༧སྐྱབས་རྗེ་སྨན་རིའི་་ཡོངས་འཛིན་མཆོག་གི་གོ་ལྔའི་དགྱེས་སྟོན་བསུ་བའི་རྟོགས་བརྗོད་མཆོད་སྤྲིན་བུམ་བཟང་།

[ཟླ་ཚེས། 2020-03-31 22:08:30][རྩོམ་པ་པོ། རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

གསང་གསུམ་བོན་གྱི་མཛོད་འཛིན་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་དཔོན་སློབ་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་གི་གོ་ལྔའི་དགྱེས་སྟོན་བསུ་བ་ལས་བརྩམས་པའི་རྟོགས་བརྗོད་མཆོད་སྤྲིན་བུམ་བཟང་ཞེས་བྱ་བ་ཤོ་ལོ་ཀ་བརྒྱ་དང་རྩ་བརྒྱད་པ་བཞུགས་སོ། །
རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ།
རིགས་དང་དཀྱིལ་འཁོར་རྒྱ་མཚོའི་བདག་ཉིད་འཕྲིན་ལས་འགྲོ་ལ་རྟག་འཇུག་ཅིང་། །
མཁྱེན་དང་བརྩེ་བའི་གཟི་བྱིན་རབ་འབར་ཐུགས་ནུས་དཔུང་བ་གཏུམ་པོ་ཡིས། །
བཤད་དང་སྒྲུབ་པའི་ཀ་ཆེན་འདེགས་ལ་ཡོངས་འཛིན་སྨྲ་བའི་དབང་པོ་ཞེས། །
རྒྱལ་དང་རྒྱལ་སྲས་བྱེ་བའི་བདག་ཉིད་དྲིན་ཆེན་དཔོན་གསས་ལན་བརྒྱར་བསྟོད། །
 
མཆོག་གསུམ་ངོ་བོ་བཀའ་དྲིན་བཞི་རྫོགས་ཐུགས་རྗེའི་ཕྱག་གིས་འགྲོ་རྣམས་སྐྱོབ། །
བརྟན་གཡོའི་ལེགས་ཚོགས་གཅིག་ཏུ་སྡུད་ལ་རྣམ་བཞིའི་འཁོར་ལོ་འཛིན་མར་བསྒྱུར། །
རྨད་བྱུང་མཛད་པ་དུས་སུ་ལེགས་སྨིན་གྱེར་བསྟན་ཉིན་བྱེད་གླིང་ལྔར་བདལ། །
རྒྱལ་ཀུན་ཡབ་གཅིག་སྨྲ་སེང་བླ་མ་སྲིད་དང་ཞི་བའི་དཔལ་དུ་མཆོད། །
 
བསྟན་པའི་ཡང་སྙིང་མདོ་སྔགས་རྫོགས་གསུམ་སྔ་འགྱུར་ཉི་མ་འོད་པོ་ཆེ། །
འཛིན་སྐྱོང་སྤེལ་ལ་རྒྱལ་བ་ཀུན་གྱི་འཕྲིན་ལས་འདེགས་བཟོད་ཐུགས་སྟོབས་ལས། །
རྣམ་དཔྱོད་བློ་གྲོས་ནམ་མཁའི་མཐར་སོང་གཞུང་བརྒྱའི་ཚལ་ཆེན་ལེགས་བཞད་པ། །
དག་པའི་སྒྱུ་ལུས་ཡེ་ཤེས་སྐུར་རྟེན་ས་བཅུའི་དབང་ཕྱུག་ཁྱེད་ལ་འདུད། །
 
དམ་པ་གང་གི་གསང་བ་གསུམ་གྱི་མཛད་བཟང་ཀུན་གསལ་སྒེག་མོའི་ཁྱོན། །
ཚུར་མཐོང་བདག་འདྲའི་རྣམ་དཔྱོད་བློ་ཡི་ཁབ་ཀྱི་བུ་གར་ཤོང་མིན་ཡང་། །
མི་ཕྱེད་དད་པའི་མཛོད་དུ་ལེགས་འཁྲུངས་རྟོགས་བརྗོད་མཆོད་སྤྲིན་བུམ་བཟང་ནི། །
རང་བཞིན་བརྗོད་པའི་ངག་གིས་གླེང་ལ་མཁས་རྣམས་ཁྲེལ་བར་མ་མཛད་ཅིག །
 
ཕྱི་ལྟར་ཉིས་བརྒྱ་ལྔ་བཅུས་རབ་མཛེས་སྤངས་བླང་བཅས་མཚམས་རྣམ་པར་དག །
ནང་དུ་ཉོན་མོངས་བསྒྱུར་བ་ལམ་བྱེད་ཕྱག་ཆེན་དོན་གྱི་རིག་པ་འཛིན། །
གསང་བ་ས་དང་ལམ་གྱི་གཞུང་ཤིང་བྱང་ཆུབ་སེམས་ཀྱི་བསླབ་པས་བརྗིད། །
རྒྱུད་གསུམ་མངའ་བདག་བསྟན་པའི་གཙུག་རྒྱན་སྨྲ་དབང་ཡོངས་འཛིན་གཏན་གྱི་སྐྱབས། །
 
རྒྱུ་རྐྱེན་མེད་པར་རང་ལ་རང་ཤར་གཟའ་གཏད་བྲལ་བའི་ལྟ་བ་འཛིན། །
སོ་སོའི་འགོ་གནོན་གཉེན་པོ་ལེགས་བསྟེན་སྤྱོད་པ་མས་འཛེག་སྒོ་གསུམ་དུལ། །
བོན་རྣམས་སྐྱེད་པའི་ཞིང་ས་གཤིན་པོ་སྙིང་རྗེ་ཆེ་ལ་གཞི་བསླངས་ཤིང་། །
ཕྱིན་བཅུ་སྤྱོད་པས་དོན་གཉིས་མཐར་རྫོགས་བོན་འཁོར་ཚིག་བཞིའི་སྐ་རག་འཆིང་། །
 
རྒུད་པའི་མུན་པ་དབྱིངས་སུ་ཟ་བའི་ཉིད་ཀྱི་མཛད་བཟང་ཉི་མའི་རླབས། །
རི་བྲག་ནགས་ཚལ་ཆུ་བོ་ཆུ་ཕྲན་ས་གཞི་ཀུན་ལ་སྙོམས་པོ་རུ། །
མུ་མེད་བདལ་བའི་ཟེར་བརྒྱའི་ཀློང་ན་འབྲས་བུའི་སྙེ་མ་ཆེར་ལྕི་བ། །
རྟོགས་བརྗོད་མེ་ཏོག་སྙིང་གར་བཀོད་དེ་དཔོན་གསས་བླ་མའི་གོ་སྟོན་བསུ། །
 
ཞང་ཞུང་སྒོ་བའི་ཁྱུང་ཡུལ་གནས་མཆོག་སུམ་པ་གླིང་གི་གྱིམ་ཤོད་དུ། །
རབ་བྱུང་བཅོ་ལྔའི་མེ་ཕོ་སྟག་སྟེ་སྤྱི་ལོ་གཅིག་དགུ་ཉེར་དྲུག་ལོར། །
ཚོགས་གཉིས་ལེགས་བྱས་རྩ་བ་རབ་བརྟན་དལ་འབྱོར་ཡོངས་འདུས་དཔག་བསམ་ལྗོན། །
ལྷ་མིའི་བསོད་ནམས་བཅུད་དུ་བལྟམས་པའི་སྤྲིངས་ཡིག་འཇིག་རྟེན་གསུམ་ན་འཕུར། །
 
ཆུང་ནས་རྒྱུད་དུལ་བསྔགས་འོས་ཡོན་ཏན་གསེར་གྱི་རི་ལ་ཉི་ཤར་བཞིན། །
ཁྱད་འཕགས་སྐྱེས་བུའི་ངང་ཚུལ་མ་སྨད་གཞན་ཕན་སྙིང་རྗེས་རྒྱུད་འབྱོང་བས། །
བག་མེད་བྱིས་པའི་སྤྱོད་པ་རྒྱང་བསྲིང་རྫོགས་ལྡན་ཡིད་ཀྱི་ཀུན་བཟོད་མ། །
དད་པའི་ཆུ་ཀླུང་སྟོང་གིས་ལེགས་འཁྱིལ་རྣམ་དཔྱོད་རླབས་ཀྱིས་ཅིར་ཡང་བརྗིད། །
 
དགུང་ལོ་བརྒྱད་ཀྱི་ཞབས་ཟུང་འཁོར་ལོ་ཆེ་རྒུའི་སྤྱི་བོར་ངལ་གསོ་བ། །
སྲིད་ཞིའི་དཔལ་ཡོན་ལེགས་ཚོགས་སྒོ་འབྱེད་བཤད་དང་སྒྲུབ་པའི་བསྟི་གནས་མཆོག །
ཁྱུང་དཀར་གཡུང་དྲུང་བསྟན་རྒྱས་གླིང་ལ་ཚོགས་ཞུགས་གནང་བ་དེ་ནས་བཟུང་། །
ཐར་འདོད་རྣམས་ཀྱི་དགེ་བའི་རྒྱུར་གྱུར་ཤེས་རིག་མངར་ཁ་འཇིབ་ལ་བྲེལ། །
 
བཅུ་གཅིག་བཞེས་ཚེ་ཞང་པོའི་རྗེས་འབྲང་ལྡོང་ཆུང་ཚེ་རིང་གཡང་འཕེལ་མདུན། །
ཁྱུང་ཡུལ་ལྡོང་མདོའི་ལྷ་བྲིས་ལེགས་བསླབ་བཟོ་རིག་རྩལ་ལ་བྱང་ཆུབ་ཅིང་། །
རྟོགས་པ་མངོན་གྱུར་བཟོད་པའི་མཚན་འཛིན་གྲུབ་པ་ཆེན་པོའི་ཞལ་སྔ་ནས། །
མ་འོངས་བསྟན་པའི་བདག་པོར་གཟིགས་པ་ཚུར་མཐོང་བློ་ཡིས་དཔོག་ནུས་མིན། །
 
བཅོ་ལྔའི་ཚེས་ན་དམིགས་འདུན་གཤོག་ཡངས་གྲྭ་སའི་རི་ལ་ལེགས་བསྐྱངས་ཏེ། །
ར་ལག་གཡུང་དྲུང་གླིང་གི་འདུས་གྲྭར་ཚ་རོང་དཔོན་སློབ་སོགས་ཀྱི་མདུན། །
ཟབ་རྒྱའི་དབང་ལུང་གདམས་ཁྲིད་ལེགས་གསན་རིག་ལམ་ཁ་དོག་དཀར་དམར་ནས། །
ཐོས་བསམ་འཚོལ་བར་བཟོད་པའི་གོ་བགོས་མང་ཐོས་ནོར་བུས་བརྗིད་པར་བྱས། །
 
མདོ་སྔགས་གདམས་པའི་བབས་སོ་གཉིས་པ་ཕུན་ཚོགས་མངོན་དགའ་རི་བོའི་ཞོལ། །
ལུང་དང་རིགས་པའི་རླབས་ཕྲེང་རྟག་འཕྱུར་རྒྱལ་བསྟན་རྒྱ་མཚོའི་འབྱུང་གནས་ཏེ། །
བཤད་སྒྲུབ་ནོར་བུའི་གཟི་འོད་རབ་འབར་གྲྭ་ས་སྨན་རིའི་གླིང་མཆོག་ཏུ། །
བཅུ་བདུན་བཞེས་ཚེ་ངང་བའི་རྒྱལ་བོ་མཁས་པ་ཁྱོད་ཀྱི་ཞབས་ཟུང་བཀོད། །
 
