བརྟན་བཞུགས་གསོལ་འདེབས་གསལ་འཚེར་ནོར་ཕྲེང་།
[ཟླ་ཚེས། 2018-02-13 16:52:39][རྩོམ་པ་པོ། པཎ་གྲུབ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
དད་གསུམ་འོ་མཚོའི་ཀློང་ནས་རྙེད་པའི་བརྟན་བཞུགས་གསོལ་འདེབས་གསལ་འཚེར་ནོར་བུའི་ཕྲེང་བ་བཞུགས་སོ།།
མཚན་དཔེས་རབ་བརྒྱན་མཛེས་ཞལ་ཡིད་འོང་སྐུ།།
ཇི་ལྟའི་ཟབ་གནད་འཆད་རྩོད་ལྷག་ལྷའི་གསུང་།།
ཇི་སྙེད་དངོས་ཀུན་ཝ་ལེར་ཤར་བའི་ཐུགས།།
ཨེ་མ་ཕ་གཅིག་དཔལ་ལྡན་བླ་མ་མཁྱེན།།
༼དབྱངས་གསལ་སོ་བཞི་མིང་གཞིར་ཚང་བའི་ཚིགས་བཅད་དོ༽
དགེ༷་ལེ༷གས་བྱེ་བས་རབ་བསྐྲུན་མཚར་སྡུག་སྐུ།།
ཚངས་སྲས་ངག་རིག་ལྷུན༷་གྲུབ༷་སྙན་རྒུའི་གསུང་།།
གདུལ་བྱ་རྒྱ་༷མཚོ་༷རྗེས་འཛིན་བརྩེ་ཆེན་ཐུགས།།
རིགས་ཀུན་འདུས་ཞལ་ཇི་སྲིད་བསྐལ་བར་བཞུགས།།
གང་སྐུ་འགྱུར༷་མེད༷་གཡུང་དྲུང་ཁམས་ལས་༷གྲུབ།།
འགག་མེད་གསུང་རབ་༷མཁས་དགུའི་རྒྱན་དུ་མཆེད།།
ལོག་ལྟའི་བྲག་རི་མཁྱེན་རྩལ་༷ཐོག་གིས་གཏོར།།
གཤེན་བསྟན་རྒྱན་གཅིག་བསྟན་འགྲོའི་དཔལ་དུ་བཞུགས།།
དམ་པ་ཁྱུང་༷གི་འོ་མཚོ་ཡངས་པ་ལས།།
དྲི་མས་ཡོངས་བཏང་སྐུ་མཆོག་འོད་དཀར་༷ཅན།།
ལྷ་མིའི་ཞིང་ཁམས་ཀུནྡའི་མཁའ་དབྱིངས་ཀྱི།།
རྒྱན་དུ་བྱོན་པས་འགྱུར་༷མེད་༷བརྟན་བཞུགས་ཀྱེ།།
སྙིགས་མའི་རང་མདངས་སྤྲིན་ནག་འཕྱུར་དྲགས་པས།།
གཤེན་བསྟན་ཉི་གཞོན་ཡོངས་སུ་བསྒྲིབས་པའི་ཚེ།།
ཐུགས་རྗེའི་འཐོར་རླུང་དྲག་པོས་གཏོར་བའི་ཤུགས།།
ཁྱོད་མིན་གཞན་ལ་འོས་པའི་སྐབས་ཡོད་དམ།།
ཆེན་པོའི་ཆེན་པོར་རློམ་པ་མང་ན་ཡང་།།
བཅུ་གཉིས་བདག་པོའི་དྲུང་དུ་མེ་ཁྱེར་བཞིན།།
ཁྱོད་ཀྱི་མཁྱེན་བརྩེ་ནུས་པའི་ཡོན་ཏན་གྱི།།
དོ་ཟླར་འོས་པ་སྲིད་འདིར་ཅང་ཡོད་དམ།།
ཁྱོད་ཀྱི་ཡེ་ཤེས་ཟེགས་མའི་ཆ་རེར་ཡང་།།
མཁྱེན་པའི་འོད་ཕུང་བྱེ་བའི་སྟོབས་རྫོགས་ཕྱིར།།
ཆེ་རྒུའི་རལ་བའི་གདན་དུ་ངལ་གསོས་ཏེ།།
མི་འཇིགས་གདོང་ལྔའི་ཁྲི་ལ་མི་འགྱིང་ངམ།།
མི་མཇེད་འཇིག་རྟེན་འདི་ཡི་རྣམ་འདྲེན་དུ།།
གཤེན་རབ་རྒྱལ་བ་ཁོ་ནས་ཁས་འཆེས་བཞིན།།
སྙིང་རྗེའི་གཞན་དབང་གྱུར་པའི་ཐུགས་སྟོབས་ཀྱིས།།
སྙིགས་མའི་ཁ་ལོ་གྱེན་དུ་མི་བསྒྱུར་རམ།།
