མཆོད་ཚིག་མར་ཞིའི་མཎྜལ།

[ཟླ་ཚེས། 2019-02-09 15:13:25][རྩོམ་པ་པོ། ཆུ་མིག་དགུ་སྒྲིལ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

IMG_9312.JPG

སངས་རྒྱས་སྟོང་གིས་ལུང་བསྟན་ནོད་པ་བཞིན།།

བསམ་བཞིན་སྲིད་པའི་ཁམས་སུ་བྱོན་པ་ཡི།།

བརྒྱ་པའི་འདྲེན་མཆོག་དམུ་རྒྱལ་ཐོད་དཀར་སྲས།།

སྒོ་གསུམ་གུས་པ་ཆེན་པོས་གུ་དུན་ཧྲུན།།

 

མཁན་སློབ་ཆོས་གསུམ་དབུ་འཕང་མ་དགྱེ་གོང་།།

རྒྱ་གར་སྤྲང་ལྡོམ་བོད་དུ་མ་བརྡོལ་སྔོན།།

འཛམ་གླིང་ཡང་བརྩེའི་ཞིང་མཆོག་མཐོ་སྒང་དུ།།

ཀུན་ཀྱང་བོན་བསྟན་ཚད་མར་སྤྱོད་པའི་རིགས།།

 

ཕུང་ཀྲོལ་བོད་རླག་དུས་རབས་བདུན་པའི་སྐབས།།

བོད་འབངས་ཆོས་སུ་བསྒྱུར་བའི་བཙན་ཁྲལ་གྱིས།།

གྲོང་པ་གཅིག་ཙམ་བན་བསྒྱུར་མ་བཏུབ་པའི།།

སྦྲ་ཆེན་བོན་གྱི་རྒྱལ་ཁམས་ཞེས་སུ་གྲགས།།

 

མདོ་ཁམས་རྔུལ་རྫ་ཟལ་མོའི་སྒང་སྟོད་ཞེས།།

ཀུན་གྱི་རྣ་བར་འཇེབ་པའི་ཡ་གྱལ་ཏེ།།

སྦྲ་ཆེན་ཕུན་ཚོགས་གཏེར་གྱི་ལྟེ་བ་ཡི།།

བཤེས་གཉེན་ཞིག་གི་རྣམ་པར་ཐར་པ་འཆད།།

 

ལུང་དཀར་གཤེན་བསྟན་རིན་ཆེན་གླིང་ཆེན་གྱི།།

སློབ་དཔོན་གསེར་གྱི་ཁྲི་ལ་མངའ་གསོལ་ཉིན།།

རྟེན་འབྲེལ་ཟབ་མོའི་གནད་དུ་རབ་འཛིན་ནས།།

མཆོད་པའི་མཆོད་པ་གསེར་གྱི་མཎྜལ་འབུལ།།

 

དགེ༵་བཅུའི་རྣམ་བཞག་འཆད་ལ་རབ་བཤེ༵ས་ཤིང་།།

བསྟ༵ན་ལ་དུང་བའི་ལྷག་བསམ་གངས་རིའི་མདངས།།

འཛི༵ན་སྐྱོང་སྤེལ་བའི་ཐུགས་སྟོབས་ཆེར་མངའ་བའི།།

འགྱུ༵ར་མེ༵ད་བཤེས་གཉེན་གང་དེར་བསྔགས་པའི་གནས།།

 

སྤྲུལ་དང་རུས་ཀྱི་མིང་ཆེན་ཁུར་བ་མིན།།

རྒྱུ་དང་འབྱོར་བས་བསླུས་པའི་མཁས་མིང་མིན།།

ཐོས་བསམ་ཚུལ་བཞིན་བྱས་པའི་ཞིང་ས་རུ།།

ལང་ཚོ་མྱུ་གུ་འབུས་པའི་འབྲུ་སྨར་ཡིན།།

 