བཀའ་དྲིན་ཆེའོ་མཁྱེན་པའི་གཏེར་ཆེན་རྒྱལ་ཚབ་ཚག་དཔེ་དགེ་སློང་དང་། །
ཚུལ་ཁྲིམས་དྲི་ངད་ཕྱོགས་བཅུར་ཡོངས་འཐུལ་སློབ་དཔོན་བསོད་ནམས་རིན་ཆེན་མདུན། །
གཙང་མ་གཙུག་ཕུད་སྡོམ་ཁྲིམས་ལེགས་བཞེས་སྐུ་མཆོག་མེ་ཏོག་ཨུད་དུམ་ཝར། །
དམར་སེར་ཚོན་གྱིས་བགོས་པའི་གྲྭ་ན་ངུར་སྨྲིག་འཛིན་པའི་རྒྱན་དུ་འབར། །
 
དགུང་གྲངས་བཅུ་དགུའི་མཚན་དཔེ་གསལ་རྫོགས་ཤིང་སྤྲེལ་ཆིག་དགུ་ཞེ་བཞིའི་ལོར། །
མཁས་བཙུན་བཟང་པོའི་ཡོན་ཏན་འགྲན་མེད་ལུང་རྟོགས་བསྟན་པའི་མཛེས་རྒྱན་མཆོག །
ཡོངས་འཛིན་ཆེན་མོ་ཚུལ་ཁྲིམས་རྒྱལ་མཚན་མཉེས་པ་གསུམ་གྱིས་ལེགས་བསྟེན་པར། །
གྱེར་མཚོའི་དོ་རུ་ཞབས་པད་བཀོད་པས་བོན་གྱི་རླུང་རྟ་དེ་ནས་བརྒྱུགས། །
 
བླ་མའི་གསུང་ལྟར་ལོ་ལྔའི་བར་དུ་སྐར་རྩིས་གཟའ་ལྔ་ཞག་གསུམ་དང་། །
བརྡ་དག་སྙན་ངག་དཀྱིལ་འཁོར་ཐིག་རྩ་ནམ་མཁའ་འདྲེན་པའི་ལག་ལེན་མཚོན། །
སྐད་ཀྱི་བྱེ་བྲག་ཡི་དམ་སྒྲུབ་སྐོར་གབ་མཛོད་ས་གསུམ་སྔགས་རྫོགས་ཀྱི། །
ཚིག་དོན་ཀུན་ལ་ཡང་ཡང་སྦྱངས་པས་མཁས་པའི་རྒྱལ་ཐབས་བདག་གིར་མཛད། །
 
ཡོན་ཏན་ཆེ་ལ་སྙིང་ཁམས་ཆུང་བས་མཐོན་པོར་འཕགས་ཀྱང་དམན་ས་འཛིན། །
བློ་གྲོས་བཟང་པོའི་འོད་རླབས་རབ་འབར་བསྟན་ལ་ཐུགས་སྟོབས་འགྲན་མེད་པས། །
ཡོངས་འཛིན་མཆོག་གིས་ཐུགས་རྒྱུད་ཀུན་འཕྲོག་མ་འོངས་བསྟན་པའི་བདག་ཉིད་དུ། །
ལེགས་པར་མཐོང་བས་བསྐལ་བཟང་ཨུད་དཔལ་དམ་པའི་ཁོང་ན་རྣམ་པར་དགོད། །
 
དེ་ལ་བརྟེན་ནས་ཁོང་གི་བཀའ་བཞིན་སླར་ཡང་སྨན་གྱི་རིར་ཕེབས་ཏེ། །
བཤད་སྒྲུབ་འདུས་སྡེའི་སྒྲིག་ཞུའི་ཁོངས་ཞུགས་ཧོར་སློབ་སངས་རྒྱས་བསྟན་འཛིན་མདུན། །
བསྡུས་རྟགས་བློ་རིག་ཚད་མ་ཀུན་བཏུས་ས་ལམ་རྟེན་འབྲེལ་ཐེག་རིམ་དང་། །
དབུ་ཕར་འདུལ་མཛོད་གཞུང་ཆེན་ཁག་ལ་རྩོད་སྦྱངས་རྣམ་དཔྱོད་འཇིགས་བྲལ་གྱུར། །
 
མཁས་པའི་མཁས་པ་སངས་རྒྱས་བསྟན་འཛིན་སྨྲ་སེང་མི་ཡི་རྣམ་རོལ་དྲུང་། །
གསང་དོན་རྣམ་འབྱེད་སངས་རྒྱས་རྒྱུད་གསུམ་སྙན་རྒྱུད་བཀའ་རྒྱུད་སྐོར་བཞི་དང་། །
གཡས་རུའི་ཨ་ཁྲིད་བྱང་སེམས་གབ་པ་ཉམས་རྒྱུད་རྒྱས་འབྲིང་བསྡུས་གསུམ་གཙོས། །
ཕྱི་ནང་གསང་བའི་གཞུང་བརྒྱའི་ཆུ་ཀླུང་མང་ཐོས་བློ་ཡི་བུམ་པར་བསྐྱིལ། །
 
སྐུ་མཆོག་རི་དབང་ཐོས་པས་ལྕིད་ཀྱང་རྒྱ་མཚོ་ཆུ་ཡིས་མི་ངོམས་ལྟར། །
ཡོན་ཏན་གྱིས་ནི་མཁས་པ་ངོམས་མིན་མཁན་ཆེན་བསྟན་པ་བློ་གྲོས་དང་། །
ཉི་མ་དབང་རྒྱལ་མཁར་སྣའི་རྒྱལ་ཚབ་དམུ་གཤེན་འཛམ་གླིང་རིན་པོ་ཆེའི། །
ཞབས་འཁོར་སྤྱི་བོའི་རྒྱན་དུ་ལེགས་བསྟེན་ཟབ་གདམས་བྱེ་བའི་མཛོད་དུ་གྱུར། །
 
ཆུ་ཕོ་འབྲུག་གི་གྲགས་སྙན་རབ་འབར་སྐུ་ཡི་དགུང་གྲངས་ཉེར་བདུན་སྟེང་། །
ལི་ཁྲིའི་རྒྱ་མཚོ་འཛིན་མར་འཁྱིལ་འདྲའི་བཀྲ་ཤིས་སྨན་གྱི་རི་བོའི་སྤོར། །
སྨྲ་བའི་སེང་གེ་མཁྱེན་དཔྱོད་རྫོགས་གང་རྩོད་རྒྱུགས་དམ་བཅར་ཞུགས་བྱས་ཏེ། །
བསྐལ་བརྒྱར་རྙེད་དཀའ་དགེ་བའི་བཤེས་ཀྱི་མཚན་རྟགས་ལྷ་མིའི་དཔལ་དུ་བཞེས། །
 
དེར་བསྟུན་སྨན་རིའི་ཁྲི་འཛིན་མཆོག་གྱུར་མཁན་ཆེན་ཉི་མ་དབང་རྒྱལ་དྲུང་། །
བསྙེན་རྫོགས་ཉིས་བརྒྱའི་སྡོམ་ཁྲིམས་ལེགས་མནོས་མཁན་སློབ་རྣམ་པས་བཀའ་དགོངས་བཞིན། །
བསླབ་གསུམ་འདུ་གནས་གྲྭ་ས་སྨན་རིའི་མཁས་མང་འདུས་པ་རྒྱ་མཚོའི་དབུས། །
འཆད་ཉན་མི་འཇིགས་གདོང་ལྔས་བཏེགས་པའི་དཔོན་སློབ་ཁྲི་འཕང་ཁྱེད་ལ་བསྩལ། །
 
འབུམ་ཕྲག་གཞུང་གི་དཀའ་གནད་འཆད་ལ་མཉམ་མེད་བླ་མའི་ཐུགས་དགོངས་འཛིན། །
ཕྲ་ཞིབ་རྩོད་པའི་གློག་ཞགས་ཆེར་འཁྱུག་འགྲོ་མགོན་བློ་གྲོས་ཡང་བསྐྱར་རྒྱུ། །
རྒྱལ་བསྟན་གསལ་བྱེད་རྩོམ་པ་ཟླ་མེད་ཉི་རི་ཤེལ་བཞིན་དུས་མཐར་བརླིང་། །
འཆད་རྩོད་རྩོམ་པས་སློབ་ཚོགས་སྐྱོང་ལ་སྨན་རིའི་སྐུ་ཤ་རློན་པར་གྱུར། །
 
སྤྱི་དོན་ཀ་ཆེན་བླ་རུ་འདེགས་པར་རྒྱང་རིང་སྤྱན་གྱིས་ལེགས་གཟིགས་ཏེ། །
ཤིང་མོ་ལུག་ལ་སློབ་མའི་ཐུ་བོ་སྐྱབས་རྗེ་ཤེས་རབ་བློ་གྲོས་མཚན། །
མཁན་པོའི་ཁྲིར་བཞུགས་དེ་ཡི་ཕྱི་ལོར་ཚུལ་ཁྲིམས་དབང་ལྡན་མཁས་པའི་མཆོག །
སྨན་སློབ་ཁྲི་རབས་གསུམ་པར་མངའ་གསོལ་ཤིས་བརྗོད་གཏམ་གྱིས་ནོར་འཛིན་ལྡིར། །
 
ཨེ་མ་སྐྱེ་དང་སྐྱེ་བའི་ཕྲེང་བར་ཡོན་ཏན་ནོར་བུའི་ཁུར་འཛིན་ཁྱོད། །
ཐོས་དོན་རང་གི་སེམས་ལ་སྦྱར་ཕྱིར་མཁའ་འགྲོ་སྐལ་བ་བཟང་མོས་མཚོན། །
ཡི་དམ་དུ་མའི་བསྙེན་ཚད་བསྐྱལ་ལ་ལྷ་སྔགས་བདེ་བ་ཆེན་པོའི་ཀློང་། །
ཐུགས་དམ་ཟབ་མོ་བཅད་རྒྱར་བཞུགས་ཏེ་བདེ་སྟོང་ཡེ་ཤེས་མངོན་གྱུར་མཛད། །
 
འཕྲལ་དང་རྐྱེན་གྱི་ལས་དབང་བཙན་པོ་སྟོབས་ལྡན་སུས་ཀྱང་བཟློག་དཀའ་བས། །
བོད་ཡུལ་བསྟན་སྲིད་ཉི་ཟླའི་གུར་ཁང་སྒྲ་གཅན་ཁ་རུ་འཚུད་པ་སྟེ། །
ས་ཕག་དུས་འགྱུར་རླུང་ནག་གསེབ་ནས་མཉམ་མེད་ཆེན་པོའི་སྐུ་གདུང་གཙོས། །
རིན་བྲལ་རྟེན་གསུམ་སྲོག་དང་བསྡོས་ཏེ་སྦས་སྐུང་བྱས་པའི་བཀའ་དྲིན་མཚར། །
 
མེས་པོའི་རིག་གཞུང་བྲང་ལ་སྣོམ་བཞིན་བལ་བོ་བརྒྱུད་དེ་རྒྱ་གར་བརྡོལ། །
གལ་ཆེའི་གསུང་རབ་འབད་བརྒྱས་དཔར་བསྐྲུན་དཔྱད་གཞིའི་ཡིག་ཚག་ཕྱོགས་བཞིར་བཀྲམ། །
སྐྱབས་བཅོལ་བདེ་སྡུག་ཡིད་ཀྱིས་ཁུར་ཏེ་ནུབ་གླིང་འགྲིམས་ནས་འཚོ་རྟེན་བསགས། །
བོན་རྩ་འདི་ལ་སྐྱོབ་པའི་ལྷ་ཞིག་གསོན་པོར་བཞུགས་ན་ཁྱོད་ལས་སུ། །
 
