ཤར་རྫའི་རྣམ་ཐར་ཚིགས་བཅད་པད་དཀར་གཞོན་ནུ།

[ཟླ་ཚེས། 2018-05-28 15:00:19][རྩོམ་པ་པོ། ཁྱེའུ་ལྷ་སྲས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

1527491088449897.jpg

ངེས་དོན་མཁས་གྲུབ་རྣལ་འབྱོར་འཆང་དབང་ཆེ།།

ཀུན་མཁྱེན་ཤར་རྫ་བཀྲ་ཤིས་རྒྱལ་མཚན་མཆོག །

སྤྱི་ལོ་གཅིག་སྟོང་བརྒྱད་བརྒྱ་ང་དགུ་ལོའི།།

དོན་འགྲུབ་ས་ལུག་ཧོར་ཟླ་གསུམ་པའི་བརྒྱད།།

 

མདོ་ཁམས་སྒང་དྲུག་རྔུལ་རྫ་ཟབ་མོའི་བརྒྱུད།།

གནས་ཆེན་གྱེར་ཟ་གཡུང་དྲུང་ལྷུན་པོའི་མདུན།།

དབྲ་བའི་གདན་ས་སྟེང་ཆེན་བསྟན་རྒྱས་གླིང་།།

སྐྱེས་ཆེན་གསེར་འཕྲེང་རིམ་བྱོན་སྡེ་གྲོང་དུ།།

 

ཡབ་རྗེ་དགེ་བསྙེན་བཀྲ་ཤིས་དགའ་བ་དང་།།

ཡུམ་ཆེན་རིགས་བཟང་བོ་ལེགས་གཉིས་ཀྱི་སྲས།།

སྲིད་པའི་ཁམས་སུ་མཚན་དཔེའི་གཟུགས་སྐུ་བཞད།།

གཞན་ལས་ཐུན་མིན་ངོ་མཚར་རྟགས་ཀྱང་བཀྲ།།

 

གྲུབ་པའི་དབང་ཕྱུག་དབྲ་སྤྲུལ་བསྟན་དབང་གིས།།

སྐྱབས་སྡོམ་གནང་ནས་མཚན་ཡང་གསོལ་བ་སྟེ།།

གདུལ་བྱའི་སྣང་ངོར་བཀྲ་ཤིས་རྒྱལ་མཚན་གྲགས།།

དམ་པའི་གམ་ནས་ཀློག་འདོན་བྱན་ཆུབ་ནས།།

 

རང་དགོན་སྟེང་ཆེན་དགོན་པའི་ཚོགས་གྲལ་ཞུགས།།

དབྲ་སྟོན་མཆོག་གིས་བཀའ་དབང་མང་ཙམ་བསྩལ།།

གདན་ས་གཡུང་དྲུང་གླིང་གི་མཁན་ཆེན་མཆོག།

སྐལ་བཟང་ཉི་མ་རྒྱལ་མཚན་ལགས་ཀྱི་མདུན།།

 

གཙང་མ་གཙུག་ཕུད་སྡོམ་ཁྲིམས་ལེགས་པར་ནོན།།

མཚན་ཡང་བསྟན་པ་འབྲུག་གྲགས་གསོལ་བར་མཛད།།

ཕྱི་ལོའི་དབྱར་དུས་ཉིན་ཞིག་གྲུབ་རྗེའི་ལྷན།།

ཆར་སློང་བྱོན་སྐབས་གྲུབ་རྗེ་མཆོག་ལགས་ཀྱིས།།

 

དམ་པའི་དབུ་ལ་རལ་གྲི་ལན་ལྔ་བསྣུན།།

རྨ་ཁ་བྱུང་སྟེ་དྲན་པ་བརྒྱལ་བར་གྱུར།།

དྲན་པ་སོས་ནས་འཆར་སྣང་ལེགས་བྱུང་བ།།

གྲུབ་རྗེ་མཆོག་ནི་དྲན་པ་བདུད་འདུལ་དང་།།

 

ངོ་བོ་དབྱེར་མེད་ཕྱག་རྒྱ་དང་བཅས་པ།།

བར་སྣང་འཇའ་གུར་དབྱིངས་ལ་བཞུགས་པའི་ཚེ།།

དགོངས་རྒྱུད་དོན་གྱི་བྱིན་རླབས་འཕོས་མཛད་གནང་།།

དབང་རྩལ་སོན་ནས་བཀའ་གཞུང་རང་རྡོལ་མཁྱེན།།

 

གྲུབ་རྗེ་ལ་སོགས་སྐྱེ་འཆི་རང་དབང་ཅན།།

མཁས་གྲུབ་དུ་མར་བསྟེན་ནས་ཡང་རྩེར་སོན།།

གདན་ས་ཁག་དང་གནས་རི་མཇལ་སྐོར་ཕེབས།།

རྒྱལ་བ་གཉིས་པའི་གདན་ས་སྨན་རི་ནས།།

 

རྗེ་གཅིག་མཉམ་མེད་བླ་མའི་ཞལ་གཟིགས་ཏེ།།

མ་འོངས་བསྟན་པའི་བདག་ཉིད་ཁྱེད་ལགས་སྐད།།

དངོས་སུ་བཀའ་བསྩལ་མཛད་ནས་གསུང་གནང་ཐོབ།།

སེམས་དཔའ་གཤེན་རྒྱལ་གན་ནས་དྲང་སྡོམ་ནོན།།

 

མཚན་ཡང་དྲི་མེད་སྙིང་པོ་ཞེས་སུ་གསོལ།།

རིམ་བཞིན་འདུ་འཛི་འབྲེལ་ཐག་བཅད་པ་དང་།།

གཡུང་དྲུང་ལྷུན་པོར་བདེ་ཆེན་རི་ཁྲོད་བཏབ།།

བོན་སྤྱོད་འཚོ་བ་ངན་ངོན་ཙམ་ལ་བརྟེན།།

 