དལ་འབྱོར་ཁྱེའུ་མཚན་ལྡན་བཙས་པ་ནས།།

མ་ལོ་དྲིན་པོའི་འོ་མས་མངར་གྱི་གསོས།།

འཚར་ལོངས་བྱུང་འཕེལ་བྱིས་པ་སྤྱི་མཚུངས་ཏེ།།

ལྡེའུ་ཤིང་རྟ་ནོར་བསྒྲིགས་པའི་རྩེད་འཇོ་རོལ།།

 

འབྲི་ཀློག་འདོན་གསུམ་ཡོན་ཏན་ཀུན་གྱི་གཞི།།

ཞེས་པའི་གསུངས་སྲོལ་ཐུགས་ལ་བརྣག་ནས་སུ།།

ཡབ་ཡུམ་ཟུང་གི་བྱམས་བརྩེའི་གཉོར་སྐྱོང་འོག །

ཡོད་ཚད་ལྷུར་གྱིས་བཞེས་པའི་འབད་པ་གནང་།།

 

དྲིན་ཆེན་ཟུང་གི་བསམ་པའི་རེ་བ་དང་།།

མཆོག་ཉིད་སྔོན་ལས་བཟང་པོའི་རྒྱུ་རྐྱེན་མཐུས།།

འཛོམས་ཏེ་ཁྱིམ་ནག་འཁོར་བའི་རི་གྲོང་ནས།།

དམར་སེར་ངུར་སྨྲིག་བརྒྱན་པའི་གླིང་དུ་ཆས།།

 

དབུ་སྟོན་དམ་པ་ཉི་མ་བློས་གྲོས་ནས།།

བསྟན་པའི་སྲོག་ཤིང་འདུལ་སྡོམ་ལེགས་པར་མནོས།།

ཚུལ་མཚན་མིང་གི་རྗེས་སྲུང་བསྩལ་བ་རུ།།

བསྟན་འཛིན་འགྱུར་མེད་ཅེས་པ་མཚན་དུ་གསོལ།།

 

སྟོད་སྨད་བར་གྱི་ཡེ་ཐའི་སྡེ་འབངས་ཀྱི།།

མི་རབས་ཚ་རྒྱུད་དུ་མའི་ཕ་དགོན་ཏེ།།

ལུང་དཀར་གཤེན་བསྟན་རིན་ཆེན་གླིང་མཆོག་གི།།

སྒྲིགས་ཁོང་ཞུགས་པའི་བསྐལ་བཟང་དང་དུ་བླངས།།

 

རྩོད་པ་ཁྱད་ཅག་གོ་བ་མེད་ན་ཡང་།།

ཡོན་དག་དོན་གྱི་གནས་ལུགས་འཆར་དཀའ་ཞེས།།

མཉམ་མེད་རྒྱལ་བའི་གདམ་བཟང་ཡིད་འཁུལ་ཏེ།།

དང་པོར་ཐོས་བསམ་དགོས་པའི་ཐུགས་དམ་འཁྲེང་།།

 

རེ་ཞིག་རྒྱལ་བ་སྨན་རིའི་དགེ་བའི་བཤེས།།

ལུང་དཀར་སློབ་དཔོན་དྲང་སྲོང་གཡུང་དྲུང་མཚན།།

ཧོར་ཁྱུང་བཤད་གྲྭ་གསར་འཛུགས་དྲིན་པོ་ཆེ།།

མཉེས་པ་གསུམ་གྱིས་སློབ་དཔོན་གཙུག་ཏུ་གཞེར།།

 

ཁྱད་པར་ཅན་གྱི་རྩོད་དང་རྩོད་པ་ཡི།།

རྣམ་བཞག་སྦྱོང་པ་སྔོན་དུ་མ་སོང་ན།།

ཡང་དག་དོན་གྱི་གནས་ལུགས་གལ་པོ་ཆེ།།

བློ་ལ་འཆར་བའི་རིམ་པ་དཀའ་བོ་ཞེས།།

 