ཞང་བོད་རིག་གཞུང་ཉམས་ལ་ཉེ་ཚེ་བོན་གྱི་མེ་དཔུང་མཐའ་ནས་སྦར། །
ལྟ་སྤྱོད་སྒོམ་པ་བརྫབ་ལ་ཉེ་ཚེ་ཤེས་རབ་རླབས་ཀྱིས་གསལ་བར་བྱས། །
གབ་མཛོད་ས་གསུམ་འདོར་ལ་ཉེ་ཚེ་བཤད་སྒྲུབ་གཉིས་ཀྱིས་ཆེས་ཆེར་སྤེལ། །
བློ་གྲོས་སྟོང་གིས་གཤེན་གྱི་དབུ་འཕང་གོ་ལའི་ཁྱོན་དུ་མཐོ་བར་བྱས། །
 
མཁས་པ་ནམ་མཁའི་ནོར་བུས་བསྐུལ་ངོར་ཞང་ཞུང་སྙན་རྒྱུད་ཆེན་མོའི་གཙོས། །
བོད་ཀྱི་ཆོས་རིག་ལོ་རྒྱུས་ངོ་བོ་ཨེ་ཐ་ལི་སོགས་ཕྱི་གླིང་གི།
སློབ་ཆེན་དུ་མར་བཤད་ཁྲིད་ཆར་ཕབ་ཐེག་དགུ་དབྱིན་བསྒྱུར་པར་བསྐྲུན་གྱིས། །
ནུབ་ཕྱོགས་བོན་གྱི་ཞིབ་འཇུག་ལས་གཞིར་ཁ་ཕྱོགས་གསར་བའི་སྒྲོན་མེ་བཏེགས། །
 
གཅིག་དགུ་རེ་བདུན་མེ་མོ་ལུག་ལ་ཁྲིམས་མཐུན་ཉོ་སྒྲུབ་ཆོག་མཆན་བརྒྱུད། །
རྒྱ་གར་བྱང་ཕྱོགས་ཧི་མའི་མངའ་ཁོངས་ཊོ་ལན་ཇི་ཞེས་གྲགས་པའི་སར། །
བྱེས་ཀྱི་བོན་པོའི་གཞིས་དགོན་མཆོག་གྱུར་ཐོབ་རྒྱལ་གསར་བ་ཕྱག་བཏབ་སྟེ། །
ཡུལ་གྱར་བོན་འབངས་ཉམ་ཐག་འགྲོ་རྣམས་ཐོར་མེད་ཕྲེང་ཐག་གཅིག་གིས་བསྡམས། །
 
ས་མོ་བྱ་སྟེ་རེ་དགུའི་ལོ་ལ་ཡོངས་འཛིན་སངས་རྒྱས་བསྟན་འཛིན་དང་། །
གཡུང་གླིང་མཁན་ཆེན་བསྟན་རྒྱམ་མཚན་ཅན་རིགས་བདག་ཆེ་རྒུས་གཞོགས་འདེགས་འོག །
སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་མཁན་ཆེན་སོ་གསུམ་ཁྲིར་བསྐོས་པའི། །
རྨད་བྱུང་མཛད་པའི་སྣང་བ་དཀར་པོས་གྱེར་བསྟན་མགོན་དང་ལྡན་པར་བྱས། །
 
འཛམ་གླིང་བོན་འབངས་ཡོངས་ཀྱི་དབུ་ཁྲིད་སྐྱབས་རྗེ་རྒྱལ་བ་སྨན་རི་བ། །
སྙིགས་མའི་ལྷ་སྐལ་ཁྲི་འཛིན་སོ་གསུམ་ལུང་རྟོགས་བསྟན་པའི་ཉི་མ་ཡི། །
སྤྱི་གཙུག་མཛེས་པའི་རྒྱན་དུ་ལེགས་བཀུར་ཁྲི་འཛིན་ཞལ་གྱི་རྔ་བོ་ལས། །
ཡོངས་འཛིན་སྨྲ་བའི་སེང་གེར་འབོད་པའི་གྲགས་པ་ལྷ་མིའི་སྙན་དུ་ལྡིར། །
 
དེ་ཚེ་མཁན་སློབ་ཐུགས་བསྐྱེད་འོ་ཆུ་མ་བགྲོས་གཅིག་ཏུ་བབས་པ་ལས། །
དམ་པ་རྣམས་ཀྱིས་འགྲོ་ལ་ཕན་པའི་ལེགས་བྱས་ནམ་མཁའི་མཐར་སོང་བ། །
ཡོན་ཏན་རིན་ཆེན་བྱེ་བའི་འབྱུང་གནས་གཤེན་བསྟན་སྨན་རིའི་གླིང་མཆོག་ཅེས། །
སྨན་གླིང་གཉིས་པ་ཐོབ་རྒྱལ་གསར་བར་གཞིས་བྱེས་ཡོངས་ཀྱི་དཔལ་དུ་བསྐྲུན། །
 
གཅིག་དགུ་དོན་བརྒྱད་ས་ཕོ་རྟ་ལ་གདན་ས་སྨན་རིའི་གླིང་མཆོག་ཏུ། །
གཡུང་དྲུང་བོན་གྱི་ཆེས་མཐོའི་སློབ་གླིང་བཤད་སྒྲུབ་འདུས་སྡེ་དབུ་བརྙེས་པས། །
ཉིན་དང་ཟླ་བསྟུན་བཅུ་ཕྲག་བརྒལ་བའི་མི་ལོ་དུ་མ་ཉིན་གཅིག་ལྟར། །
འཆད་རྩོད་རྩོམ་པས་ཅི་ཡང་བྲེལ་ཏེ་སློབ་ཚོགས་རིགས་སྨྲའི་སེང་ཁྱུ་འཁྲིགས། །
 
ཁམས་དང་དབུས་གཙང་ཨ་མདོ་གཙོར་བྱས་བོད་ཡུལ་སྟོད་སྨད་བར་གསུམ་དང་། །
བལ་ཡུལ་དོལ་པོ་གློ་མོན་ལས་ཐོན་ཕྱོགས་འདུས་སློབ་ཚོགས་ཁྲི་འབུམ་ལ། །
སོ་སོ་ཐར་བའི་སྡོམ་པའི་ཆར་ཕབ་ཚུལ་ཁྲིམས་པད་ཚལ་ལེགས་བསྐྱངས་ཤིང་། །
དབང་ཁྲིད་མན་ངག་གདམས་པས་རྗེས་བཟུང་བསྟན་འགྲོའི་རྒུད་མུན་འབྱིན་པར་བྱས། །
 
རབ་བྱུང་བཅུ་དྲུག་ཟད་པ་ཞེས་པ་མེ་ཕོ་སྟག་གིས་མཛེས་པའི་ལོར། །
ལོ་རྒྱུས་ཟིན་ཐོའི་སྟོང་ཆ་གསབ་ཕྱིར་རྒྱ་གར་འཕགས་ཡུལ་གནས་མཆོག་ཏུ། །
རབས་ཐེངས་དང་པོའི་དགེ་བཤེས་མཐར་ཕྱིན་དེ་ནས་ད་ཆར་གོ་ལའི་ཁྱོན། །
མཁན་སློབ་ཟུང་གིས་གསོ་སྐྱོང་ལས་ཐོན་དགེ་བཤེས་གསེར་རིའི་ཕྲེང་ཚོགས་བདལ། །
 
ཨེ་མ་ངོ་མཚར་འདོད་དོན་རི་མོར་སྟག་གི་ཐིག་ལེ་བབས་དེའི་ལོར། །
རྒྱལ་བསྟན་གསལ་བའི་ཉིན་བྱེད་ཆེན་པོའི་ཞབས་ཟུང་གངས་ཀྱི་རིར་འཁོད་དེ། །
གདུལ་བྱའི་རེ་བ་ཀུན་ནས་སྐོང་སླད་བོད་ཡུལ་སྟོད་སྨད་བར་གསུམ་གྱི། །
དགོན་སྡེ་དུ་མར་ཕེབས་སྐྱོད་ལེགས་མཛད་འགྲོ་རྣམས་བོན་གྱིས་ཚིམ་པར་བྱས། །
 
དེར་བསྟུན་འགྲོ་བའི་དོན་ཆེན་བསྒྲུབ་ལ་ཐུགས་སྟོབས་ནམ་ཡང་ངལ་མེད་པས། །
མ་འོངས་བསྟན་པའི་གནས་གཞིར་དགོངས་ཏེ་བལ་པོའི་འཕགས་པ་ཤིང་ཀུན་འགྲམ། །
གཤེན་གྱི་ཁྲི་བརྟན་ནོར་བུའི་དབུ་རྩེ་ཤེས་རིག་རླབས་ཀྱི་དན་རྟགས་དང་། །
གྱེར་བསྟན་གསེར་གྱི་ཀ་ཆེན་འདེགས་ཕྱིར་འདུས་སྡེའི་ཆེན་པོའི་ལུགས་སུ་བསྐྲུན། །
 
དེ་ཚེ་མཁན་སློབ་ཉི་ཟླ་ཟུང་གིས་རྒྱང་རིང་སྤྱན་གྱིས་ལེགས་དགོངས་ཏེ། །
གོ་གཉིས་ལོ་ལ་ཡང་སྟོན་ཆེན་པོ་དགེ་བཤེས་འཕྲིན་ལས་ཉི་མའི་དཔལ། །
རྒྱལ་བ་སྨན་རིའི་དཔོན་སློབ་མངའ་གསོལ་རྨ་རོང་དགེ་བཤེས་ཉི་དབང་མཚན། །
ཁྲི་བརྟན་ནོར་རྩེའི་མཁན་པོའི་ཁྲིར་བཞུགས་གང་འདུལ་མཛད་པ་བསྟན་འགྲོའི་དཔྱིད། །
 
གཅིག་དགུ་གོ་བཞི་ཤིང་ཕོ་ཁྱི་ལ་ཁྲི་བརྟན་ནོར་རྩེ་གཙུག་ལག་ཁང་། །
རྟེན་དང་བརྟེན་པ་ཀུན་ནས་ལེགས་འགྲུབ་མངའ་དབུལ་ཆེན་མོའི་མཛད་སྒོའི་དབུར། །
སྐྱབས་རྗེ་སྨན་རིའི་ཁྲི་འཛིན་སོ་གསུམ་ལུང་རྟོགས་བསྟན་པའི་ཉི་མ་མཆོག །
ཆེད་དུ་གདན་ཞུས་བཤད་སྒྲུབ་འདུས་སྡེ་གཙུག་ལག་སློབ་ཆེན་གསར་འཛུགས་གནང་། །
 
འགྲོ་ཁམས་གསེར་སྦྱངས་དབྱིག་འཛིན་ལྟེ་བར་ཐེག་དགུའི་རྩ་བ་རབ་བརྟན་ཞིང་། །
རྒྱལ་གསུང་འཕྲུལ་ངག་སྒོ་བཞི་མཛོད་ལྔའི་ཤེས་རིག་བང་རིམ་འཕང་མཐོ་བ། །
ཕྱི་ནང་གསང་གསུམ་འབྲས་བུས་ཡོངས་དུད་ཐར་འདོད་དཔག་བསམ་ལྗོན་པས་མཛེས། །
གྱེར་བསྟན་གླིང་བཞིའི་རི་དབང་ལྷུན་པོ་བལ་ཡུལ་སྤྲིན་གྱི་མཁར་དུ་བརྗིད། །
 
མེ་ཕོ་བྱི་སྟེ་གོ་དྲུག་ལོ་རུ་རྒྱལ་བ་སྨན་རིའི་དགེ་བཤེས་མཆོག །
ལུང་རྟོགས་བསྟན་པ་གཡུང་དྲུང་གང་ཉིད་གདན་ས་ཁྲི་བརྟན་ནོར་གླིང་གི།
དཔོན་སློབ་གསེར་གྱི་ཁྲི་ལ་མངའ་གསོལ་རྗེས་ཀྱི་ལོ་ངོ་གཉིས་པའི་སྐབས། །
སྨན་སྒྲུབ་འོད་ཟེར་འཁྱིལ་བའི་དབང་ཆེན་སྲིད་གསུམ་ཕན་བདེ་དཔལ་དུ་བསྩལ། །
 
