ཤིས་རྩོམ་ཆེད་བསྒྲིགས།-བཀྲ་ཤིས་བརྟན་བཞུགས་གསེར་གྱི་ལྷུན་པོ།
[ཟླ་ཚེས། 2018-01-31 11:01:03][རྩོམ་པ་པོ། རྩོམ་སྒྲིག་ཚན་ཆུང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
རྒྱལ་ཚབ་འཇིགས་མེད་དབང་ཕྱུག (ཤར་རྫའི་རི་ཁྲོད།)
རྒྱལ་ཀུན་གསང་གསུམ་ངོ་བོ་གཅིག་བསྡུས་པའི།།
མཁྱེན་རབ་གཏེར་ཆེན་སྨྲ་བའི་སེང་གེ་ཡི།།
རྣམ་འཕྲུལ་མཁས་དབང་རྗེ་བཙུན་བོན་བརྒྱ་ཞེས།།
སྙན་པར་གྲགས་པའི་མཚན་དེས་དགེ་ལེགས་སྩོལ།།
ཟབ་ཅིང་རྒྱ་ཆེ་འཕྲུལ་ངག་བོན་གྱི་བསྟན།།
འཛིན་སྐྱོང་སྤེལ་ལ་འགྲན་པའི་ཟླ་དང་བྲལ།།
རབ་འབྱམས་རིགས་བརྒྱའི་གསང་ཆེན་འཁོར་ལོའི་མགོན།།
དཔོན་གསས་སྟོང་གི་སྤྱི་ཕུད་བོན་བརྒྱ་བ།།
སྙིགས་དུས་མཁས་གྲུབ་བྱེ་བའི་གཙུག་གི་རྒྱན།།
རྒྱལ་བ་འཆི་མེད་ཡབ་སྲས་ཞལ་གྱི་ཚབ།།
དཔལ་ལྡན་བླ་མའི་གསང་གསུམ་མཛད་འཕྲིན་རྣམས།།
བསྐལ་བརྒྱའི་བར་དུ་གཡོ་མེད་བརྟན་གྱུར་ཅིག།
རྩེ་ཞིག་ཤེས་རབ་བསྟན་པའི་ཟླ་བ། (རྩེ་ཞིག་དགོན།)
ཚོགས་གཉིས་འཁྲི་ཤིང་དཀྲིགས་པའི་ཀློང་ཆེན་ན།།
སྐྱེས་སྦྱངས་མཁྱེན་རབ་ནོར་བུའི་འོད་སྣང་ཅན།།
མདོ་སྔགས་བསྟན་པའི་དཀྱིལ་འཁོར་མཐར་སྤྲོས་པ།།
སྐྱབས་རྗེ་བོན་བརྒྱ་ཉི་མའི་དཔལ་ལ་འདུད།།
སྣང་སྟོང་དབྱེར་མེད་རྟག་ཆད་མཐའ་ལས་གྲོལ།།
བདེ་སྟོང་ཟུང་འཇུག་རྩལ་སྣང་འགགས་མེད་འཆར།།
རིག་སྟོང་རྗེན་འཆར་ཡེ་གྲོལ་དགོངས་པ་རྙེད།།
ཀུན་བཟང་གདོད་མའི་མགོན་མཆོག་ཅིས་མི་བསྟོད།།
རིགས་བརྒྱ་རིགས་གཅིག་གར་དུ་ལེགས་བཞེངས་པར།།
རྒྱུད་སྡེ་རྒྱ་མཚོའི་དཀྱིལ་འཁོར་མ་ལུས་པ།།
བ་སྤུའི་ཁུང་རེར་ལྷུན་རྫོགས་མགོན་ཁྱེད་ཀྱི།།
ཞབས་ཟུང་གཡུང་དྲུང་བསྐལ་བརྒྱར་རྟག་བརྟན་ཤོག།
ཁྱུང་མོ་སྟོབས་ལྡན་དབང་ཕྱུག (ཟི་ལིང་།)
དགེ༷་ལེགཻས་ཐུགས་བསྐྱེད་ཟབ་མོའི་སྨོན་པ་དེས།།
ལྷུ༷ན་གྲུ༷བ་མཚན་དཔེའི་ཟླ་གཞོན་མཁའ་རུ་ཚེས།།
རྒྱ༷་མཚོ༷་འགྲོ་བའི་རེ་རྒུ་སྟེར་མཛད་པ།།
ཐམས་ཅད་མཁྱེན་གཟིགས་བོན་བརྒྱ་རིན་པོ་ཆེ།།
གངས་ཅན་གྲུབ་མཐའི་ཡང་རྩེ་གཡུང་དྲུང་བོན།།
མདོ་སྨད་བྱང་གི་གསོ་བྱེད་སྨན་གྱི་རིར།།
བསྟན་པའི་རྒྱལ་མཚན་མཐོན་པོར་སྒྲེང་མཛད་པ།།
གྲགས་སྙན་མཁའ་མཐར་ཁྱབ་པའི་བོན་བརྒྱ་བ།།
བསྟན་ལ་བཞག་པའི་མཛད་རྗེས་ཟད་མཐའ་མེད།།
བོན་ལ་བསྩལ་པའི་བཀའ་དྲིན་འཁོར་ཐབས་བྲལ།།
སྐུ་ཚེ་ཚེ་དབང་རིག་པའི་སྐུར་བཞེངས་ཏེ།།
ཞབས་པད་བསྐལ་བའི་བར་དུ་བརྟན་བཞུགས་ཤོག།
ཞུ་ཡོན་ཏན་རྒྱ་མཚོ། (ཁྲོམ་ཚང་དགོན།)
རྣམ་དག་གཙང་མ་ཁྱུང་དཀར་གདུང་ལས་འཁྲུངས།།
མཛད་པ་རྣམ་དག་བསྟན་དང་འགྲོ་ལ་དགོངས།།
འཕྲིན་ལས་རྒྱས་པ་འཛམ་གླིང་ཡོངས་ཀྱི་རྒྱན།།