ལུང་དཀར་བཤད་སྒྲུབ་འདུས་སྡེའི་རྩོད་ར་རུ།།

སྟོད་སྨད་རིག་སྨྲ་བརྒྱ་ཕྲག་འདུས་པའི་འཀྱིལ།།

ལུང་རིག་རྩོད་པའི་འབད་པ་རབ་ཏུ་གཟེར།།

རིག་པ་ཁྱད་པར་འཕགས་པའི་གྲགས་པ་འཐེན།།

 

ཞོར་དུ་སྣ་ཚོགས་ཡིག་གཟུགས་སྒྱུ་རྩལ་དང་།།

གསང་སྔགས་བཅའ་འདོན་ཆོ་གའི་འཕྲིན་ལས་རིམ།།

དཀྱིལ་འཁོར་ལས་སོགས་གཞན་དྲིང་མི་འཇོག་པར།།

བསླབ་པའི་སྦྱངས་འབྲས་གཞན་གྱིས་དོ་ཟླ་བྲལ།།

 

མཚན་ཉིད་རིག་པར་སྦྱོང་པ་ལྷུར་གྱིས་བླངས།།

ཞོར་དུ་སྣ་ཚོགས་ཡིག་རིགས་ཀུན་ལ་འབད།།

གསང་སྔགས་འཕྲིན་ལས་གཞན་འདྲིང་མེད་པར་གནང་།།

སློབ་དཔོན་ཁྱེད་ནི་ཡོན་ཏན་བྱེ་བའི་མཛོད།།

 

སྦྲ་ཆེན་རྟོགས་ལྡན་རྣམ་གསུམ་ཡ་གྱལ་ཏེ།།

ཁ་བོ་རྟོགས་ལྡན་སྐྱེས་མཆོག་དམ་པའི་དྲུང་།།

སྔོན་འགྲོ་འབུམ་དགུའི་བསགས་སྦྱོང་ཚད་ལྡན་དང་།།

དངོས་གཞིའི་ངོ་སྤྲོད་སྐྱེས་ཆེན་རྣམ་ཐར་གཞོལ།།

 

གཞན་ཡང་དཔལ་ལྡན་རྒྱལ་བ་སྨན་རི་བའི།།

དཔོན་སློབ་ཡོངས་འཛིན་སྨྲ་བའི་དབང་པོ་ཆེ།།

སྤྱན་མངར་བོན་ལུགས་སོ་ཐར་སྡོམ་རྒྱུའི་ཕུགས།།

བྱིན་རླབས་འབེབས་ཕྱིར་གཙང་ཁྲིམས་ཉེར་ལྔ་ཕོག།

 

ཞང་ཞུང་སྒོ་པའི་བཤད་སྒྲུབ་འདུས་སྡེ་རུ།།

སླར་ཡང་མདོ་སྔགས་གཞུང་ལུགས་ཟབ་སྦྱོང་དང་།།

ཐུན་མོང་རིག་གནས་བཅས་ལ་བརྡར་ཐག་བཅད།།

དགེ་བའི་བཤེས་གཉེན་མཚན་གྱི་ཅོད་པན་བཞེས།།

 

དེ་ནས་ཡོངས་གྲགས་རི་བོ་རྩེ་དྲུག་ཞེས།།

གྲྭ་བཙུན་བརྒྱ་སྟོང་འཚོགས་པའི་དགོན་ཆེན་གྱི།།

དགེ་རྒན་ཆེན་མོའི་ཁྲི་ལ་མངའ་གསོལ་ཏེ།།

ལོ་བདུན་རིང་དུ་གཤེན་གྱི་བོན་འཁོར་བསྐོར།།

 

ཕྱི་ན་འཆད་རྩོད་རྩོམ་པའི་མཁས་བྱ་སྤེལ།།

ནང་དུ་ཐོས་བསམ་སྒོམ་པའི་ཉམས་རྟོགས་འཕེལ།།

གསང་བ་མཁས་བཙུན་བཟང་པོའི་མཛད་པས་བརྒྱན།།

བླ་མ་ཁྱེད་ནི་ཡིད་བཞིན་ནོར་བུའི་གཏེར།།

 