མགོན་ཁྱོད་འཆད་རྩོད་ངག་གི་འཁོར་ལོའི་མཆོག།
ས་ཆེན་ཁྱོན་དུ་བདེ་བླག་བསྒྱུར་བའི་མཐུས།།
སྨྲ་ངན་སྟོང་གི་དོན་སྙིང་ལྐོག་མ་རུ།།
འབྱིན་པའི་གཟིགས་མོ་འགྱེད་ལ་མི་སྤྲོའམ།།
དེ་ཕྱིར་ལུང་དང་རིགས་པའི་ཟེར་བརྒྱ་བ།།
དགག་གཞག་སྤོང་བའི་མཁའ་ལ་ལེགས་བྱོན་ཏེ།།
རྨོངས་པའི་ཚང་ཚིང་ཡིབ་པའི་མཚན་མོར་སྤྱོད།།
ལོག་སྨྲའི་བློ་མིག་ལྡོང་ཕྱིར་བཞུགས་སུ་གསོལ།།
ཆགས་སྡང་རྨོངས་པའི་དུག་ཆུ་འཐུང་དྲགས་པས།།
ངན་སོང་དོང་དུ་ལྷུང་བའི་སྐྱེ་འགྲོ་ཀུན།།
ཐུགས་རྗེའི་ལྕགས་ཀྱུས་གྱེན་དུ་འདྲེན་པའི་སླད།།
སྲིད་མཐའི་བར་དུ་བརྟན་བཞུགས་གསོལ་བ་འདེབས།།
ནག་པོའི་རྩ་ལག་མུན་པའི་རྔམས་མཐུག་ཅིང་།།
རང་ལུགས་དྲི་མེད་གནམ་སྟོང་རྗེས་ཞུགས་དུས།།
ཉིད་སྐུ་མི་འགྱུར་རྒྱུ་སྐར་རྒྱལ་པོ་མཆོག།
གཤེན་བསྟན་ས་མོས་བཞད་པའི་གཉེན་དུ་བཞུགས།།
དབང་ལུང་ཁྲིད་གསུམ་སྐྱེ་ལྔའི་དབྱངས་སྙན་གྱིས།།
སྐལ་ལྡན་སྨིན་གྲོལ་མྱ་ངན་མེད་པའི་སར།།
རབ་ཏུ་འགོད་པའི་རྒྱལ་སྲས་དཔའ་བོའི་ཁུར།།
ལེགས་པར་བཞེས་ཏེ་གཡུང་དྲུང་ཁྲིར་བཞུགས་མཛོད།།
སིན་དྷུའི་རྒྱ་མཚོ་འཕྱུར་འདྲའི་ཚངས་སྤྱོད་ཀྱི།།
འདུལ་བའི་སྡེ་དང་དུང་འོད་ལ་འཁུ་བའི།།
གོས་དཀར་ལྕང་ལོ་ཕུར་ཐོགས་ཅན་གྱི་སྡེ།།
མདོ་སྔགས་ཁྲི་འཕང་མཐོན་པོར་བརྟན་བཞུགས་མཛོད།།
རླབས་ཆེན་ཚོགས་གཉིས་མ་དྲོས་ཕང་བ་ལས།།
སྤངས་རྟོགས་ཡོན་ཏན་འཛམ་བུ་པྲིཀྵའི་ལྗོན།།
ལེགས་པར་འཁྲུངས་པའི་རྨད་བྱུང་ལེགས་བྱས་ཀྱི།།
སྣང་བ་དཀར་པོས་ཁྱབ་ཕྱིར་བརྟན་བཞུགས་འབུལ།།
ཞེས་ལུང་རྟོགས་ཡོན་ཏན་གྱི་ཆ་ལ་ས་གསུམ་ན་འགྲན་ཟླ་དང་བྲལ་བའི་མ་ཧཱ་པཎྚི་ཏ་ཆེན་པོ་སྐྱབས་་རྗེ་བོན་བརྒྱ་རིན་པོ་ཆེ་དོན་གྱི་སླད་དུ་མཚན་ནས་སྨོས་ན༧དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་དཔལ་བཟང་པོའི་སྡེ་མཆོག་གི་གཞལ་དཀའི་བཀའ་དྲིན་ཝ་ལེར་དྲན་ནས།གུས་ཕྱག་ལན་མང་དང་བཅས་གང་སྐུ་མི་འགྱུར་གཡུང་དྲུང་གི་ཁྲི་ལ་བརྟན་པར་བཞུགས་པའི་གསོལ་བ་སྙིང་ནས་འདེབས་བཞིན་ཕུལ་བ་ལགས་པས། རེ་བའི་དོན་༷དེ་བཞིན་དུ་འགྲུབ་༷ཅིང་ཕྱོགས་ལས་རྣམ་པར་རྒྱལ་༷བའི་སྨོན་འདུན་དང་བཅས་ཞུ་ཞུ་ཞུ།