སྟོང་ལོ་གསར་བའི་ལྕགས་མོ་སྦྲུལ་ལ་བལ་ཡུལ་འཕགས་པ་ཤིང་ཀུན་གྱི། །
ཉེ་བར་འཁོད་པའི་བོན་གྱི་འདུས་སྡེ་ཁྲི་བརྟན་གཙུག་ལག་སློབ་ཆེན་ནས། །
རབས་ཐེངས་དང་པོའི་དགེ་བཤེས་རྒྱུགས་སྤྲོད་མཐར་ཕྱིན་དམ་བཅའ་སྤེལ་དང་ལྷན། །
ཕྱི་ནང་གསང་བའི་རྒྱུད་སྡེ་དག་གི་བཀའ་དབང་གདམས་པའི་ཆར་ཆེན་ཕབ། །
 
ཉིས་སྟོང་གཉིས་ལོར་རིགས་སྨྲའི་ཁྲོད་ན་གངས་ཀྱི་སེང་གེ་ཐུར་མེད་ཅན། །
སྤ་སེར་དགེ་བཤེས་ཚུལ་ཁྲིམས་བསྟན་འཛིན་སྒྲུབ་གྲྭའི་མཁན་པོར་མངའ་གསོལ་ཞིང་། །
མེ་ཕོ་སྤྲེལ་ལ་ཁྲི་བརྟན་ནོར་རྩེའི་དཔོན་སློབ་མི་འཇིགས་གདོང་ལྔའི་ཁྲིར། །
དགེ་བའི་བཤེས་གཉེན་ཚངས་པ་བསྟན་འཛིན་མཁས་རྒུའི་སྤྱི་བོའི་ཏོག་ཏུ་བཀོད། །
 
རབ་བྱུང་བཅུ་བདུན་མེ་མོ་བྱ་ལ་རྒྱལ་ཀུན་ལས་ལྷག་བཀའ་དྲིན་ཅན། །
སྨྲ་སེང་མི་ཡི་རྣམ་པར་རོལ་གང་དགུང་གྲངས་བརྒྱད་ཅུའི་ཁུར་ལྕི་ཡང་། །
རྒྱལ་བསྟན་བཤད་སྒྲུབ་སྟོབས་ཀྱིས་འཛིན་ཕྱིར་གཤེན་བསྟན་དར་རྒྱས་གླིང་བའི་སྡེ། །
ཧྥ་རན་སི་ཡི་རྒྱལ་ཁོངས་ལེགས་བཙུགས་བསྟན་ལ་རྗེས་བཞག་འགྲན་མེད་མཛད། །
 
ལམ་དང་ལུགས་ཀྱི་རྣམ་གཞག་ལྟ་བུས་བོད་ཡུལ་སྟོད་སྨད་བར་གསུམ་ནས། །
མང་པོས་མཉམ་དུ་མཐའ་ནས་སྐྱོར་བཞིན་དགོན་སྡེ་འཛིན་ལ་ཆེན་པོ་འགས། །
ངོམ་སོ་བྱེད་ན་ཆོས་རིག་ལྟ་བའི་རིན་ཐང་འཁྱེར་ལུགས་ཐ་དད་པའི། །
རྒྱལ་ཁོངས་དུ་མར་བསྟན་པའི་གནས་གཞི་གསར་བསྐྲུན་གནང་བ་ཅི་ཡང་མཚར། །
 
མཚན་དཔེ་སྐུ་མཆོག་གངས་རི་མཚོ་གསུམ་གྱེར་བསྟན་ནོར་འཛིན་མགོན་དུ་བརྗིད། །
མདོ་དང་སྔགས་ཀྱི་གསུང་དབྱངས་ལེགས་བཤད་ཁ་འབབ་ཟོལ་གྱིས་གླིང་ལྔར་བདལ། །
རྒྱ་ཆེ་རྒྱང་རིང་ཐུགས་ཀློང་མ་ཕམ་སྐྱེ་རྒུའི་བསོད་ནམས་དཔལ་འཁྱིལ་བ། །
བགྲང་ཡས་རྒྱལ་བ་ཀུན་གྱི་ངོ་བོ་རྗེ་བཙུན་ཞང་བོད་ནོར་འཛིན་རྨད། །
 
ཁྲོ་མོ་ཞེས་པ་ཤིང་ཕོ་འབྲུག་སྟེ་སྤྱི་ལོ་ཉིས་སྟོང་བཅུ་གཉིས་ལོར། །
ཚངས་སྤྱོད་བྱེ་བས་ལྷམ་མེར་བརྗིད་པ་བལ་ཡུལ་ཁྲི་བརྟན་ནོར་བུའི་རྩེ། །
ས་སྟེང་གཡང་གི་བཅུད་དུ་བལྟམས་ནས་ཉེར་ལྔ་འཁོར་བའི་དུས་སྟོན་ལ། །
སྨན་སྒྲུབ་འོད་ཟེར་སྐབས་ཐེངས་གཉིས་པ་སྲིད་ཞིའི་དཔལ་དུ་ཅིར་ཡང་ཕབ། །
 
དེ་ཡི་ཕྱི་ལོར་བཤད་སྒྲུབ་མཁན་པོར་དགེ་བཤེས་སྐལ་བཟང་སྨོན་ལམ་དང་། །
བཤད་སྒྲུབ་སློབ་དཔོན་སེང་གེ་ཁྲི་ལ་དགེ་བཤེས་བློ་གྲོས་གཙུག་ཕུད་གཙོས། །
ནགས་རུ་དགེ་བཤེས་དགེ་ལེགས་སྦྱིན་པ་གཤེན་བསྟན་གླིང་གི་མཁན་པོ་དང་། །
ཧོར་ཚང་དགེ་བཤེས་བསམ་གཏན་གཙུག་ཕུད་དགོན་དེའི་འདུལ་བའི་མཁན་པོར་བསྐོས། །
 
ཉིས་སྟོང་བཅུ་བཞི་མེ་ཕོ་རྟ་ལ་བསྟན་འཛིན་བྱེ་བའི་རྒྱལ་བོ་ཁྱོད། །
ཚེ་མཐའ་ཡས་པའི་ངོ་བོར་བཞེངས་ཏེ་དགུ་བཅུའི་གོ་སྟོན་བསུ་བ་ལ། །
མདོག་དང་རིགས་རྒྱུད་སྐྱེས་ཁུངས་ཐ་དད་འཛམ་གླིང་བོན་འབངས་མ་ལུས་པས། །
ཞབས་བརྟན་ཐུགས་སྨོན་དབྱངས་སུ་བསྐྱོན་པའི་ཨུན་ཆེན་དུང་སྒྲ་ཕྱོགས་བཞིར་དཀྲོལ། །
 
རྣམས་མང་སྐྱེ་བོའི་ཡིད་ཀྱི་མཚོ་ཆེན་དད་སྟོབས་རླབས་ཀྱིས་སྐྱོམ་པ་ལས། །
གསང་གསུམ་བོན་གྱི་མཛོད་འཛིན་ཆེན་མོའི་ཞབས་པད་བསྐལ་བརྒྱར་བརྟན་པ་ལ།
གཡུང་དྲུང་བོན་བསྟན་མཉམ་འབྲེལ་ཚོགས་པས་རབ་རྒྱན་ས་མོ་ཕག་གི་ལོར། །
སྤོས་ངད་ལྡན་པའི་ཁྲིའུ་འདུའི་གྲོང་ལ་གོ་ལྔའི་བརྟན་བཞུགས་མཆོད་སྤྲིན་བརྩེགས། །
 
རྣམ་འདྲེན་བརྒྱད་པའི་ལུང་རྟོགས་བསྟན་ལ་གསང་གསུམ་བོན་གྱི་མཛོད་འཛིན་ཞིང་། །
བོན་འབངས་བྱེ་བའི་གཙུག་གི་སྐྱབས་རྗེ་རྒྱལ་བ་སྨན་རིའི་དཔོན་སློབ་སྟེ། །
མི་ཡི་སེང་གེ་སྙིགས་འགྲོའི་སྟོན་པ་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག །
བསྟན་འཛིན་རྣམ་པར་དག་པའི་འབྱུང་གནས་མདོ་སྔགས་རིན་པོ་ཆེ་ལ་འདུད། །
 
མཛེས་ལྡན་དབུ་སྐྲ་དུང་ལྟར་དཀར་ཡང་ཚེམས་དཀར་འོད་ཀྱི་ཐགས་བཟང་བཀྲ། །
ལུས་ཀྱི་རྒྱུ་བ་རབ་ཏུ་ལྡང་ལ་ཕྱག་ཞབས་ཡན་ལག་མཉེན་ལྕུགས་ལྡན། །
ཞལ་ཁྱིམ་ཆ་རྫོགས་ཟླ་བའི་མདངས་འཛིན་ཕྲག་སྟོད་སེང་གེ་དཔལ་གྱིས་འགྱིངས། །
གོ་ལྔའི་སྐུ་ཡི་བསླབ་གསུམ་ལྗོན་པར་ཚངས་པའི་ཚུལ་དགུས་ཡལ་འདབ་བརྗིད། །
 
འདི་སྐད་ཐོས་སོ་གོ་ལྔར་ཕེབས་པའི་འཁྲུངས་སྐར་གཡང་གི་དུས་བཟང་སྟེ། །
བརྟན་བཞུགས་མཎྡལ་རྒྱས་འབུལ་མཛད་སྒོ་ལྷ་མིའི་ཚོགས་གཉིས་དགའ་སྟོན་དུ། །
ཉིས་སྟོང་ཉི་ཤུའི་སྤྱི་ཟླ་དང་པོའི་གྲལ་ཚེས་བཅོ་ལྔ་བཟང་པོའི་ཉིན། །
བྱེས་ཀྱི་གདན་ས་ཁྲི་བརྟན་ནོར་རྩེ་གཙུག་ལག་སློབ་གླིང་ཆེན་མོར་སྤེལ། །
 
ཉིན་དེར་སྐྱབས་རྗེ་སྨྲ་བའི་སེང་གེ་རྒྱལ་བ་སྨན་རིའི་ཡོངས་འཛིན་ཁྱེད། །
བླ་བྲང་འོད་གསལ་བོན་དབྱིངས་ཚོམས་ལས་འདུས་པ་རྒྱ་མཚོས་ལེགས་བསུས་མཐར། །
སྤྱན་ལྔ་རིན་ཆེན་ཁྲི་ལ་བཞུགས་རྗེས་མཁན་ཆེན་བསྟན་པ་གཡུང་དྲུང་གི།
འབྲུག་ཆེན་ལྡིར་བའི་གསུང་ངག་རོལ་མོས་མཎྡལ་བཤད་པ་རྒྱ་ཆེར་བསྟབས། །
 
དེར་བསྟུན་སྨན་རིའི་ཁྲི་འཛིན་སྐུ་ཚབ་སྨན་རིའི་བཤད་སྒྲུབ་དཔོན་སློབ་དང་། །
ཚངས་པ་བསྟན་འཛིན་དཔོན་སློབ་མཆོག་དང་སྒྲུབ་གྲྭའི་མཁན་པོ་གཙོར་བྱས་ཐོག །
ཕྱི་ནང་རྒྱལ་ཁབ་སུམ་ཅུར་ཉེ་བའི་ཆེད་ཕེབས་ཚོགས་སྡེ་སྤྱི་འཐུས་ཀྱིས། །
སེར་སྐྱ་ཕྲེང་བས་གསོལ་འདེབས་དབྱངས་བཅས་མཎྡལ་སྐུ་གསུང་ཐུགས་རྟེན་བཏེགས། །
 