རྗེ་གཅིག་བླ་མ་བོན་བརྒྱ་ཐམས་ཅད་མཁྱེན།།
ཁྱེད་སྐུ་སྐྱོན་གྱིས་མ་གོས་པད་མའི་མདངས།།
ཁྱེད་གསུང་ཝ་སྐྱེས་གཞོམ་པ་ང་རོའི་དབྱངས།།
ཁྱེད་ཐུགས་ལོག་ལྟ་མི་མངའ་རྒྱལ་བའི་མཛོད།།
ཁྱེད་ཀྱི་སྐུ་གསུང་ཐུགས་ཀྱིས་ཟིན་གྱུར་ཅིག།
བསྟན་དང་འགྲོ་ལ་བརྩེ་བས་ཉེར་གཟིགས་ཏེ།།
མི་འཇིགས་གདོང་ལྔས་བཏེགས་པའི་གསེར་གྱི་ཁྲིར།།
འཇིག་རྟེན་མ་སྟོང་བསྐལ་བ་མ་འཇིག་བར།།
གཡོ་བ་མེད་པར་མཛོད་ཅིག་བླ་མ་ཀྱེ།།
ལི་ཤུ་གཤེན་རྒྱལ་བསྟན་འཛིན། (རྒྱལ་རོང་།)
རིམ་གཉིས་ཞི་ཁྲོའི་དཀྱིལ་འཁོར་ལྷུན་རྫོགས་སྐུ༵།།
བསྭོ་ཆ་ཧ་ལའི་སྒྲ་དབྱངས་ཡོངས་རྫོགས་གསུ༵ང་།།
སྐྱེ་འགག་མཐའ་བྲལ་རང་རིག་རྩལ་རྫོགས་ཐུག༵ས།།
ཟབ་ལམ་སྔགས་ཀྱི་བདག་ཉིད་བོན་བརྒྱ་བ།།
ཞང་བོད་ལོ་རྒྱུས་བང་མཛོད་གཏེར་བརྒྱའི་སྒོ།།
གསུང་རྩོམ་རི་བྲག་གཏམས་པར་ལེགས་འབྱེད་ཅིང་།།
འཛམ་གླིང་མཁས་བརྒྱའི་གྲལ་མགོར་སང་སེ་སྒྲོག།
རིག་པའི་ཁྱུང་ཆེན་སྨྲ་དབང་བོན་བརྒྱ་བ།།
བྱང་ཕྱོགས་ས་ཆེན་སྐྱེ་རྒུ་ཡངས་པའི་གཞིར།།
ཐབས་ཤེས་སྤྱོད་པ་ཟབ་མོས་སོ་ནམ་སྐྱོང་།།
གཞན་ཕན་སྣང་བ་དཀར་པོས་འབྲས་བཟང་སྐྲུན།།
གདུལ་དཀའ་འདུལ་བའི་དཔའ་བོ་བོན་བརྒྱ་བ།།
མཁན་པོ་དགེ་ལེགས་ཚུལ་ཁྲིམས་དབང་རྒྱལ། (ཀོ་བོ་དགོན།)
གངས་ཀྱི་རལ་པའི་རྩེ་མོ་ནས།།
གངས་ཆུ་འཐུང་བའི་སེང་གེ་ཉིད།།
བཅུ་ཕྲག་གནས་ལ་མྱོས་པ་ཁྱེད།།
གངས་ཅན་ཞིང་གི་ཁྱེད་ཉིད་ཏོག།
གསང་ཆེན་བོན་གྱི་སྦྲང་རྩིའི་བཅུད།།
ལེན་ལ་བརྒྱ་ཕྲག་མཁས་པའི་ཕུལ།།
དགེ་ལེགས་རིམ་གཉིས་རྩེ་མོ་ཆེ།།
ལྷུན་གྲུབ་ཕྱག་རྒྱའི་དཀྱིལ་འཁོར་རྫོགས།།
གདོད་མའི་རིག་པ་ཟང་ཐལ་ལས།།
འཆད་རྩོད་རྩོམ་ལ་རང་དབང་ཐོབ།།
བདེར་གཤེགས་སྟོང་གི་ངོ་བོ་ལྡན།།
ཀ་དག་རིག་པ་རྣལ་མ་ཞིག།
མཁར་ནག་སྐལ་བཟང་རྒྱ་མཚོ། (ཁྲི་ཀ)
རབ་འབྱམས་ཞིང་གི་རྒྱལ་བ་མ་ལུས་པའི།།
མཁྱེན་བརྩེ་མཐུ་ནུས་དཔལ་ལས་ལེགས་འཁྲུངས་པ།།
ཁྲི་ཕྲག་འབུམ་ལྡན་འཛམ་གླིང་མཐའ་དག་གི།
སྐྱབས་མཆོག་སྤྲུལ་པའི་སྐུ་ལ་ཕྱག་འཚལ་ལོ།།
གང་གི་བསྟན་པ་འཛིན་ལ་འགྲན་བྲལ་བ།།
བསིལ་ལྡན་ཞིང་ན་སྙན་པའི་གྲགས་པ་ཅན།།
མཁས་གྲུབ་བྱེ་བའི་གཙུག་ན་མངོན་འཕགས་པ།།
སྐྱབས་རྗེ་བོན་བརྒྱ་བླ་མ་རྟག་ཏུ་རྒྱལ།།
མགོན་ཁྱེད་འཁྲུངས་འདས་རང་དབང་ཅན་ལགས་པས།།
བདག་སོགས་དུས་སྙིགས་ཉམ་ཐག་འགྲོ་བ་རྣམས།།
བདེ་ལྡན་ཞིང་དུ་ལན་ཅིག་དབུགས་དབྱུང་ཕྱིར།།
བསྐལ་བརྒྱར་བཞུགས་པ་ཐུགས་རྗེས་བསྙེལ་མ་འཚལ།།
ཁྱུངཿསྨོན་ལམ། (སྨན་རིའི་གླིང་།)
སྒོ་བཞི་མཛོད་ལྔའི་བོན༵་ཀུན་ཐུགས་སུ་ཆུད།།
འཛམ་གླིང་ཕྱོགས་བརྒྱ༵ར་སྙན་པའི་གྲགས་དཀར་ཁྱབ།།
