ཡེ་ཤེས་གཏེར་གྱི་ཕུང་པོ།

[ཟླ་ཚེས། 2019-05-02 21:40:00][རྩོམ་པ་པོ། རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

མདོ་སྨད་སྨྲ་སེང་རྣམ་གསུམ་གྱི་ཡ་གྱལ་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་མོ༧རྗེ་བཙུན་ནམ་མཁའ་ཚུལ་ཁྲིམས་རིན་པོ་ཆེ་དགོངས་པ་བོན་དབྱིངས་སུ་བསྡུས་པའི་ཚུལ་བསྟན་པ་ལ་གདུང་སེམས་ཆེན་པོས་མྱ་ངན་ཞུ་བ།

640.jpeg

  རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ།

  ཀ་དག་བོན་སྐུའི་སྟོན་པ་ཀུན་ཏུ་བཟང་།།

  ཁ་དོག་གསལ་རྫོགས་ལོངས་སྐུ་སྨྲ་བའི་སེང་།།

  ག་ཤེད་དབྱིངས་བཞུགས་སྤྲུལ་བའི་སྐུ་མཆོག་མཚན།།

  ང་ཡི་བཤེས་གཉེན་ནམ་མཁའ་ཚུལ་ཁྲིམས་རྗེ།།

  ཅ་དག་ཁྲིམས་ལྡན་བྱེ་བའི་འཁོར་ཚོགས་ཁྲོད།།

  ཆ་བྱད་སྨ་ར་དཀར་པོའི་དྲང་སྲོང་ཚུལ།།

  ཇ་མདོག་ངུར་སྨྲིག་གར་གྱིས་སྐུར་བཞེངས་ཏེ།།

  ཉ་གང་འབུམ་ཕྲག་ཟླ་བའི་དཔལ་གྱིས་རྒྱུ།།

  ཏ་ཐཱ་ག་ཏའི་གསུང་རབ་འཛིན་མའི་ཁྱོན།།

  ཐ་ཚིག་མ་ལྷོད་མིའུ་ཐུང་གོམ་གཅིག་གིས།།

  ད་གོང་གཞལ་ལ་ཤེས་རབ་ལྷ་ཡི་ཐུགས།།

  ན་ཆུང་སྐབས་ནས་རྫོགས་པའི་སྤྲིངས་ཡིག་ལྡིར།།

  པ་ལོ་བཅད་པའི་སྡོམ་བརྩོན་ཁྱུ་མཆོག་སྟེ།།

  ཕར་ཕྱིན་དཀའ་གནད་འགྲེལ་ལ་ཉི་དབང་དངོས།།

  བ་དཀར་འོ་མཚོ་འཕྱུར་འདྲའི་གཞུང་བརྒྱའི་མཛོད།།

  མ་ལུས་མགྲིན་པར་བསྐྱིལ་བའི་བཤེས་གཉེན་དྲན།།

  ཙ་རི་ཙ་གོང་གནས་ཆེན་གངས་ལྗོངས་ན།།

  ཚ་རོང་མཉམ་མེད་བླ་མར་ཅོ་འདྲི་ཞིང་།།

  ཛ་ཡའི་རིང་ལུགས་འཆད་རྩོད་རྩོམ་པ་ཡིས།།

  ཝ་ལེར་གསལ་མཛད་མགོན་ཁྱེད་གཤེགས་པས་ཕངས།།

  ཞྭ་དཀར་གྱེར་བསྟན་མདོ་སྔགས་རྫོགས་གསུམ་གྱི།།

  ཟ་མ་ཏོག་གི་བང་མཛོད་ནོར་བུའི་དབྱིག།

  འ་ཅག་གདུལ་བྱའི་བཀྲེས་པ་རབ་སྐོང་ཕྱིར།།

  ཡ་མཚན་ཕངས་མེད་སྩོལ་བའི་དེད་དཔོན་དྲན།།

  ར་བ་གངས་རིའི་བསྟན་འཛིན་གདོང་ལྔའི་ཚོགས།།

  ལ་གོར་རིམ་གྱིས་ཕེབས་པ་བཟོད་དཀའ་ཡང་།།

  ཤ་ཚུགས་སྐུ་ཚེ་མཐར་ཕྱིན་མཛད་བཟང་གིས།།

  ས་སྟེང་ཤིས་པར་བསམ་ཚེ་དབུགས་དབྱུང་འཐོབ།།

  ཧ་ཅང་དུས་ཐུང་མི་ཚེ་གློགས་ཞགས་ཁྲོད།།

  ཧ་ལམ་ཕྱག་རྗེས་འཛིན་མས་ཐེག་དཀའ་ཙམ།།

  ཨ་ཧོ་བཞག་ལ་སྨོན་ལམ་མཐུ་བཙན་པ།།

  བཀུར་འོས་མགོན་རྣམས་རྟག་ཏུ་ནུབ་མེད་ཡིན།།

  དེ་ལྟར་མི་ལོ་དགུ་བཅུའི་སྐུ་ཚེ་བསྟན་དོན་དུ་ཉིན་གཅིག་གི་བགྱི་བ་ལྟར་ཐོས་བསམ་ཉམས་བཞེས་དང་།འཆད་ཉན་བཤད་སྒྲུབ་འབའ་ཞིག་གི་ལས་ལ་བསྟིམས་གནང་མཛད་པའི་ཐུགས་སྟོབས་འགྲན་ཟླ་མེད་པ་སྟེ།ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་མོ་༧རྗེ་བཙུན་ནམ་མཁའ་ཚུལ་ཁྲིམས་རིན་པོ་ཆེ་མཆོག་གི་དགོངས་པ་གཞན་དོན་དུ་གཤེགས་པ་དྲ་ལམ་ནས་མཐོང་ཚེ།སློབ་འབངས་ཡོངས་ཀྱི་གྲལ་མཐའ་བ་རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བར་འབོད་པ་དེས་གདུང་སེམས་ཆེན་པོས་འཕྲལ་མར་སྦྱར་བ་འདིས་ཀྱང་།འགྲོ་རྣམས་གནས་སྐབས་ཀུན་ཏུ་ཐེག་པ་མཆོག་གི་དགེ་བའི་མགོན་དང་མི་འབྲལ་བའི་རྒྱུ་རུ་གྱུར་ཅིག་གུ།

༢༠༡༩/༥/༡/

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།