དེ་རྗེས་འགྲོ་འདྲེན་ཡོངས་འཛིན་ཆེན་མོས་རྡུལ་རྙེད་གྲངས་ཀྱི་སེམས་ཅན་ལ། །
འདི་ཕྱིར་མཁོ་བའི་བཀའ་སློབ་གནད་སྨིན་བསོད་ནམས་བཅུད་དུ་ལེགས་བསྩལ་ཞིང་། །
བསྔོ་བ་བདེ་ལེགས་ཀུན་འབྱུང་ལྟར་དུ་བརྟན་བཞུགས་དངོས་པོའི་འདེགས་འབུལ་མཚོན། །
དུས་གསུམ་བསགས་པའི་དགེ་ཚོགས་མཐའ་དག་དམིགས་མེད་ཀློང་དུ་ཅིར་ཡང་བསྔོས། །
 
སྐུ་མཆོག་མི་འགྱུར་གསེར་གྱི་ལྷུན་པོ་གོ་ལྔའི་ལོ་ཡིས་མ་རྒུད་ལ། །
གསུང་དབྱངས་ལེགས་བཤད་གཏམ་གྱི་རོལ་མོས་འགྲོ་ལ་ཕན་བདེ་ལམ་སྟོན་ཞིང་། །
ཐུགས་ཉིད་སྒྲིབ་མེད་དག་པའི་ཀློང་ལས་རྣམ་བཞིའི་ཐུགས་རྗེ་འགག་མེད་པ། །
ཁྱོད་ཀྱི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་བརྡ་དང་ཚིག་གིས་བརྗོད་ནུས་མིན། །
 
 རྒྱལ་བ་སྨན་རིའི་མཁན་རབས་ལྔ་ཡི་ཟླ་མེད་ཡོངས་འཛིན་ཐུ་བོ་ཉིད། །
སྨྲ་བའི་སེང་ཆེན་གངས་རིའི་ཚིག་མཛོད་གསང་གསུམ་བོན་གྱི་རྒྱལ་བོ་སྟེ། །
བསྟན་འཛིན་རྣམ་དག་མཚན་ཙམ་གྱིས་ཀྱང་ནུབ་རིར་ཆས་པའི་གཤེན་བསྟན་ཉི། །
ཤར་ཕྱོགས་ལྷུན་པོའི་འཕྲག་ཏུ་འདྲེན་ན་ཁྱེད་ལ་མི་གུས་ཤེས་ལྡན་སུ། །
 
ཟབ་ཡངས་མདོ་སྔགས་གཞུང་བརྒྱའི་གནད་ལ་དགོངས་འགྲེལ་གསེར་གྱི་ཞུན་ཐིགས་ཕབ། །
བཅུ་ཕྲག་རིག་པའི་གནས་ཆེན་ཁག་ལ་ཆེད་རྩོམ་གཡང་གི་དམུ་ཐག་སྒྲིལ། །
ལྟ་སྤྱོད་ལམ་གྱི་རྣམ་གཞག་སྨྲ་ལ་དཔྱད་གསུམ་གཏན་ཚིགས་རྒྱང་མཐོང་བཙུགས། །
བློ་གྲོས་རྩལ་རྫོགས་དཔའ་བོའི་མཁྱེན་གཏེར་ཀུན་མཁྱེན་ཚད་མས་གཞལ་བྱ་མིན། །
 
མཆོག་གིས་བསྟན་འགྲོར་སྨན་པའི་སྐུ་དྲིན་ཆ་རྫོགས་ཟླ་བའི་འོད་རླབས་ལ། །
ཕྱོགས་ཙམ་བལྟ་བའི་དྲི་མེད་སེམས་ཀྱི་ཀུན་དའི་མིག་ནི་ཕྱེ་གྱུར་ཚེ། །
སྐྱེ་རྒུའི་བློ་ལ་རྣམ་དཔྱོད་འོ་མའི་མཚོ་ཆེན་བསྐྱིལ་བའི་ཀློང་ཡངས་ན། །
སྲིད་པ་སྟོང་རྩིས་བོན་གྱི་དཔེ་སྒྲོམ་ལུང་རིགས་དབྱིག་གི་མཛོད་དུ་ཡོད། །
 
བསྐལ་བཟང་སངས་རྒྱས་སྟོང་རྩའི་དབུས་ན་ཐུགས་བསྐྱེད་སྨོན་ལམ་ཆེར་འཕགས་པའི། །
ལྷ་མིའི་རྣམ་འདྲེན་གཤེན་རབ་མི་བོའི་སྐྱེས་རབས་ལོ་རྒྱུས་ནོར་བུའི་མཛོད། །
དྲི་མེད་ལུང་དང་འབྲིང་པོ་གཟེར་མིག་མདོ་འདུས་སོགས་ཀྱི་བཅུད་ཕྱུངས་ནས། །
སྟོན་པའི་རྣམ་ཐར་པད་མ་དཀར་པོའི་ཕྲེང་བ་དེབ་ཆེན་གཉིས་སུ་བརྩམས། །
 
གནམ་གྱི་ཚངས་ཐིག་ས་ཡི་ཡང་སྟེང་རི་འགོ་གངས་རྒྱལ་ཏི་སེ་དང་། །
ཆུ་འགོ་ཁ་འབབ་རྣམ་བཞིར་གཏུགས་པའི་འཛམ་གླིང་དབུས་ཀྱི་ལྟེ་བ་སྟེ། །
ཆེན་པོ་བོད་ཀྱི་གདུང་དང་རུས་ཁུངས་བསམ་བློའི་ཤེས་རིག་སྟོན་པ་ལ། །
འབེལ་གཏམ་ལུང་སྙིང་གནས་ཡུལ་དཀར་ཆག་བསྟན་འབྱུང་ལོ་རྒྱུས་ཕྲེང་བར་བསྟར། །
 
བྱང་ཆུབ་བསྒྲུབ་ལ་ངེས་པར་མཁོ་བའི་ལམ་གྱི་མཐུན་རྐྱེན་རྨད་བྱུང་བ། །
ཕྱི་ནང་གསང་བའི་དབང་གི་བརྒྱུད་རིམ་ཚང་ལ་མ་ནོར་ལེགས་སྟོན་ཞིང་། །
མཁས་དབང་སྟག་སེང་དར་མའི་ཚོགས་ལ་ལུང་དང་རིགས་པའི་དགག་བཞག་བཅས། །
སྟོན་པའི་སྐུ་ཡི་ཆ་ལུགས་འཇོག་པའི་གསུང་པོད་གཞུང་བརྒྱའི་བཅུད་དུ་སྦྲུམ། །
 
སྐལ་ལྡན་རྗེས་བཟུང་བསྟན་པའི་གཞི་གྱུར་འཇིག་རྟེན་ཕན་བདེ་འབྱུང་བའི་གནས། །
རབ་འབྱམས་དཀྱིལ་འཁོར་རྒྱ་མཚོའི་གསལ་བྱེད་སྐུ་གདུང་སྐུ་གཟུགས་ལྷ་ཁང་དང་། །
བརྒྱ་དང་ཉི་ཤུའི་མཆོད་རྟེན་སོ་སོར་མ་འདྲེས་ཅི་ལྟར་བཞེངས་པ་ལ། །
བཟོ་རིག་རྣམ་བཞག་གསལ་བར་བཀོད་པའི་ལྗགས་རྩོམ་གསེར་གྱི་རི་བོ་བརྗིད། །
 
རྒྱུ་ཐེག་རྒྱུ་ཡི་རྣམ་བཤད་འགྲེལ་ལ་བོན་སྦྱིན་བླ་མེད་གྲུ་ཆར་ཕབ། །
གཡུང་དྲུང་གསང་རྒྱུད་འབྱེད་པའི་ལྡེ་མིག་དཔྱོད་ལྡན་བློ་ཡི་བཅུད་དུ་བསྩལ། །
དྲང་དོན་སྒྲོན་མ་མུན་པ་སེལ་ལ་ཟུར་རྒྱན་གཏམ་གྱི་དགའ་ཚལ་བསྐྲུན། །
རྣམ་གསུམ་ཏིང་འཛིན་གསལ་བའི་འོད་ཀྱིས་སྔགས་དོན་ལྷ་ལམ་མཐོ་རུ་བཏེགས། །
 
ཐ་མལ་སྣང་ཞེན་སྤྲོས་པ་གཅོད་ལ་རིམ་གཉིས་རྣལ་འབྱོར་བོན་དབྱིངས་ནས། །
སྣང་གྲགས་དྲན་རྟོགས་ཡེ་ཤེས་མངོན་གྱུར་གསང་ཆེན་རྒྱུད་སྡེ་རྣམ་བཞི་ཡི། །
ལྷ་འཁོར་སོ་སོའི་ཞལ་ཐང་བཀོད་པ་དྭངས་གསལ་ཤེལ་གྱི་མེ་ལོང་ཞེས། །
སྟོད་སྨད་གྲངས་སུ་ཚང་བར་བརྩམས་པའི་འགྲེལ་བརྗོད་སྲིད་ཞིའི་གཡང་དུ་ཕབ། །
 
གཏན་ཚིགས་རིག་པའི་སྒོ་བརྒྱ་འབྱེད་ལ་བསྡུས་གྲྭའི་རྣམ་བཤད་ངོས་འཛིན་དང་། །
ཚད་མའི་གཞུང་གི་དཀའ་གནད་ལེགས་དཀྲོལ་རྟགས་ཀྱི་རིགས་པའི་བསྡུས་དོན་གཙོས། །
ས་དང་ལམ་གྱི་རྣམ་བཤད་རྒྱས་བསྡུས་ཞི་གནས་མདོ་རྒྱུད་རྒྱ་མཚོའི་བཅུད། །
འཇུག་སྒྲུབ་ལས་འཕྲོས་བསམ་གཟུགས་སྐོར་གྱི་ལྗགས་རྩོམ་ནོར་བུའི་ཐང་མར་བརྡལ། །
 
མཐའ་ཡས་འགྲོ་བའི་བྱང་ཆུབ་མིག་བུ་ཟབ་མོ་སྟོང་བ་ཉིད་ཀྱི་དོན། །
རྨད་བྱུང་རྟེན་ཅིང་འབྲེལ་བའི་ལམ་ནས་དབུ་མའི་དོན་ཀུན་གསལ་བ་ལ། །
ཐེག་ཆེན་ཡུམ་གྱི་མདོ་དོན་གསལ་བྱེད་མ་རིག་ངོས་འཛིན་ཟིན་བྲིས་མཚོན། །
དབུ་མཛོད་འདུལ་རྩའི་གསུང་རྩོམ་ཉི་འོད་རྒྱལ་བསྟན་སྣང་བའི་རྒྱན་དུ་མཆེད། །
 
བསྒྱུར་བ་ལམ་བྱེད་རྒྱུད་སྡེ་རྒྱ་མཚོ་མུ་མེད་བདལ་བའི་ནགས་ཀློང་དུ། །
འགྲེལ་དང་ཆ་ལག་སྐབས་དོན་ཕྱག་བཞེས་ཡོན་ཏན་མེ་ཏོག་བཀྲ་བའི་དཔྱིད། །
ལྟ་སྤྱོད་སྒོམ་ཕྲིན་དངོས་གྲུབ་དམ་ཚིག་འབྲས་བུས་ཀུན་ནས་ལེགས་བཏུད་པའི། །
གསང་བ་སྔགས་ཀྱི་བཀའ་འགྲེལ་གསལ་བྱེད་དཔག་བསམ་སྤྱི་ནོར་ལྟ་ན་སྡུག །
 