དགེ༵་མཚན་འབུམ་ལྡན་དྲན་དབང་གཙུག་གི་ནོར།།
བདེ་ལེག༵ས་ཐར་པའི་ལམ་འདྲེན་བླ་མ་རྗེ།།
མཚན་དཔེའི་སྐུ་མཆོག་ལྷུ༵ན་པོ་ལྟ་བུ་བརྗིད།།
འགག་མེད་གསུང་གི་དངོས་གྲུ༵བ་ཆར་བཞིན་སྙིལ།།
རྒྱ༵་ཆེའི་ཐུགས་ཉིད་བོན་དབྱིངས་རང་ས་ཟིན།།
གསང་གསུམ་མི་ཟད་དབྱར་མཚོ༵་རྒྱས་གྱུར་ཅིག།
བསྟན་དང་འགྲོ་བའི་མགོན་དཔུང་དམ་པ་རུ།།
སྐུ་དཀྱིལ་བཞད་ནས་སྐུ་ཚེ་མཐར་ཕྱིན་བར།།
གསེར་འོད་འབུམ་ལྡན་མཛད་བཟང་བསྐྱངས་བ་རྣམས།།
ཡིད་ལ་དྲན་བཞིན་བསྐལ་བརྒྱར་བཞུགས་གསོལ་འདེབས།།
ཚུལ་ཁྲིམས་བསྟན་པ་འབྲུག་གྲགས། (ཁྲི་ཀ)
སྐུ་ཡི་གཟི་བྱིན་མཚན་དཔེའི་མེ་ཏོག་བཞད།།
གསུང་གི་སྙན་པ་ཡན་ལག་དྲུག་ཅུ་རྫོགས།།
ཐུགས་ཀྱི་དགོངས་རྩལ་ཇི་ལྟ་ཇི་སྙེད་མཁྱེན།།
མཚུངས་མེད་བླ་མ་སྐུ་ཚེ་བསྐལ་བརྒྱར་གསོལ།།
མཁྱེན་པའི་ཡེ་ཤེས་རྒྱལ་བསྟན་གསལ་བའི་སྒྲོན།།
བརྩེ་བའི་འོད་ཞགས་འགྲོ་ལ་རྟག་ཏུ་འཁྱུད།།
ནུས་པའི་ཡོན་ཏན་སྲིད་ཞིའི་རྒུད་པ་སེལ།།
རྩ་བའི་བླ་མའི་ཞབས་པད་བསྐལ་བརྒྱར་བརྟན།།
བདག་སོགས་མཐའ་ཀླས་འགྲོ་བ་ཇི་སྙེད་པ།།
ཡང་དག་རྫོགས་པའི་སངས་རྒྱས་མ་འཐོབ་པར།།
རང་སེམས་རིག་པའི་ལྷ་ཞལ་རྗེན་འཆར་དུ།།
སྟོན་མཛད་བླ་མ་ཞིང་འདིའི་མགོན་དུ་བཞུགས།།
འཇིགས་མེད་བཤད་སྒྲུབ། (བོན་བརྒྱ་དགོན།)
དགེ་བའི་ལམ་བཟང་སྟོན་ལ་བཀའ་དྲིན་སངས་རྒྱས་ལས་ལྷག་པའི།།
ལེགས་ཚོགས་ཀུན་ཀྱི་འབྱུང་གནས་དཔལ་ལྡན་བླ་མ་རང་མཁྱེན་ནོ།།
ལྷུན་པོ་སྨན་གྱི་རི་ན་གྲུབ་བརྒྱའི་ཞལ་ཚབ་ཀྱི་ཉི་མ།།
རྒྱ་ཆེན་དྭངས་པའི་མཚོ་ལ་འགོག་མེད་རྟག་བརྟན་དུ་འཆར་ཤོག།
བོན་བརྒྱ་བསྟན་པའི་ཉི་མ། (བོན་བརྒྱ་དགོན།)
གངས་རིའི་རྩེ་ན་གངས་སེང་དཀར་མོ་ཟླ།།
ཟླ་བྲལ་གསེར་ལྗོངས་ཞིང་འདིར་གསེར་གྱི་རི།།
རི་བོ་སྨན་གྱི་རི་ལ་སྨན་གྱི་ལྷ།།
ལྷ་མིའི་འདྲེན་མཆོག་དཔལ་ལྡན་བླ་མ་ཆེ།།
ཆེ་རྒུའི་གཙུག་ན་ཞབས་སེན་ཀུན་ད་གཞོན།།
གཞོན་སྐྱེས་ཚོགས་ལ་མགོན་སྐྱབས་གཞན་མ་དམིགས།།
དམིགས་མེད་ཏིང་འཛིན་བརྩེ་བས་གདུལ་བྱ་ཡི།།
ཡི་རང་སེམས་ཀྱི་རི་མོ་གཡུང་དྲུང་ཁྲིར།།
ཁྲི་ཕྲག་བསྐལ་བར་བཞུགས་ལ་སྨོན་པའི་སེམས།།
སེམས་ཅན་གྲངས་མེད་དད་འདུན་ཀློང་ན་གཡོ།།
གཡོ་མེད་རྟག་ཏུ་དཀྱིལ་དཀྲུང་བསྣོལ་མའི་རྒྱ།།
རྒྱ་ལག་ཕྱད་མཛད་བཞུགས་པར་གསོལ་བ་འདེབས།།
བོན་ནག་ཚང་ཡེ་ཤེས་བློ་གྲོས། (བོན་བརྒྱ་དགོན།)
ཐེག་པ་དགུ་དང་སྒོ་བཞི་མཛོད་ལྔའི་བདག།
ཕྱི་ནང་གསང་གསུམ་ཤེས་རིག་རྣམ་ལྔའི་གཏེར།།
ལྟ་བ་བླ་མེད་རྫོགས་ཆེན་མཆོག་བརྙེས་པ།།
བོན་བརྒྱ་ཐམས་ཅད་མཁྱེན་པས་དགེ་ལེགས་སྩོལ།།
ང་ཡི་བླ་མ་དོན་གྱི་མཁས་དབང་ཡིན།།