ཐོས་བསམ་སྒོམ་གསུམ་འཆད་རྩོད་རྩོམ་གསུམ་གྱིས།།

ཀ་དག་ཀློང་ཡངས་རིག་པའི་རང་ངོར་མཇལ།།

ཚེ་དང་སྒྲུབ་པ་མཉམ་བསྐྱལ་མཛད་སྲོལ་དང་།།

གཤེན་བསྟན་ནུབ་མེད་རྒྱལ་མཚན་བསྒྲེངས་བར་མཛད།།

 

རིམ་གཉིས་ཏིང་འཛིན་ཟབ་མོའི་གདེང་ཚད་རྫོགས།།

ལྷ་ཞལ་མཇལ་ནས་ཡི་དམ་དབྱེར་མེད་པ།།

བླ་མེད་ཀ་དག་ཁྲེགས་ཆོད་ལྟ་བ་དང་།།

རང་བཞིན་ལྷུན་གྲུབ་ཐོད་རྒལ་དབང་འབྱོར་བརྙེས།།

 

བྱིན་གནས་གྱེར་ཟ་གཡུང་དྲུང་ལྷུན་པོའི་རིར།།

འཆད་ཉན་སྒོམ་པའི་སྒྲུབ་སྡེ་རྣལ་མ་འཛུགས།།

བོན་འཁོར་སྐོར་བའི་ཚུལ་ཡང་མང་ཙམ་མཛད།།

སློབ་འབངས་དུ་མར་ཉམས་རྟོགས་རྒྱ་ཆེར་སྤར།།

 

རི་ཁྲོད་འདིར་ཡང་གོང་འོག་བར་གསུམ་ཕྱེས།།

གོང་མའི་མཚན་ལ་བདེ་ཆེན་རི་ཁྲོད་དང་།།

བར་མའི་མཚན་ལ་དགེ་ཐང་པད་ཚལ་དགའ།།

འོག་མའི་མཚན་ལ་རབ་ཞི་འོད་གསལ་ཐང་།།

 

དེ་ལྟར་ཕྱི་རབས་རྗེས་འཛིན་སློབ་འབངས་ཆེད།།

བཤད་སྒྲུབ་སྒོམ་པའི་སྡེ་ཡང་སོ་སོར་འབྱེད།།

མདོ་དབུས་ཁམས་གསུམ་དགོན་སྡེ་ཁག་དག་ལ།།

བསྟན་པའི་མཛེས་རྒྱན་སྒྲུབ་སྡེའི་སྲོལ་ཡང་སྟོན།།

 

ཐབས་ཤེས་ཟུང་འབྲེལ་དགོངས་པ་ཀློང་རྡོལ་ངང་།།

གཡུང་དྲུང་བོན་གྱི་བཀའ་བརྟེན་གསེར་ཞུན་ལྟར།།

མཛོད་ཆེན་རྣམ་ལྔ་གཙོས་བྱས་སེམས་ཕྱོགས་སྐོར།།

ཨ་སྙན་རྫོགས་གསུམ་སོགས་ཀྱི་གཞུང་རྒྱས་དང་།།

 

ཐེག་པ་ཐར་ལམ་སྒྲུབ་གཞུང་ལོ་རྒྱུས་སོགས།།

གཞུང་ཆེན་གླེགས་བམ་ཟབ་རྒྱས་གདུལ་བྱར་བསྩལ།།

ཐུགས་སློབ་དུ་མའི་ཁྲོད་ནས་མཆོག་གྱུར་པ།།

འཇའ་ལུས་ཟླ་གྲགས་དང་ནི་གསང་སྔགས་གླིང་།།

 

བྱ་བཏང་ཚེ་འགྱུར་དང་ནི་ཚུལ་ཁྲིམས་རྒྱལ།།

སུ་ལ་བསྟན་རྒྱལ་དང་བཅས་མང་དུ་བསྐྱངས།།

སྐུ་ཚེ་གཅིག་གིས་བསྟན་འགྲོའི་དོན་རྫོགས་ནས།།

སྤྱི་ལོ་གཅིག་སྟོང་དགུ་བརྒྱ་སོ་བཞི་འམ།།

 

གང་ཉིད་བགྲང་བྱ་དོན་དྲུག་བཞེས་ཐོག་ཏུ།།

ཧོར་ཟླ་བཞི་པའི་ཚེས་པ་བཅུ་གསུམ་ཉིན།།

སྣང་སེམས་རོལ་གཅིག་འདྲེས་ནས་ཕྱིའི་བཀོད་པ།།

ཟག་མེད་འཇའ་གུར་ཐིམ་ནས་བོན་དབྱིངས་གཤེགས།།

   ཞེས་ཚིགས་བཅད་ལས་གྲུབ་པའི་ཉུང་བསྡུས་ཀྱི་རྣམ་ཐར་འདི་« སྤྱི་ལོ་༢༠༡༧/༦/༧ བོད་མེ་བྱ་ལོའི་ཧོར་ཟླ་ ༤ ཚེས ༡༣ » ཉིན་གང་གི་གདན་ས་བར་མ་དགེ་ཐང་བཤད་སྒྲུབ་པདྨ་རྒྱས་པའི་དགའ་ཚལ་དུ་སྐྱབས་འོག་པ་ཁྱེའུ་ལྷ་སྲས་ཀྱིས་གོང་ཉིད་འཇའ་ལུས་འཕོ་བ་ཆེན་པོར་གཤེགས་པའི་དུས་དང་བསྟུན་ཏེ་རྗེས་དྲན་གྱི་ཚུལ་དུ་བྲིས་པར་དགེའོ།།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།