷུར་ལེན་བྱེད་པའི་རྒན་པོ་དང་།  །

དོན་མེད་ཉི་ལྡེས་འགྲེས་པའི་རབ་བྱུང་དག     །

བཤད་སྒྲུབ་འདུས་སྡེའི་མཁས་བཙུན་བཟང་གསུམ་ལ།   །

འགྲན་པའི་སྤོབས་པ་མོ་གཤམ་བུ་ཡི་ཟླ།  །

ངོ་བསྟོད་ཀྱི་དཔེ་ནི།  

སྐྱོབས་པ་བླ་མེད་རྒྱལ་ཡུམ་གདུགས་དཀར་མོའི།  །

ཡངས་པའི་ལྟ་བྱེད་སྟོང་གིས་གཟིགས་པའི་དཔལ།   །

སྣང་སྟོན་ནམ་བློའི་འདྲེན་བྱེད་ཟུང་ཞིག་གིས། །

གདུལ་བྱའི་ཞིང་ཀུན་གཟིགས་ལ་ཅིས་མི་མཚུངས།  །

དེ་ཉིད་བརྗོད་པའི་རྒྱན་ནི།  

ཡིད་འོང་གཟུགས་འདི་གསེར་སྦྱང་ལྷུན་པོ་དང་།   །

མཚུངས་ཀྱང་རི་མིན་རྒྱལ་ཚབ་བླ་མའི་སྐུ།  །

འཇེབས་པའི་ཁ་དོག་མཚམས་སྤྲིན་གསར་བ་དང་།  །

འདྲ་ཡང་མ་ཡིན་ཚུལ་གོས་རྣམ་གསུམ་མདངས།  །

ཐུན་མོང་བའི་དཔེ་ནི།  

མེ་སྟོན་ཆེན་པོས་འཆད་པའི་བློ་སྟོབས་དང་།  །

སྒ་རིགས་སྟོན་པས་རྩོད་པའི་རྣམ་པྱོད་ལས། །

རིང་དུ་འདས་པའི་ཁྱོད་ཀྱིས་འཆད་རྩོད་དཔེར། །

གཞན་མེད་རང་གིས་མཚོན་དགོས་སྣང་སྟོན་མཆོག  །

འབྱུང་མིན་གྱི་དཔེ་ནི།  

འཛམ་བུའི་གླིང་གི་དཔལ་འབྱོར་ཕུན་ཚོགས་ཀུན།    །

ཕྱོགས་གཅིག་དྲིལ་ཏེ་ལེགས་པར་བསྐྲུན་པ་བཞིན།      །

སྣང་དགོན་གཙང་ཁང་རྒྱ་ཕིབས་གསེར་རྒྱན་བཅས།  །

རྒྱལ་ཚབ་མཆོག་གི་ཐུགས་བསྐྱེད་སྟོབས་ལས་གྲུབ།  །

ཡང་ན།    

འཛམ་གླིང་མཁས་པ་ཡོངས་ཀྱི་འཆད་རྩོད་རྩོམ།  །

ཕྱོགས་གཅིག་སྦོམ་བཞིན་མཁས་བྱ་རྣམ་གསུམ་སོགས།      །

གང་ལ་མངའ་བརྙེས་དགེ་བའི་བཤེས་གཉེན་མཆོག  །

སྨྲ་དབང་ཉི་མའི་མཚན་ཅན་བསྟན་འགྲོའི་རྒྱན། །

སྲིད་མིན་གྱི་དཔེ་ནི།   

མཚན་དཔེའི་སྐུ་ལས་མི་སྡུག་གཟུགས་ངན་དང་།    །

ཚངས་དབྱངས་གསུང་ལས་ལོག་ཚིག་མེད་ཇི་བཞིན།    །

སྣང་དགོན་འདུས་པའི་གྲལ་མཐའ་ཟིན་པ་ལས།   །

འཁོར་བའི་སྡུག་བསྔལ་འབྱུང་བ་དོགས་མི་འཚལ།།

ཡང་ན།     

རྟ་བདུན་དཀྱིལ་འཁོར་ཆ་ལས་མུན་སྨག་དང་།  །

ཟླ་བའི་འོད་ལས་མེ་ལྕེའི་ཕྲེང་བ་སོགས།   །

མེད་བཞིན་སྣང་སྟོན་ཐུགས་རྗེས་ཟིན་པ་ལས།  །

ངན་འགྲོའི་སྡུག་བསྔལ་ཡོད་མེད་སུ་ཞིག་ཚོམ།  །

མང་བའི་དཔེ་ནི།

གཡས་འཁྱིལ་དུང་དང་པད་དཀར་ཀེ་ལ་ཤ།     །

འོ་མའི་ཆུ་གཏེར་རི་དྭགས་མིག་ཅན་བཞིན།      །

འགྱུར་མེད་མཛའ་མཐུན་འདུས ་སྡེའི་འཛུམ་ཞལ་ལ།  །

སྐྱེ་དགུའི་ཡིད་འཕྲོག་མཛེས་པའི་གཟི་བྱིན་ཆགས།  །

རྣམ་འགྱུར་གྱི་དཔེ་ནི།   

གངས་ཅན་མཁས་དབང་རྒྱལ་བ་མཉམ་མེད་མཆོག  །

རྒྱན་དྲུག་མཁས་བཞིའི་ཁྲོད་ནས་བྱོན་པ་བཞིན།  །