བོན་སྒོ་བརྒྱད་ཁྲི་བཞི་སྟོང་ཐུགས་ལ་གསལ།།
ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་ངག་ལ་བཀྲམ།།
རྣམ་དཔྱོད་རྒྱས་པའི་གྲགས་སྙན་སྲིད་ན་འབར།།
བསྟན་དང་འགྲོ་བ་སེམས་ཅན་བདེ་ཕྱིར་དུ།།
འཛུམ་ཞལ་རྟ་བདུན་དབང་པོ་མཁའ་དབྱིངས་སུ།།
རྟག་ཏུ་བཞད་ཅིང་མཛད་པའི་འཕྲིན་ལས་གང་།།
བསྐལ་བརྒྱའི་བར་དུ་ཚེ་གཡང་དགེ་འཁོར་ཤོག།
ལེགས་ལྡན་རྒྱ་མཚོ། (བོན་བརྒྱ་དགོན།)
དགེ་བའི་མཚན་རྟགས་རྣམ་པར་བཀྲ་བའི་སྐུ།།
ལེགས་བཤད་བདེན་ཚིག་བྱེ་བ་སྨྲ་བའི་གསུང་།།
ལྷུན་གྲུབ་འོད་གསལ་རྩེ་རུ་ཆིབས་པའི་ཐུགས།།
གདུལ་བྱ་རྒྱ་མཚོའི་དཔལ་མགོན་བོན་བརྒྱ་བ།།
མདོ་སྔགས་ཉི་ཟླ་ཟུང་འབྲེལ་བོན་མཆོག་གི།
གདམས་ངག་བདུད་རྩི་འོད་སྣང་དཀར་པོ་ཡིས།།
རབ་འབྱམས་གདུལ་བྱའི་མ་རིག་མུན་པའི་ཀློང་།།
ལྷག་མེད་འཇོམས་མཛད་མཁས་གྲུབ་བོན་བརྒྱ་བ།།
འགྲོ་བའི་སྡུག་བསྔལ་བརྩེ་བས་མ་བཟོད་པར།།
མི་ཡི་རྣམ་པར་སྤྲུལ་བའི་འཕགས་མཆོག་གང་།།
འཁོར་བའི་སེམས་ཅན་མཐའ་དག་མ་གྲོལ་བར།།
སྐུ་ཚེ་བསྐལ་བརྒྱར་བརྟན་པར་བཞུགས་སུ་གསོལ།།
དགེ་བཤེས་བསྟན་འཛིན་རྣམ་རྒྱལ། (ཞུ་ཚང་དགོན།)
རྒྱལ་བསྟན་སྤེལ་ལ་རྒྱལ་བ་གཉིས་པ་བཞིན།།
ཤེས་རབ་སྤྱན་ལྡན་ཤེས་བྱའི་གནས་ལ་མཁས།།
རྣམ་མང་འགྲོ་ལ་རྣམ་ཀུན་བཀའ་འཁོར་སྐོར།།
བོན་བསྟན་འཛིན་མཁས་བོན་བརྒྱའི་ཞབས་ལ་འདུད།།
རིང་མོའི་དུས་ནས་ཚེ་ལ་དབང་འབྱོར་བས།།
འདིར་ཡང་བརྒྱད་ཅུའི་ཡར་འཕེལ་འཚོ་བཞེས་པར།།
སླར་ཡང་མི་ཤིགས་གཡུང་དྲུང་གཏམས་པའི་ཁྲིར།།
གསང་གསུམ་མི་གཡོ་བསྐལ་བརྒྱར་བརྟན་པར་སྨོན།།
དེ་ལ་བརྟེན་ནས་རིགས་ཅན་འགྲོ་བ་ཀུན།།
གང་གི་ཐུགས་བརྩེ་ཟབ་མོས་ཉེར་བཟུང་སྟེ།།
ཟབ་རྒྱས་ལུང་རྟོགས་བོན་གྱི་གྲུ་ཆར་གྱིས།།
ལྔ་སྙིགས་ཚ་གདུང་གཞིལ་བའི་བཀྲ་ཤིས་ཤོག།
གདོང་བཙུན་རྒྱ་ཐར། (རྒྱ་ཞིག་དགོན།)
དགེ་ལེགས་དགེ་བའི་གྲགས་པ་དཀར་པོ་གླིང་བཞིའི་ཁྱོན་ན་ཁྱབ་པ་ཡི།།
ལྷུན་གྲུབ་མཁྱེན་རབ་ལྷུན་ལ་རྫོགས་པ་སྨྲ་བ་མི་ཡི་སེང་ཆེན་ཉིད།།
རྒྱ་ཆེན་ཤེས་བྱ་རྒྱ་མཚོར་གཟིགས་པ་བོན་བརྒྱ་ཐམས་ཅད་མཁྱེན་པ་ཡི།།
སྐུ་ཚེ་མི་འགྱུར་ཚེ་མཐའ་ཡས་པར་རྟག་ཏུ་བཞུགས་ལ་གསོལ་བ་འདེབས།།
མཁྱེན་པས་གཞུང་བརྒྱའི་དགོངས་དོན་ཀུན་གཟིགས་འཛམ་གླིང་མཁས་པའི་དབུས་ན་བརྗིད།།
བརྩེ་བས་མ་གྱུར་འགྲོ་ལ་ཡོངས་བྱམས་རྒྱལ་སྲས་སེམས་དཔེའི་སྤྱོད་པ་ཅན།།
ནུས་པས་བསྟན་སྤེལ་འགྲོ་ཕན་འཕྲིན་ལས་ཕྱོགས་ཀྱི་ཐ་གྲུ་ཀུན་ཏུ་ཁྱབ།།
དུས་ཀྱི་སྟོན་པ་དགེ་ལེགས་རྒྱ་མཚོའི་སྐུ་ཚེ་མི་འགྱུར་བརྟན་བཞུགས་གསོལ།།
བྱང་གི་ཡུལ་ན་བྱང་ཆུབ་སེམས་དཔའ་མི་ཡི་རྣམ་པར་རོལ་བའི་ཚུལ།།