རྩ་རླུང་ཐིག་གསུམ་ངོ་བོ་མ་བཅོས་ཟག་མེད་ཡེ་ཤེས་འདོད་འབྱུང་དབྱུག །
གསང་བ་དགུ་འདས་ལམ་གྱི་སྒྲུབ་ཐབས་མ་རྒྱུད་སངས་རྒྱས་རྒྱུད་གསུམ་གྱི། །
སྤྱི་དོན་དགོངས་འགྲེལ་ཐབས་ལམ་ལག་ལེན་བར་དོའི་རྣམ་བཤད་གསལ་སྒྲོན་སོགས། །
ཟབ་ལ་གཅེས་པའི་གསུང་གི་བང་མཛོད་ཐར་འདོད་སྐྱེ་བོའི་གསོས་སུ་འཕྱུར། །
 
སྐལ་བཟང་གདུལ་བྱའི་བསོད་ནམས་ཟླ་མེད་གཡུང་དྲུང་བོན་གྱི་རྒྱ་མཚོ་ལས། །
ལྷ་སྔགས་ཏིང་འཛིན་དཔའ་བོའི་དགོངས་སྤྱོད་བསྙེན་པའི་གཞི་མ་སྒོ་དགུ་དང་། །
སྒྲུབ་པའི་ཡན་ལག་དྲུག་གསུམ་བཅོ་བརྒྱད་མཐའ་བསྒྱུར་མཆོང་ཆེན་སྡེ་དགུ་སྟེ། །
སྔགས་ཀྱི་སྒྲུབ་ཕྲིན་ཆོ་གའི་ལག་ལེན་ཕྱག་བཞེས་གཏམ་ཚོགས་བྱུར་བུར་སྤུངས། །
 
བོན་སྒོ་བརྒྱད་ཁྲིའི་བརྗོད་བྱ་མཐར་ཐུག་གཞི་དབྱིངས་ཐིག་ལེ་ཉག་གཅིག་གི།
དོན་གྱི་དགོངས་པ་གསལ་བོར་སྟོན་ཕྱིར་རྩོད་སྤོངས་སྨྲ་བའི་སེང་གེ་དང་། །
མན་ངག་ལུང་གི་ཚད་མའི་མཆན་འགྲེལ་གལ་མདོ་ཏན་ཏྲའི་བསྡུས་འགྲེལ་གཙོས། །
བྱང་སེམས་གབ་པའི་སྤྱི་ཆིངས་ལ་སོགས་ལེགས་བཤད་གཟི་ཡི་ཕྲེང་བ་མང་། །
 
རྣམ་མང་གཞུང་དོན་ཐང་མར་བརྡལ་ཏེ་འགྲོ་བློར་གང་འཚམས་བོན་སྟོན་ཞིང་། །
ཁྱེད་ཀྱི་ལེགས་གསུང་མཚོ་ལས་འཕོས་པའི་བོད་ཀྱི་རིག་གཞུང་ངོ་སྤྲོད་སོགས། །
མི་རིགས་གཞན་པའི་ཡི་གེར་ཕབ་ཟིན་བཀའ་ཁྲིད་ཇི་སྙེད་ཕྱོགས་གཅིག་ཏུ། །
བསྡུ་བར་བརྩོན་ན་གསུང་རབ་རིན་ཆེན་གླང་པོའི་ཁུར་དུ་ལྗིད་ཙམ་ཡོད། །
 
དེ་ལྟར་སྒྲ་སྙན་སྨན་རྩིས་ལས་བརྩམས་སྡེབ་སྦྱོར་ཟློས་གར་མངོན་བརྗོད་དང་། །
བཟོ་རིག་གཏོ་དཔྱད་རྒྱལ་རབས་ལོ་རྒྱུས་བསྟོད་ཚོགས་དཀར་ཆག་རྣམ་ཐར་སྐོར། །
བསྡུས་རྟགས་བློ་རིག་འདུལ་མཛོད་དབུ་ཕར་ཐེག་རིམ་རྣམ་བཤད་སྔགས་རྫོགས་ཀྱི། །
གཞི་ལམ་འབྲས་བུའི་གནད་བརྒྱ་བཅུད་དྲིལ་གསུང་གི་མཛད་པར་དོ་ཟླས་དབེན། །
 
སྟོན་པའི་ཐུགས་ཀྱི་གཅེས་པའི་ནོར་མཛོད་མདོ་སྔགས་རྒྱུད་སྡེ་རྒྱ་མཚོའི་གནད། །
སངས་རྒྱས་མཆོག་གིས་ཇི་ལྟར་གཟིགས་བཞིན་ལུང་དང་རིགས་པས་གསལ་བྱས་ཏེ། །
ལོག་པར་འཕྱན་པའི་ལྔ་བདོའི་འགྲོ་རྣམས་བདེ་ཆེན་ཐར་བའི་གོ་འཕང་ལ། །
ཉེ་བར་བཀྲི་བའི་ཟབ་གདམས་སྨྲ་ལ་སྔོན་མེད་ལེགས་བཤད་གཏེར་ཆེན་ཡིན། །
 
མཁྱེན་པའི་ཆ་ནས་ཁྱོད་ལ་འགྲན་བཟོད་བརྒྱ་ལ་མཁས་པ་འབྱུང་སྲིད་ཀྱང་། །
བརྩེ་བའི་སྙིང་རྗེས་གཞན་དབང་གྱུར་ལ་རྒྱལ་བ་ལས་ནི་སུ་ཡིས་བསྒྲུན། །
ལྷག་བསམ་བརྩེགས་པའི་སྙིང་རྗེ་གཅིག་པུས་ཀུན་དུ་དགེ་བ་འགའ་འབྱུང་ཡང་། །
བསྟན་ལ་བྱས་པའི་ནུས་སྟོབས་ཕྲ་བས་ཁྱེད་ནི་མཁྱེན་བརྩེ་ནུས་པའི་མཛོད། །
 
སྔོན་བྱོན་མེས་པོའི་བྱུང་བ་རབས་ཀྱི་ཞབས་རྗེས་འཚོལ་ལ་རིགས་ཀྱི་ཕུལ། །
བོད་ཡུལ་གནའ་བོའི་རིག་གཞུང་འཆད་ཚེ་འབུམ་ཁྲི་གློག་གི་ལྕེ་རྩལ་རྫོགས། །
བསིལ་ལྗོངས་གཙུག་ལག་བླ་མཁར་བསྲུང་ལ་སྐྱེས་མཆོག་མི་ཡི་རྒལ་ཚིགས་ཅན། །
ཏི་སེ་ལྷུན་པོའི་ཏོག་ཏུ་འཕུར་བའི་ཁྱོད་ནི་གངས་རིའི་སྐུ་གཤེན་ཡིན། །
 
 བགྲང་ཡས་སྐྱེ་བའི་སྨོན་ལམ་སྟོབས་ཀྱིས་ལྷ་ལྡན་ཉི་མའི་ཞིང་མཆོག་ནས། །
མགོན་པོ་ཁྱེད་ཀྱིས་ཁོ་བོ་རྗེས་བཟུང་ཟབ་ལམ་རྫོགས་པ་ཆེན་པོའི་གནད། །
སྒྲོན་མ་དྲུག་གི་གདམས་ཁྲིད་ལེགས་གནང་བཀའ་རྒྱུད་སྐོར་བཞིའི་གསུང་པོད་གཅིག །
སྐྱེས་སུ་བསྩལ་བའི་རྟེན་འབྲེལ་ཟབ་མོས་རང་ཡང་སྐལ་བ་ཅན་དུ་བྱས། །
 
ཀྱེ་ཀྱེ་ཞི་རྒྱན་བཅུ་གསུམ་མ་སྤྲོས་ཡི་དམ་ཀུན་འདུས་གཤེན་ལྷའི་སྐུ། །
ཀྱེ་ཀྱེ་མཐོན་མཐིང་ལྕང་ལོ་སྤངས་པའི་བློ་གྲོས་གཏེར་འཛིན་སྨྲ་བའི་སེང་། །
ཀྱེ་ཀྱེ་དཔའ་བོའི་གར་གྱིས་མ་བཞེངས་ལྔ་བརྒྱ་མཁྱེན་པའི་དྲན་པ་རྗེ། །
ཀྱེ་ཀྱེ་ངུར་སྨྲིག་བྱེ་བའི་གཙུག་རྒྱན་སྨན་སློབ་ཡོངས་འཛིན་ཆེན་མོར་འདུད། །
 
ཁྱེད་ཀྱི་རིགས་རུས་ལང་ཚོའི་མྱུ་གུ་བསིལ་ལྗོངས་གངས་ཀྱི་རི་ནས་སྨིན། །
ཐོས་བསམ་སྒོམ་པའི་ཤེས་རིག་མེ་ཏོག་གྲྭ་ས་སྨན་གྱི་ཚལ་ལས་རྒྱས། །
འཆད་རྩོད་རྩོམ་པའི་གཞན་ཕན་འབྲས་བུ་འཛམ་གླིང་ཤར་ནུབ་མཐའ་གྲུར་བདལ། །
མཁས་བཙུན་བཟང་པོའི་རྣམ་ཐར་དཔག་བསམ་སྙིགས་འགྲོའི་བསོད་ནམས་ཟོངས་སུ་འཕྱུར། །
 
མདོ་འབུམ་རྒྱུད་དང་མཛོད་སྡེ་རྒྱ་མཚོ་མཁྱེན་དཔྱོད་གོམ་སྟབས་གཅིག་གིས་གཞལ། །
བོན་རབ་འབྱེད་པའི་ཤེས་རབ་འོད་ཀྱིས་མཐར་འཛིན་མུན་པ་མཁའ་རུ་བཏང་། །
རྣམ་མང་ཏིང་འཛིན་བྱེ་བར་དབང་བསྒྱུར་བོན་དབྱིངས་དེ་ཉིད་རྗེན་པར་གཟིགས། །
བསྟན་དང་བསྟན་འཛིན་རྣམ་དག་འབྱུང་གནས་མཁས་མང་གཙུག་གི་རྒྱན་དུ་སྤ། །
 
ཕྱྭ་གཡང་བསོད་ནམས་ཡིད་བཞིན་རེ་སྐོང་ལུས་གཟུགས་ལོངས་སྤྱོད་འགྲུབ་པ་ལ། །
ཕན་པའི་སེམས་ཀྱིས་གཏོང་བའི་ལས་ལ་ཆགས་པའི་ངོ་བོ་ཡོངས་བྲལ་བའི། །
བོན་སྐྱབས་ཟང་ཟིང་གཏོང་བ་ཡོངས་གཏོང་རབ་ཏུ་གཏོང་ལ་འཇིགས་མེད་པ། །
འཚེ་བྲལ་ཕོངས་སེལ་སྦྱིན་པའི་ཕར་ཕྱིན་ཚོགས་གཉིས་ནོར་བུའི་དཔལ་དུ་བསྐྱིལ། །
 
སྒོ་གསུམ་ཉེས་སྤྱོད་གཡང་ལས་སྒྲོལ་ཕྱིར་གཞན་གནོད་གཞིར་བཅས་ལེགས་སྤོང་པ། །
སྲས་བཅས་རྣམ་འདྲེན་དགྱེས་པའི་མཆོད་ཡོན་དུས་ཀུན་དགེ་ལ་བརྩོན་པས་མཚོན། །
མི་དགེ་ཕྱོགས་རྣམས་དུག་བཞིན་སྤོང་ལ་སེམས་ཅན་དོན་ཀུན་བྱེད་པ་སྟེ། །
ལྷ་དང་བཅས་པའི་མ་སྨད་སྤྱོད་པ་ཚུལ་ཁྲིམས་ཨུད་འབར་མེ་ཏོག་བརྗིད། །
 
སྡུག་བསྔལ་གནད་ལ་དཀའ་ཐུབ་བསྲན་ཚུགས་གནོད་པའི་དཔུང་ལས་རྒྱལ་བའི་ཐབས། །
རང་གཞན་འགྲོ་རྣམས་ཡལ་བར་མི་འདོར་གནོད་ལ་ཅི་མི་སྙམ་པ་དང་། །
ཉེ་བར་གཙེས་ཀྱང་སྡུག་བསྔལ་དང་ལེན་བོན་ལ་ངེས་པར་སེམས་པའི་བློ། །
ལྡོག་པར་མི་སྲིད་བཟོད་པའི་མཚོན་གྱིས་བདུད་བཞིའི་དམག་ཚོགས་ཕམ་པར་བྱས། །
 