སྔོན་མེད་ལེགས་བཤད་འཕྲུལ་སྒྲོན་རྣམ་ལྔའི་གསུང་།  

བརྟན་པའི་འཁོར་ལོའི་ངག་ལས་བླངས་པ་བཞིན། །
ཕྲེང་བའི་དཔེ་ནི། 

དབྱར་དུས་ཆུ་འཛིན་འཁྲིགས་པས་གྲུ་ཆར་བཞིན། །

ཆར་གྱིས་ལོ་ཏོག་སྨིན་བཞིན་དེ་ཡིས་ཀྱང་།  །

ཞིང་བའི་ཡིད་ལ་དགའ་སྟོན་རྒྱས་པ་བཞིན།  །

སྣང་སྟོན་གསུང་གིས་འདུས་སྡེའི་བློ་གྲོས་རྒྱས།  །

ངག་དོན་བཞིན་སྒྲ་གཅིག་ཅན་གྱི་དཔེ་ནི།  

དགའ་བས་འཛུམ་ལྡན་སྐལ་བཟང་བློ་གྲོས་ཞལ།    །

དཀྱུས་རིང་སྤྱན་དང་ཚེམས་ཕྲེང་ཡིད་འོང་འདི། །

བཅུ་དྲུག་ཆ་ལྡན་རི་དྭགས་གཟུགས་ཅན་དང་།   །

དཀར་གསལ་འོད་ཀྱིས་འཁྱུད་བཞིན་ཅི་ཡང་མཛེས།  །

ཡང་ན།       

ཕྲ་མས་བསླད་པའི་གྲོགས་ངན་ཁྲོ་གཉེར་ཅན། །

འཁྱོག་པའི་སྡང་མིག་བགྲད་པའི་མི་སྡུག་ཉམས། །

ཐུན་གསུམ་སྨག་རུམ་སྟུག་པོར་གློག་གི་ཕྲེང་། །

འཁྱུག་པས་མཚོན་བཞིན་སུ་ཞིག་ཡིད་ལ་འཇེབས།

ངག་དོན་བཞིན་སྒྲ་དུ་མ་ཅན་གྱི་དཔེ་ནི།

འཆི་མེད་ལམ་བཞིན་རྔ་ཡུལ་སྣང་དགོན་ཡང་།   །

མི་ལྷུང་ཕྲེང་བཞིན་མཁས་མང་འདུས་པས་རྒྱན།  །

དཀར་བསིལ་ལྡན་པའི་ཟླ་བཞིན་སྣང་སྟོན་མཆོག  །

ཟབ་གསང་བོན་གྱིས་ཕྱུག་སྟེ་གཟི་བྱིན་འབར།  །

ཟླ་བོ་དངོས་པོའི་དཔེ་ནི།  

ཞིག་པོའི་གདུང་ལ་འདྲེན་པ་མང་བྱོན་ཡང།  །

མཁས་དབང་མུ་ལའི་སྐུ་དང་མཉམ་ནུས་སུ། །

ཆེས་མཐོ་དཀན་གཟར་གྱེན་བརྩེགས་མང་ན་ཡང་།།

རིན་ཆེན་ལས་གྲུབ་རི་དབང་གཉིས་པ་གང་།  །

མཚུངས་སྦྱོར་གྱི་རྒྱན་ནི།  

སེའུ་བཅུ་བའི་ཞལ་ཁྱིམ་དཀྱུས་རིང་སྤྱན།  །

བཅུ་དྲུག་དཔལ་རྫོགས་རི་བོང་གཟུགས་ཀྱིས་བརྒྱན།    །

ཡིད་འོང་འཛུམ་པའི་སྨྲ་སྒོ་ཐག་བཟང་ཚེམས།  །

མཁར་རྩེན་ཐིག་ལེ་དཀར་གསལ་འོད་ཀྱིས་མཛེས།  །

ཡང་ན།   

བཤེས་ཁྱོད་ཞབས་ཟུང་འཇམ་མཉེན་འབོལ་བའི་གདན།  །

ཧ་རིའི་ལྗོན་བཟང་ནགས་མའི་ཚལ་དུ་བརྟེན།    །

དྲན་དབང་གསང་གསུམ་བོན་གྱི་བདུད་རྩི་དང་།     །

རྐང་འཐུང་ཡིད་འཕྲོག་དྲི་བསུང་གཏེར་དུ་གྲུབ།  །

རྒྱུའི་དཔེ་ནི།  

ལྷག་བསམ་རབ་ཏུ་དཀར་བས་ཟླ་བ་དང་།    །

ཡོན་ཏན་ཟད་པ་མེད་པས་རིན་ཆེན་གཏེར།    །

བསྟན་དོན་གཅེས་པར་བཟུང་བས་རྒྱལ་བ་དངོས།  །

གང་ཞིག་བཤེས་གཉེན་མཆོག་དེ་ཞིག་པོའི་བརྒྱུད།  །

ཡང་ན།     

ཕྱི་ནང་བཀོད་པ་མཛེས་པས་སྐབས་གསུམ་ཡུལ།   །

ཡིད་འོང་ཁང་ཚན་མང་བས་མི་ལྟུང་ཕྲེང་།   །

སྙན་གྲགས་ཕྱོགས་ཀུན་ཁྱབ་པས་འབྲུག་སྒྲ་ལྡིར།      །

བསྟན་འཛིན་རྒྱས་པས་སྐྱེད་མོས་ཚལ་ཆེན་འགོག  །

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།