རིག་འབྱུང་གྲོང་ན་རིག་པའི་དབང་ཕྱུག་བཤེས་གཉེན་བླ་མར་བཞེངས་པའི་གར།།
བོན་གྱི་བདག་པོ་བོན་བརྒྱ་བླ་མའི་གསང་གསུམ་མཛད་བཟང་ཆད་མེད་པར།།
སྐུ་ཚེ་མི་འགྱུར་གཡུང་དྲུང་ཁྲི་རུ་རྟག་ཏུ་བཞུགས་ལ་གསོལ་བ་འདེབས།།
ཤོ་ཁྲི་རྒྱལ། (ཀོ་དགོན།)
དགེ་ལེགས་མཁྱེན་བརྩེ་ཡེ་ཤེས་གཏེར་ཆེན་བརྙེས།།
སྐུ་གསུམ་ལྷུན་སྡུག་སྐུ་གསུང་ཐུགས་སུ་གྲུབ།།
ཟབ་གནད་གསང་རྒྱ་མན་ངག་གདམས་ལ་མཁས།།
རྟོགས་གྲོལ་དོན་རྫོགས་འགྲོ་ངོར་རོལ་མཚོ་གཡོ།།
༼རྗེ་བོན་བརྒྱ་བའི་མཚན་གྱིས་ཟིན་པའི་དབྱངས་ངེས་པ་ཅན།༽
ལས་འབྲས་སྤང་བླངས་བཅས་མཚམས་མ་བྲལ་བར།།
མཐའ་འདས་ལྟ་བར་རང་ཤར་ངང་ལ་གསལ།།
གཞན་ཕན་གསང་བ་ཡང་ཟབ་ཞལ་གདམས་རྣམས།།
སྐལ་ལྡན་དག་ལ་ཆར་ལྟར་ཕབ་ལ་བསྔགས།།
༼དབྱངས་ཨ་ངེས་པའི་ཚིགས་བཅད།༽
གང་སྐུ་ལྷུན་པོའི་གཏོས་བཞིན་གཡོ་མེད་ཅིང།།
གསུང་རབ་ཚངས་པའི་སྙན་ངག་ཟད་མི་ཤེས།།
ཐུགས་མཆོག་བརྩེ་བ་ནུབ་མེད་ཝ་ལེར་བརྗིད།།
ཨེ་མ་ཁྱེད་ཀྱི་མཛད་འཕྲིན་འོད་སྟོང་ལྡན།།
༼གསལ་བྱེད་མིང་གཞིར་ཚངས་པའི་ཚིགས་བཅད།༽
གཡུང་དྲུང་ཉི་རྒྱལ། (རྫ་ཁྲོ་ཚང་དགོན།)
དགེ་ལེགས་གསང་གསུམ་བོན་གྱི་མཁའ་དབྱིངས་ནས།།
ལྷུན་གྲུབ་འཕྲིན་ལས་རྣམ་བཞིའི་ཚ་ཟེར་གྱིས།།
རྒྱ་མཚོའི་གོས་ཅན་གྲངས་ལྡན་གདུལ་བྱའི་ཚལ།།
ཉེར་སྐྱོང་འདྲེན་པ་ཉིན་མོའི་མགོན་ལ་འདུད།།
གྲུབ་བརྒྱའི་གཙུག་གི་རྒྱན་གཅིག་བོན་བརྒྱ་བ།།
མཁས་དགུའི་ལྗགས་ཀྱི་ངར་གཅིག་བོན་བརྒྱ་བ།།
སློབ་ཚོགས་བྱེ་བའི་ཡབ་ཅིག་བོན་བརྒྱ་བ།།
བསྐལ་ཁུག་སྟོན་པ་ཉག་གཅིག་བོན་བརྒྱ་བ།།
ཞྭ་དཀར་གཡུང་དྲུང་བོན་གྱི་བདེན་སྟོབས་དང་།།
བསླུ་མེད་མཆོག་གསུམ་སྲུང་མའི་མཐུ་ནུས་དཔལ།།
གདུལ་བྱའི་བསོད་ནམས་དམ་པའི་མཐུ་ལ་རྟེན།།
སྐྱབས་གཅིག་དྲིན་ཅན་བླ་མ་བརྟན་བཞུགས་གསོལ།།
ཁྲི་གཡུང་དྲུང་། (སྨན་རིའི་གླིང་།)
བྱང་སྐར་སྨེ་བདུན་ཤར་བའི་མཁའ་དབྱིངས་ན།།
ཁྱུང་རུ་གནམ་ལ་གདེངས་པའི་འདབ་བཟང་དབང་།།
རྩལ་ཆེན་དྲུག་གིས་སྤྱི་རྒྱ་ཁྲེགས་ཀྱིས་ཆོད།།
མཁས་པའི་དབང་པོའི་ཁྱུང་ཆེན་བོན་བརྒྱ་རྗེ།།
གངས་ལྗོངས་གེ་སར་ཕྲོམ་གྱི་རྒྱལ་ཁམས་ན།།
གཡུ་རལ་མཁའ་ལ་གཟེངས་པའི་གདོང་ལྔ་པ།།
གད་རྒྱངས་མཐོན་པོས་གནམ་ས་འདར་བྱེད་པ།།
མཁས་པའི་དབང་པོ་སེང་ཆེན་བོན་བརྒྱ་རྗེ།།
སྐུ་ཡི་ཚེ་བསྲིང་གཡུང་དྲུང་ཁམས་སུ་བརྟན།།
གསུང་གི་ཆགས་མེད་ཆུ་མོའི་རྒྱུན་བཞིན་རིང་།།
ཐུགས་ཀྱི་ཉམས་མེད་རྒྱ་མཚོའི་ཁམས་སུ་འཁྱིལ།།
བསྐལ་པ་ཁྲི་ཕྲག་ཁྲི་ལ་ཞབས་བརྟན་ཤོག།
རུ་བླ་པད་མ་གཡུང་དྲུང་། (སྡེ་དགེ།)
ཞང་ཞུང་ཡུལ་ནས་གཤེན་བསྟན་ཉི་ཟེར་འཆར།།