ཡོན་ཏན་ཆུ་གཏེར་འཕེལ་བའི་སྡོངས་སུ་དགེ་ལ་མངོན་པར་སྤྲོ་བ་སྟེ། །
བྱང་ཆུབ་སྒྲུབ་ལ་མི་འཇིགས་སྙིང་སྟོབས་མདུན་སྐྱོད་གོ་ཆ་ཆེར་བགོས་ཤིང་། །
གང་བརྩམ་བྱ་བའི་ལས་རྣམས་མཐའ་དག་ནམ་ཡང་མི་གཏོང་སྦྱོར་བས་མཛེས། །
ཞེ་བཅད་དྲག་པོས་ཡོངས་སུ་མཐར་ཕྱིན་བརྩོན་འགྲུས་ནམ་མཁའི་སྒོ་འཕར་ཕྱེས། །
 
སྔོན་དུ་འགྲོ་བའི་ཡན་ལག་དྲུག་ལྡན་རྩེ་གཅིག་གསལ་ངར་ལྡན་པའི་སེམས། །
དམིགས་པའི་བློ་ལས་གཞན་དུ་མི་འཕྲོ་ཡོན་ཏན་མངོན་པར་སྒྲུབ་པའི་ཐབས། །
རྣམ་རྟོག་རླུང་ཞི་ལུས་སེམས་ལས་རུང་ཉོན་མོངས་མངོན་གྱུར་འགོ་གནོན་པའི། །
སྔོན་མེད་ཡོན་ཏན་རྒྱ་མཚོར་དབང་འབྱོར་བསམ་གཏན་གསེར་གྱི་ལྷུན་པོ་བརྟན། །
 
མི་མཐུན་ཕྱོགས་ཀྱིས་འཇོམས་པར་བྲལ་བའི་སྲས་བཅས་རྒྱལ་བའི་གཞུང་ལམ་སྟེ། །
སྒོ་གསུམ་རྣམ་དཀར་ཟག་མེད་ལས་ལ་མི་ལྡོག་བརྩོན་པའི་བློ་སྤོབས་དང་། །
རང་རྒྱུད་ཀུན་ནས་ཞི་བར་མ་བྱེད་ཉོན་མོངས་གཞོམ་པའི་མཐུ་ལྡན་ཞིང་། །
བདུད་དང་གཞན་གྱིས་གནོད་པས་མི་ཚུགས་སྟོབས་ཀྱི་ཕར་ཕྱིན་རིང་ནས་རྫོགས། །
 
འཁོར་བར་གནས་པའི་སེམས་ཅན་སོ་སོའི་ལས་སྣང་སྡུག་བསྔལ་བྲལ་བས་མཚོན། །
དེ་དག་ཐམས་ཅད་བདེ་བར་སྦྱོར་ལ་ཕན་པར་བསླབ་པའི་བྱམས་པ་དང་། །
གཞན་གྱིས་ཕུན་ཚོགས་ཡོན་ཏན་མཐོང་ཚེ་དེ་ལ་སྙིང་ནས་རབ་དགའ་བ། །
བདག་ཕྱོགས་མེད་པར་ཀུན་ལ་སྙོམས་སོགས་སྙིང་རྗེ་མཚོ་ཆེན་འཕྱུར་ལ་འདུད། །
 
རྣམ་དཀར་དགེ་རྩ་ཕྲ་རགས་གང་བྱས་བྱང་ཆུབ་སེམས་དང་མི་འབྲལ་བར། །
གང་ལྟར་སྨོན་པ་དེ་ཡི་དོན་ལ་ཐེ་ཚོམ་བྲལ་ནས་གདབ་པ་སྟེ། །
རང་གི་ཚོགས་གསོག་རྒྱ་ཆེར་སྨིན་དང་གཞན་དོན་རྗེས་སུ་འབྲེལ་བའི་བློ། །
རྒྱལ་བའི་ཞིང་དག་ཐོབ་པའི་མཐུན་རྐྱེན་སྨོན་ལམ་ནམ་མཁའི་མཛོད་ལ་དབང་། །
 
བསགས་པའི་དགེ་བ་ཐུན་མོངས་སྤྱིར་བྱས་སེམས་ཅན་སངས་རྒྱས་ཐོབ་པའི་ཕྱིར། །
བྱང་ཆུབ་མཆོག་གི་རྒྱུ་རུ་བསྔོ་བར་རང་སྐྱོན་ཉེས་ཚོགས་འགོག་ནུས་ཤིང་། །
ཇི་སྲིད་མཁའ་དང་མཉམ་པའི་སེམས་ཅན་ཐེག་ཆེན་ལམ་ལ་འཇུག་པའི་སྟོབས། །
གཡུང་དྲུང་ལྟ་བུའི་ཏིང་འཛིན་མཆོག་མངའ་ཐབས་ཀྱི་ཕར་ཕྱིན་རྫོགས་མཛད་རྨད། །
 
རྗོད་བྱེད་ཀུན་རྫོབ་ལུང་གི་བོན་ལ་ཐོས་པ་རྒྱ་མཚོའི་ཕ་མཐར་བརྒལ། །
ལམ་གྱི་ངོ་བོ་གཟུང་འཛིན་གཉིས་སྟོང་བདག་མེད་བསམ་བྱུང་གནས་ལུགས་རྙེད། །
སྟོང་དང་ཆད་པའི་མཐའ་ལས་ཡོངས་འདས་རྟེན་འབྱུང་སྒོམ་ལ་གྲུབ་བརྒྱའི་ཕུལ། །
བོན་རྣམས་ཐམས་ཅད་སོ་སོར་འབྱེད་པའི་ཤེས་རབ་ནམ་མཁའི་མཛོད་ཆེན་རྨད། །
 
ཨེ་མ་སྲས་བཅས་རྒྱལ་བའི་ཚོགས་ཀྱིས་འགྲོ་ལ་ཡང་ཡང་བསྔགས་མཛད་པའི། །
གཡུང་དྲུང་སེམས་དཔའི་རྒྱ་ཆེའི་གཞུང་ལམ་ཐབས་མཆོག་ཕ་རོལ་ཕྱིན་བཅུའི་བོན། །
ཡང་དག་ལམ་ལས་འཆུགས་པ་མེད་པར་དོན་གྱིས་སྙིང་པོ་མངོན་གྱུར་བ། །
ཚོགས་གཉིས་རིན་ཆེན་བྱེ་བའི་འབྱུང་གནས་དཔོན་གསས་ཆུ་གཏེར་ཆེ་ལ་འདུད། །
 
གྲགས་པའི་དཔལ་གྱིས་ལྷམ་མེར་མཛེས་ཤིང་བྱིན་རླབས་གཟི་འོད་འབར་བའི་སྐུ། །
ཟབ་རྒྱས་ལེགས་བཤད་རྣ་བའི་རྒྱན་གྱུར་ཐོག་མཐའ་བར་དུ་དགེ་བའི་གསུང་། །
སྲིད་དང་ཞི་བའི་མཐའ་ལ་མི་གནས་མཁྱེན་བརྩེ་ཡེ་ཤེས་རྫོགས་པའི་ཐུགས། །
མཚན་ཙམ་གྱིས་ཀྱང་ཕན་བདེ་དཔལ་སྟེར་ཡོངས་འཛིན་བླ་མར་བདག་ཕྱག་འཚལ། །
 
སྐྱེ་བ་འདི་དང་ཚེ་རབས་ཀུན་ཏུ་འཁོར་བའི་གནས་མལ་ཐམས་ཅད་ལ། །
ཁམས་གསུམ་ཁ་འཁོར་རྒྱུ་དྲུག་ལུས་བླང་སྡིག་པའི་ལས་ལ་ཞུགས་པ་སྟེ། །
མི་དགེ་བཅུ་དང་མཚམས་མེད་ལྔ་སོགས་ཕྱི་ནང་གསང་བའི་སྡོམ་པའི་རིགས། །
ཕམ་ཞིང་ལྷུང་བའི་ཉེས་འགལ་ཅི་མཆིས་འགྱོད་པ་དྲག་པོས་ཁྱེད་ལ་བཤགས། །
 
གང་དག་གནས་པའི་བྱེ་བ་ཕྲག་བརྒྱ་འཇིག་རྟེན་བརྟན་གཡོའི་བཀོད་པ་དང་། །
ཀུན་བཟང་མཆོད་སྤྲིན་ནམ་མཁའི་མཐའ་མཉམ་དངོས་འབྱོར་ཡིད་ཀྱིས་སྤྲུལ་བས་མཚོན། །
རིམ་དགུ་ཐེག་པའི་ལྟ་དགོངས་ཐུན་མིན་རང་གི་ཚེ་ལུས་ལོངས་སྤྱོད་བཅས། །
སྐྱབས་གནས་ཡུལ་མཆོག་གནས་བཞིའི་ངོ་བོ་དྲིན་ཅན་བླ་མའི་ཞིང་དུ་འབུལ། །
 
གྲུབ་མཐའི་ཆགས་སྡང་ཡུལ་དགོན་ཁ་འཛིན་ཕྱོགས་ཞེན་རླུང་གིས་མ་གཡོས་ཤིང་། །
བསྟན་དང་འགྲོ་ལ་གཞན་ཕན་ཁོ་ནས་རྒྱལ་སྲས་སྤྱོད་པའི་རྨད་བྱུང་བ། །
རྒྱུན་གནས་ཐུགས་རྗེ་བཞི་ཡིས་ཚུལ་གྱིས་ལུས་ཅན་ཐར་བར་འདྲེན་མཛད་པའི། །
ཐུན་མིན་གསང་གསུམ་མཛད་བརྒྱའི་ཚོགས་ལ་བདག་ཅག་སྙིང་ནས་ཡི་རང་བགྱིད། །
 
མགོན་པོ་མཆོག་གི་དག་པའི་ཐུགས་ཉིད་བོན་སྐུར་གཡོ་བ་མི་མངའ་ཡང་། །
སྙིང་རྗེ་སྟོབས་ཀྱིས་སྤྲུལ་བའི་གཟུགས་སྐུས་འགྲོ་ལ་མ་ནོར་ལམ་སྟོན་ཞིང་། །
སྙིགས་མའི་དུས་ཀྱི་ལུས་ཅན་མཐའ་དག་དམ་པའི་མགོན་གྱིས་སྐྱོང་བ་ལ། །
སྐྱབས་རྗེ་བླ་མའི་ཞབས་ཟུང་པད་མོ་བསྐལ་བ་རྒྱ་མཚོར་བཞུགས་གསོལ་འདེབས། །
 
ཐམས་ཅད་མཁྱེན་པའི་བདག་རྐྱེན་ལས་བྱུང་ངོ་བོ་ཁྱད་པར་བཞི་ལྡན་ལ། །
མ་བཅོས་མ་བསླད་རྒྱལ་གསུང་འཕྲུལ་ངག་ལུང་རྟོགས་ཡིད་བཞིན་ནོར་བུའི་མཛོད། །
བསྟན་པའི་གསལ་བྱེད་གདུང་འཚོབ་ཆེ་སོགས་རྒྱལ་སྲས་མཁས་པའི་ལེགས་བཀྲལ་བའི། །
བོན་གྱི་འཁོར་ལོ་གཏན་ཏུ་བསྐོར་བའི་གསོལ་བ་སྙིང་ནས་ཡང་ཡང་འདེབས། །
 