དེ་ནས་གཤེན་སྲས་ནོར་བུ་དབང་རྒྱལ་མཆོག།

པེ་ཅིང་མཐོ་རིམ་ནང་བསྟན་སློབ་གླིང་དུ།།

འབྲིང་རིམ་འཛིན་བདག་དགོས་པའི་དཀའ་ཕབ་ལྟར།།

སྟོན་པའི་གསུང་ལ་མངོན་པར་བསྡོད་དེ་ཕེབས།།

 

རྒྱལ་ས་པེ་ཅིང་མཐོ་རིམ་ནང་བསྟན་གླིང་།།

གྲུབ་མཐའ་སྣ་ལྔ་འཛོམས་པའི་གྲལ་དབུས་སུ།།

གོས་སྔོན་ཅན་གྱི་འཛིན་བདག་འགན་དུ་བཞེས།།

ཤེས་འཇོན་གཉིས་ལྡན་བསྔགས་པའི་ཁ་བཏགས་མང་།།

 

གཉིས་ཐིག་བཅུ་གསུམ་སྟོན་ཟླ་འབྲིང་པོའི་དཀྱིལ།།

ལུང་དཀར་བཤད་སྒྲུབ་བསྟན་པ་བསྐྱར་གསོས་སྟེ།།

དགེ་རྒན་ཆེ་མོའི་མིང་བཏགས་བཀོད་པ་ནས།།

མ་ཆད་རྒྱུན་པར་འཆད་ཁྲིད་ལོ་ལྔ་གནང་།།

 

ལ་ལ་རུལ་བའི་མི་ཁ་ངན་པ་ཡོད།།

རེ་ཞིག་ཚང་ཁྲི་གཡོ་སྒྱུས་བསླུས་པར་གྲགས།།

ཁྱེད་ཉིད་སྐྱོན་གྱི་དྲི་མ་སྤུ་རྩེ་ཙམ།།

བསྐལ་བར་བཙལ་ཡང་མ་བརྙེད་དགུང་ལ་འཕགས།།

 

ད་ཅི་སློབ་དཔོན་ཁྲི་རབས་ལྔ་པའི་མགོན།།

གསེར་གྱི་ཁྲི་འཕངས་མངའ་གསོལ་རྟེན་འབྲེལ་དུ།།

བསྟན་དོན་གེགས་མེད་ལྷུན་གྱིས་འགྲུབ་པའི་ཆེད།།

དབྱངས་གསལ་རིས་གྱིས་སྨོན་པའི་བསྟོད་ཕྱག་མཆོད།།

 

སློབ་དཔོན་གང་གི་མཛད་བཟང་ནམ་མཁའི་མཐའ།།

བདག་བློའི་བྱིའུ་ཆུང་འདབས་མས་གཞལ་དཀའ་ཡང་།།

ཆ་ཙམ་མཇལ་བའི་བསོད་ནམས་འཛོམས་པའི་མཐུས།།

བླ་མའི་བྱིན་རླབས་སེམས་ལ་འཇུག་ཐབས་བྲིས།།

 

འདི་བྲིས་རྣམ་དཀར་དགེ་བའི་མཆིས་སོ་ཅོག།

རྒྱལ་བསྟན་སྤྱི་དང་འགྲོ་བ་སེམས་ཅན་དོན།།

མགོན་པོ་གང་ཉིད་སྐུ་ཚེ་ཡུན་བརྟན་ནས།།

འགྲོ་ཀུན་རྫོགས་བྱང་འཐོབ་པའི་རྒྱུ་རུ་བསྔོ།།

ཕྱི་ལོ་༢༠༡༨/༢/༩ཧོར་ཟླ་དང་པོའི་ཚེས་ལྔ་ཉིན་དབུས་ལྷ་ལྡན་ཉི་མའི་གྲོང་དུ་གནས་མཆོག་རི་བོ་གྲུ་འཛིན་གཡོན་རྒྱབ་གླིང་ཁར་བྲིས་སྟེ་ཕུལ།  ཐ་ཚན་མུ་ཙུག་སྨར་རོ།།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།