འགྲོ་དྲུག་ཞི་བདེའི་དྲོད་ཁྱིམ་ཐོག་མ་བསྐྲུན།།
ཡབ་མཆོག་གཤེན་རབ་མི་བོའི་ཐུགས་རྗེ་ཡི།།
ཕྱི་ནང་གསང་གསུམ་བཀའ་ཡི་འཁོར་ལོ་བསྐོར།།
ནང་རྒྱུད་སྔགས་ཀྱི་རྒྱུད་འཛིན་བོན་བརྒྱ་བ།།
བུ་སློབ་ཡོངས་ལ་ཟབ་མོའི་སྔགས་རྒྱུད་སྤེལ།།
གོས་དཀར་ལྕང་ལོ་ཅན་དེ་ཁྱེད་མིན་སུ།།
ཁྱེད་ཀྱི་འགྲོ་དོན་གཤེན་སྨན་གཉིས་དང་མཉམ།།
ཁྱེད་སྐུ་རྟ་བདུན་དབང་པོ་གོ་ལའི་ཁྱོན།།
མི་འགྱུར་ཁྲི་ལོར་རྟག་ཏུ་འཆར་ནས་ཀྱང་།།
འགྲོ་དྲུག་སེམས་ཅན་འདྲེན་པའི་དེད་དཔོན་དུ།།
གདོང་ལྔའི་ཁྲི་ལ་བསྐལ་བརྒྱར་བཞུགས་སུ་གསོལ།།
ཁྲི་བདེ་མཆོག (སྨན་རིའི་གླིང་།)
བསྐྱེད་རིམ་ཐབས་ཀྱིས་སྣང་སྲིད་ཇི་སྙེད་པའི།།
སྣང་བ་དག་པ་ལྷ་སྐུའི་འཁོར་ལོར་གྲུབ།།
རྫོགས་རིམ་ལམ་ཁྱེར་གཤོག་དྲུག་རྩལ་རྒྱས་པ།།
རྣལ་འབྱོར་གྲུབ་པའི་ཁྱུང་ཆེན་བོན་བརྒྱ་བ།།
ཁྲེགས་ཆོད་ལྟ་བས་འཁོར་འདས་ལ་ཆེན་ཟླ།།
ཐོད་རྒལ་སྣང་བཞིས་ཟུང་འཇུག་གྲུབ་པའི་སྐུ།།
ངེས་གསང་རྫོགས་ཆེན་གཡུ་རལ་ཁུར་དུ་ལྕི།།
སྒོམ་ཆེན་གངས་ཀྱི་སེང་གེ་བོན་བརྒྱ་བ།།
ལྟོས་བཅས་སློབ་འབངས་ཀུན་གྱི་དད་འདུན་གྱིས།།
མོས་པའི་བསོད་ནམས་གཅིག་ཏུ་སྤུངས་ནས་ཀྱང་།།
བརྟན་བཞུགས་མཆོད་སྤྲིན་ཕུལ་བའི་རྟེན་འབྲེལ་མཐུས།།
སྐུ་ཚེ་བསྐལ་བརྒྱར་བརྟན་པའི་ཤིས་པ་སྩོལད།།
རྩེ་གཞུང་གཡུང་དྲུང་། (བོན་བརྒྱ་དགོན།)
མཚན་དཔེ་དགེ༷་ལེག༷ས་རི་མོ་བཀྲ་བའི་སྐུ།།
འཆད་རྩོད་རྩོམ་པ་ལྷུ༷ན་གྲུ༷བ་ཤིས་བརྗོད་གསུང་།།
བོན་ཀུན་གནས་ལུགས་བདེ་ལེགས་མཁྱེན་པའི་ཐུགས།།
མཁས་གྲུབ་རྒྱ༷་མཚོ༷་གཙུག་ན་རྒྱལ་གྱུར་ཅིག།
སྲིད་ན་རྙེད་དཀའ་ཡིད་བཞིན་ནོར་བུའི་ཟླ།།
ཟླ་བྲལ་གཤེན་བསྟན་སྤེལ་བའི་འཕྲིན་ལས་རྒྱུན།།
རྒྱུན་མེད་ཁ་འབབ་བཞི་ལས་མངོན་དུ་འཕགས།།
འཕགས་མཆོག་དཔོན་གསས་བླ་མ་འགྲོ་བའི་མགོན།།
གསང་གསུམ་མཛོད་འཆང་རིག་འཛིན་བླ་མའི་སྐུ།།
ས་གསུམ་བསྟན་འགྲོའི་གཉེན་དུ་མངོན་བཞུགས་ནས།།
སྡེ་གསུམ་བོན་གྱི་འཁོར་ལོ་རབ་བསྐོར་དེ།།
ཁམས་གསུམ་སེམས་ཅན་ཐུགས་རྗེས་ཟིན་གྱུར་ཅིག།
རིན་སྤུངས་ཚུལ་བསྟན། (ཟིང་ཆུ་རྫོང་།)
ཟབ་ལམ་རྒྱ་ཆེ་བོན་ཉིད་དབྱིངས་ཆུབ་ཅིང་།།
ལྷུན་གྲུབ་རང་རྩལ་འོད་གསལ་རང་གཤིས་གྲུབ།།
གཉིས་མེད་འོད་སྣང་བོན་ཅན་རང་བཞིན་ཤར།།
ཐམས་ཅད་མཁྱེན་ལ་ཟླ་མེད་གང་དེར་བསྔགས།།
འཆད་རྩོད་རྩོམ་ལ་འགྲན་མེད་གདོང་ལྔ་བ།།
ཐོས་བསམ་སྒོམ་སྒྲུབ་ཉམས་ལེན་གདམས་པ་ཤར།།
འཛིན་སྐྱོང་སྤེལ་ཏེ་བསྟན་པ་དགུང་དུ་བསྒྲེངས།།
གྱེར་བསྟན་བདག་ཉིད་མཆོག་ལ་གསོལ་བ་འདེབས།།
གང་གི་གསང་བ་གསུམ་གྱི་འཕྲིན་ལས་རྣམས།།
ནུབ་མེད་བསྐལ་བའི་མཐའ་ལ་ཡུན་བརྟན་ནས།།