འདིས་མཚོན་བདག་གི་དད་པས་ལེགས་དྲངས་འགྲོ་རྣམས་དུས་གསུམ་བསགས་པ་ཡི། །
ལེགས་བྱས་དགེ་བའི་རྩ་བ་ཅི་མཆིས་རང་གཞན་བྱང་ཆུབ་དོན་ཕྱིར་དུ། །
དམིགས་པ་མེད་པའི་ཤེས་རབ་མཆོག་གིས་རྒྱལ་དང་རྒྱལ་སྲས་བསྔོས་པ་བཞིན། །
སྐུ་གསུམ་ངོ་བོ་དཔལ་ལྡན་བླ་མའི་ཐུགས་ཀློང་མི་དམིགས་ངང་དུ་འཇོག །
 
ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་སྡོམ་གསུམ་ཆགས་ཉམས་འགལ་འཁྲུལ་བཤགས། །
ཕྱི་ནང་གསང་བའི་མཆོད་སྤྲིན་ལེགས་བསྟབ་གསང་གསུམ་མཛད་པར་རྗེས་ཡི་རང་། །
མྱ་ངན་མི་འདའ་བཞུགས་པར་གསོལ་འདེབས་བཀའ་ཡི་འཁོར་ལོ་བསྐོར་བར་སྐུལ། །
རང་གཞན་དགེ་རྩ་རྫོགས་བྱང་བསྔོས་ལ་མཆོག་གི་ཐུགས་རྗེས་འཛད་མེད་ཤོག །
 
 སྐུ་གསུམ་སྟོན་པའི་བརྒྱུད་འཛིན་མཆོག་གྱུར་བདེར་གཤེགས་རྒྱལ་བ་དགོངས་པའི་བརྒྱུད། །
སེམས་དཔའ་བརྡ་དང་གདུང་རྒྱུད་བཅུ་གསུམ་གང་ཟག་སྙན་ཁུང་བརྒྱུད་པ་འཛིན། །
སྒྲ་བསྒྱུར་ལོ་ཙཱ་ལས་འཕྲོ་གཏེར་བརྒྱུད་དམུ་གཤེན་བྲུ་ཞུ་སྤ་རྨེའུ་སོགས། །
བརྒྱུད་གསུམ་གདམས་པའི་ཆུ་བོ་གཅིག་འདུས་བསླབ་གསུམ་ནོར་བུའི་མཛོད་ཆེན་རྨད། །
 
ཡངས་པའི་ཐུགས་དགོངས་ནམ་མཁའི་རྗེས་འགྲོ་ལྷག་བསམ་ཉི་ཟླའི་སྣང་བ་འབར། །
བསྟན་ལ་འཁོར་མེད་བཀའ་དྲིན་བསམ་ཡས་བོན་ཆར་བདུད་རྩིས་འགྲོ་རྒྱུད་བརླན། །
མཐོང་གྲོལ་སྐུ་ཡི་འོད་ཀྱི་རིན་ཐང་བུ་སློབ་སྐར་ཚོགས་ས་གཞིར་བཀྲ། །
ཁྱེད་ཀྱི་མཛད་འཕྲིན་ཟེགས་མ་རེས་ཀྱང་བསྟན་རྩའི་སྲོག་གི་ཀ་བ་ཡིན། །
 
དཔོན་གསས་བླ་མའི་གསང་གསུམ་ཡོན་ཏན་རྣམ་པར་ཐར་བ་རྒྱ་མཚོ་ལས། །
ཆུ་ཐིགས་ཙམ་ཞིག་ལེགས་པར་བརྗོད་ལ་མཁས་པའི་ལྗགས་ཀྱང་ཐུང་སྲིད་ན། །
ཅི་ཡང་མ་བསླབས་གང་ཡང་མི་ཤེས་བདག་གི་ཐོ་ཅོའི་སུག་ལས་ལ། །
བློ་སྐྱེད་གསར་བའི་གོ་རྟོགས་བྲལ་ཡང་དོན་ལ་འཆུག་པ་མེད་དོ་སྙམ། །
 
རྟག་དང་ཆད་པའི་མཐའ་ལས་ཡོངས་འདས་སྒྱུ་ལུས་མངོན་དུ་ལེགས་བྱས་པའི། །
གསལ་སྟོང་དབྱིངས་ན་རང་རིག་རང་གསལ་མཁྱེན་གཏེར་ཡེ་ཤེས་ཕུང་པོའི་སྐུ། །
ངེས་པའི་དོན་དུ་སྐྱེ་འཆི་གཏན་སྤངས་མགོན་ཁྱེད་མཚན་དཔེ་ཞབས་ཟུང་རིས། །
དུས་དང་ཕྱོགས་ཀྱི་སྒྲིབ་པས་མ་རེག་བདག་སྙིང་མཁའ་ལ་རྟག་བཞུགས་མཛོད། །
 
ལུང་རྟོགས་དབྱིག་གི་རྩིགས་རྨང་རབ་བརྗིད་གྱེར་བསྟན་ནོར་བུའི་ཕོ་བྲང་དུ། །
ཟབ་རྒྱས་སེང་གེའི་མི་འཇིགས་རྩེན་པའི་བོན་ཉིད་ཁྲི་འཕང་བདལ་བའི་སྟེང་། །
དམ་པའི་ཞབས་ཟུང་འགྱུར་བ་མེད་པར་གཡུང་དྲུང་རིས་སུ་རབ་བརྟན་ནས། །
མཐའ་ཀླས་འགྲོ་བའི་རྒྱུད་དང་མཚམས་པར་གསང་གསུམ་མཛད་འཕྲིན་ནུབ་མེད་ཤོག །
 
དཔོན་གསས་མཆོད་པའི་གོ་ལྔའི་དགྱེས་སྟོན་བལ་བོ་སྤྲིན་གྱི་དབྱིངས་རུམ་ནས། །
ཉེར་ལྔའི་དུས་སྟོན་བཤད་སྒྲུབ་ཆར་གྱིས་སྲིད་ཞིའི་ནོར་འཛིན་བརླན་བྱས་ཤིང་། །
རྒྱལ་སྤྱིའི་བོན་གྱི་བགྲོ་གླེང་ཚོགས་འདུ་ཐེངས་ལྔའི་ལོ་ལེགས་འཕེལ་བ་ནི། །
བསྟན་འགྲོའི་ཕན་བདེ་རྒྱགས་ཕྱེར་མཐོང་ཚེ་ཁྱོད་ཀྱི་ཐུགས་རྗེ་སྙིང་ལ་སིམ། །
 
གསུམ་འཛོམས་གཡང་གི་བསོད་ནམས་འབོད་ལ་ཡུལ་གྱིས་བསྐལ་བས་མ་འབྱོར་ཡང་། །
དགའ་དང་གུས་པའི་སྲོག་ཤིང་ལྟེ་བར་ཤིས་ཚིག་དར་གྱིས་སྒྲོན་བྱས་ཏེ། །
གོ་ལྔའི་དགྱེས་སྟོན་དད་པས་བསུ་བའི་བསྐལ་བརྒྱའི་མཆོད་སྤྲིན་བུམ་བཟང་མཆོག །
གངས་ཀྱི་རི་ལས་རྩེ་ཞིག་མིང་འཛིན་ཟླ་བས་ཚོགས་གཉིས་རྫོགས་ཕྱིར་བསྐྲུན། །
 
བཀྲ་ཤིས་གང་ཞིག་དཔལ་ལྡན་བླ་མའི་སྐུ་ཚེ་བསྐལ་བ་རྒྱ་མཚོར་བརྟན། །
བཀྲ་ཤིས་གང་ཞིག་མཐའ་ཀླས་འགྲོ་བའི་བཞེད་དོན་མ་ལུས་ཡིད་བཞིན་འགྲུབ། །
བཀྲ་ཤིས་གང་ཞིག་ནམ་མཁའི་ཁྱོན་ཡངས་ཞི་བདེ་དཔལ་གྱིས་ལེགས་པར་འཚོ། །
བཀྲ་ཤིས་གང་ཞིག་ཕྱོགས་དུས་ཀུན་ཏུ་བོན་སྲིད་རྫོགས་ལྡན་ཉམས་མེད་ཤོག །
   དེ་ལྟར་ལྷ་དང་བཅས་པའི་འགྲོ་བ་མཐའ་དག་གི་མ་འདྲིས་པའི་མཛའ་བཤེས་ཆེན་པོ། རྣམ་འདྲེན་བརྒྱད་པ་སྟོན་མཆོག་རྒྱལ་བ་གཤེན་རབ་མི་བོའི་བསྟན་པ་རིན་པོ་ཆེ་འདི་ཉིད་རྣམ་བཞིའི་འཕྲིན་ལས་དང་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་འཛིན་སྐྱོང་སྤེལ་བར་བྱེད་པ་ལ་དུས་ཀྱི་མཐའ་ན་འགྲན་པའི་ཟླ་ཐམས་ཅད་དང་བྲལ་བའི་རང་ཅག་བོན་འབངས་ཡོངས་ཀྱི་མ་བགོས་སྤྱི་ལ་བཞག་པའི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་གསང་གསུམ་བོན་གྱི་མཛོད་འཛིན་ཆེན་མོ་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་དཔོན་སློབ་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་གི་སྐུ་ཡི་དགུང་གྲངས་གོ་ལྔའི་དགྱེས་སྟོན་བསུ་བ་ལས་བརྩམས་པའི་རྟོགས་བརྗོད་མཆོད་སྤྲིན་བུམ་བཟང་ཞེས་བྱ་བ་ཚེག་བར་བཅོ་ལྔ་ལ་ཤད་བར་གཅིག་དང་། ཤད་བར་བཞི་ལ་ཚིགས་བཅད་གཅིག་ཏུ་བརྩིས་པས་ཤོ་ལོ་ཀ་བརྒྱ་དང་རྩ་བརྒྱད་པ་འདི་ནི། མགོན་པོ་གང་ཉིད་རྒྱལ་བ་གཤེན་གྱི་བསྟན་དང་འགྲོ་བའི་སྤྱི་དོན་འབའ་ཞིག་ལ་ཚེགས་པ་མང་ཆེ་སོང་བར་མི་ཕྱེད་པའི་དད་པ་བརྟན་པོ་ཐོབ་ཅིང་ཞང་ཞུང་སྙན་རྒྱུད་ཀྱི་སྒྲོན་མ་དྲུག་གི་གདམས་ཁྲིད་ཟབ་མོས་རྗེས་སུ་བཟུང་བའི་སྐལ་བ་བཟང་པོ་ཅན། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་སྐབས་གཉིས་པའི་ཚོགས་གཙོའི་མིང་འཛིན་རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ་དེས་མེ་ཏོག་ཆུང་རུང་མཆོད་རྫས་དང་། གུར་གུམ་ཉུང་རུང་སྨན་རྫས་ཞེས་པའི་དཔེ་ལྟར་དུ། རིན་པོ་ཆེ་མཆོག་གི་སྐུ་གསུང་ཐུགས་གསུམ་གྱི་མཛད་པ་ལ་སྙིང་དབུས་ནས་དགའ་བ་དང་དད་པ་ཡིད་ཆེས་དྲག་པོའི་རྒྱུ་རྐྱེན་གསུམ་འཛོམས་ཀྱི་སྒོ་ནས་ལེགས་པར་སྦྱར་བ་འདིས་ཀྱང་། ཚེ་རབས་ཀུན་ཏུ་རང་གཞན་འགྲོ་བ་ཐམས་ཅད་ཐེག་པ་མཆོག་གི་མཚན་ལྡན་དགེ་བའི་བཤེས་ཀྱིས་དགྱེས་བཞིན་དུ་རྗེས་སུ་འཛིན་པའི་རྒྱུ་རུ་གྱུར་ཅིག་གུ། སྤྱི་ལོ་༢༠༢༠ལོའི་ཟླ་༡ཚེས་༢༧ཉིན་ལ། ཐ་ཚན་མུ་ཙུག་སྨར་རོ། །
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།