སྐྱེ་དགུའི་དཔལ་ལ་རྟག་ཏུ་ལེགས་བཞུགས་ཏེ།།
མཁའ་མཉམ་འགྲོ་ཀུན་བདེ་ཆེན་དབྱིངས་གནས་ཤོག།
ཞུ་ལུང་རྟོགས་རྒྱ་མཚོ། (ཁྲོམ་ཚང་དགོན།)
སྐྱབས་གནས་མ་ལུས་འདུས་པའི་ངོ་བོ་ཉིད།།
རྗེ་བཙུན་རྣམ་པར་རོལ་བ་མི་ཡི་གཟུགས།།
ཀ་དག་གཤིས་ཀྱི་གནས་ལུགས་རྗེན་པའི་སྐུ།།
དྲི་མེད་ཡོན་ཏན་དགེ་ལེགས་ཐམས་ཅད་མཁྱེན།།
སྐུ་གསུམ་དགོངས་པ་གཅིག་རྫོགས་འདམ་སྟོང་བཞིན།།
གཅིག་རུབ་ཀུན་རུབ་ངོ་བོ་སྟོན་པའི་རྗེ།།
མུ་མེད་མཐའ་ཡས་འགྲོ་བའི་དོན་ཆེད་དུ།།
འགྱུར་མེད་ཁྲི་ལ་བརྟན་པར་བཞུགས་སུ་གསོལ།།
གསང་གསུམ་ལུང་རྟོགས་དཔལ་གྱི་ཉི་ཟླའི་གཟིས།།
དོན་གཉིས་མ་ལུས་ལྷུ༵ན་གྱིས་གྲུ༵བ་ནས་ཀྱང་།།
གཡུང་དྲུང་བསྟན་པའི་རྒྱ༵་མཚོ༵འི་ཀློང་དུ་ཡང་།།
སྐུ་ཚེ་མི་ཤིགས་བསྐལ་བརྒྱར་བརྟན་བཞུགས་གསོལ།།
ཡེ་ཤེས་འབྱུང་གནས། (ཨ་རི།)
རྒྱལ་ཀུན་གསང་གསུམ་ཆུ་གཏེར་ཆེན་པོའི་འཇིངས།།
འགྲོ་ཀུན་བསོད་ནམས་ལྷུན་པོས་བསུབ་པ་ལས།།
ལེགས་པར་འཁྲུངས་པའི་མཚན་བཟང་འོད་དཀར་ཅན།།
བསྟན་འགྲོའི་དཔལ་ཤར་སྐལ་བཟང་རྟག་འཆར་ཤོག།
རིས་མེད་གྲུབ་མཐའི་དབུས་ན་མངོན་མཐོ་བའི།།
གཟུར་གནས་བློ་ལྡན་མཁས་མང་རྒྱ་མཚོ་ཡིས།།
སྨྲ་དབང་བོན་བརྒྱ་ཐམས་ཅད་མཁྱེན་པ་ཞེས།།
གྲགས་དཀར་ས་སྟེང་ཁྱབས་འདི་རྟག་བརྟན་ཤོག།
འབྲལ་བ་མེད་པ་དད་པའི་སྐྱ་རེངས་ཀྱིས།།
ཉེ་བར་དྲངས་པའི་ཤིས་ཚིག་ཉི་མའི་འོད།།
བདག་བློ་ཤར་རིའི་རྩེ་མོར་མངོན་འཆར་བས།།
ཚེ་རབས་རྟག་ཏུ་ཁྱེད་ཀྱིས་རྗེས་ཟུངས་ཤིག།
རླངས་ཚང་ནམ་མཁའ། (རེབ་གོང་།)
དགེ༵འོ་དམུ་ཐག་དཀར་པོ་ལྷ་བབས་ཞིག།
ལེག༵ས་སོ་རུས་མཆོག་ཁྱུང་དཀར་རྒྱུད་ལ་མཆེད།།
ཨཀྟ་རོང་ཞེས་གསེར་ལྗོངས་སྟོད་ཀྱི་ཆར།།
སྐུ་མཆོག་མཚན་དཔེ་སྐྱེ་བཞེས་ཨེ་མ་ཧོ།།
ལྷུ༵ན་པོའི་སྐུ་ལ་ཤེས་བྱའི་འོད་སྟོང་འབར།།
གྲུ༵བ་པའི་རྣམ་རོལ་ཕྱག་སྲོལ་བཟང་པོའི་གར།།
ཕངས་མེད་བསྟན་དང་འགྲོ་བའི་དོན་ཆེན་པོར།།
ཚེ་གང་ལྷུར་བཞེས་བསྟན་སྤེལ་ཨེ་མ་ཧོ།།
རྒྱ༵་ཆེན་རིག་གཞུང་རྣམ་དཔྱོད་རྩལ་ལས་འཁྲུངས།།
མཚོ༵་བྱུང་མགྲིན་པར་འཁྱིལ་བ་དབྱངས་ཀྱི་ཆར།།
སྐལ་ལྡན་ཡིད་ཀྱི་ཞིང་སར་ཐར་བའི་བརླན།།
མངོན་མཐོ་ངེས་ལེགས་རྗེས་བཞག་ཨེ་མ་ཧོ།།
སྦྲ་སར་ཤེས་རབ་དབང་གྲགས། (ཁྲི་ཀ)
སྐུ་ཚེ་འགྱུར་མེད་རི་རྒྱལ་ལྷུན་པོ་བརྟན།།
གསུང་མཆོག་འགག་མེད་རྒྱ་མཚོའི་གཏིང་བཞིན་ཟབས།།
ཐུགས་ཉིད་སྤྲོས་བྲལ་འགྲོ་ཀུན་ཡོངས་ལ་སྙོམས།།
སྐུ་གསུང་ཐུགས་གསུམ་མི་འགྱུར་བརྟན་བཞུགས་མཛོད།།
སྐུ་ཡི་མཚན་དཔེ་མདོ་ཁམས་སྨད་ནས་བཞད།།
ཞལ་གསུང་མན་ངག་འཛམ་གླིང་ཡོངས་ལ་ཁྱབ།།
ཐུགས་རྗེ་བྱམས་བརྩེས་རིས་མེད་འགྲོ་བར་དགོངས།།
སྐུ་གསུང་ཐུགས་གསུམ་མི་འགྱུར་བརྟན་བཞུགས་མཛོད།།
སྐུ་ཡི་གཟི་དཔལ་མཉམ་མེད་ཀ་ནས་དག།
འགག་མེད་གསུང་དབྱངས་མ་རྩལ་ལྷུན་གྱིས་གྲུབ།།
ཐུགས་མཆོག་འཁྲུལ་མེད་རང་གསལ་ས་ལེ་བ།།
སྐུ་གསུང་ཐུགས་གསུམ་མི་འགྱུར་བརྟན་བཞུགས་མཛོད།།
དབྲ་དཀར་གཞན་ཕན་ཤེས་རབ། (སྡེ་དགེ)
མཚན་བཟང་དགེ༵་ལེག༵ས་ཡོན་ཏན་ཉི་ཟླ་མདངས།།
རྩོལ་མེད་ལྷུ༵ན་གྲུ༵བ་རོལ་པའི་ཟེར་བརྒྱ་འཕྲོ།།
གསང་གསུམ་རྒྱ༵་མཚོ༵འི་མཛད་འཛིན་བོན༵་བརྒྱ༵་བ།།
ཞབས་ཟུང་གསེར་གྱི་ཁྲི་ལ་བརྟན་པར་ཤོག།
འགྱུ༷ར་མེ༷ད་ལྟ༵་བ༵་མཐོན་པོ་རྩེ་རུ་ཆིབས།།
ལ༷ས་བཞི་སྤྱོད༵་པ༵་ཟབ་མོ་ཕུལ་དུ་ཕྱིན།།
ར༷བ་འབྱམས་སྒོམ༵་པ༵་མཛད་ལ་གདེངས་ཐོབ་པའི།།
རྩ༷ལ་གསུམ་རྫོགས་པའི་རྣལ་འབྱོར་ཨེ་མ་རྨད།།
ངག༵་གི་དབང༵་ཕྱུག་གསང་གསུམ་དཔལ་ཐོབ་སྟེ།།
དབྱངས༵་ཀྱི་རྒྱལ་མོའི་སྨྲ་བའི་སྤོབས་པ་ལྡན༵།།
ཞིང་འདིའི་མཁས་རྒུ་དགྱེས༵་པ༵འི་བློ༵་གྲོ༵ས་ཅན།།
སྐྱེས་མཆོག་ཁྱེད་ཀྱི་མཛད་བཟང་སྲིད་ན་མཐོ།།
ཁྱུང་བཟང་། (རེབ་གོང་།)
ཤེས་བྱའི་མཁའ་ལ་གློག་ཞགས་བཞིན།།
ཤེས་རབ་འོད་ཀྱིས་འཁྱུག་པ་ཡིས།།
ལེགས་བཤད་ཆར་གྱི་དོག་པ་ནི།།
སྐལ་ལྡན་སྙིང་ལ་བརྩེ་བས་ཐོར།།
དུས་ངན་མུན་པས་ཟོས་པ་ཡི།།
སྐལ་ལྡན་ཡིད་ཀྱི་ཞིང་ས་དག།
བརྩེ་བའི་བརླན་གྱིས་ཟིན་པ་དེས།།
སྔོ་ལྗང་དཔལ་རྣམས་འབར་བར་གྱུར།།
དེའི་ཕྱིར་ཁྱེད་ནི་ཉི་མ་སྟེ།།
ཁྱེད་ནི་བདུད་རྩིའི་གཏེར་ཡང་ཡིན།།
འགྲོ་ཀུན་ཐར་བའི་དཔུང་གཉེན་དུ།།
ཁྱེད་ཞལ་རྟག་ཏུ་བརྟན་པར་མཛོད།།
སྙན་བཟང་བསོད་ནམས་གཡུང་དྲུང་། (རེབ་གོང་།)
རྒྱལ་ཀུན་ཐུགས་གསང་དབང་ཕྱོགས་ལྷུན་པོའི་རྩེར།།
བསྐལ་མང་ཐུགས་བསྐྱེད་མཚམས་སྤྲིན་ཁོང་གསེང་ནས།།
འོད་སྟོང་འབར་བའི་ཉི་མ་བསྟན་འགྲོའི་མགོན།།
དགེ་ལེགས་མཚན་འཆང་བླ་མ་དུས་ཀུན་རྒྱལ།།
སྐུ་ཚེ་འཁོར་ལོ་གསུམ་གྱི་རྩེ་དགའ་ལ།།
རོལ་བའི་མཛད་པ་མཐའ་ཡས་གཤེན་གྱི་བསྟན།།
ཉིན་མོའི་དཔལ་ལ་བཀོད་པའི་ལེགས་བྱས་ཀྱིས།།
མདོ་སྨད་བྱང་རྒྱུད་འཛིན་མ་དོག་པོར་བྱས།།
དེ་ལ་རྒྱལ་ཀུན་དགྱེས་པའི་བསྔགས་བརྗོད་དང་།།
གཡུང་དྲུང་ཚེ་ཡི་དངོས་གྲུབ་ལྷ་ལམ་ནས།།
ཆར་དུ་བསྙིལ་བས་དགུང་ལོ་གྱ་བཞི་ལ།།
ཕེབས་པའི་སྐལ་བཟང་འདི་ཀོ་ཨེ་མ་ཧོ།།
ཤ་བོ་ཁྱི་ཐར། (རེབ་གོང་།)
དྲི་མེད་གཤེན་བསྟན་དཀར་གསལ་དུང་གི་ཟླ།།
རབ་དཀར་གངས་རིའི་ཞིང་གི་མཁའ་དབྱིངས་སུ།།
འཆར་མཁས་དགེ་ལེགས་ཡོན་ཏན་ཀུན་རྫོགས་པའི།།
རྒྱ་མཚོ་བླ་མ་འགྲོ་བའི་མགོན་དེར་འདུད།།
མཉམ་མེད་བསྟན་པའི་ལུགས་བཟང་ཉིན་བྱེད་ཀྱི།།
སྣང་བ་དཀར་པོ་ཕྱོགས་ཀྱི་འཁོར་ལོའི་ཁྱོན།།
ཀུན་ཏུ་ཁྱབ་མཛད་རབ་སྙན་ལྷ་ཡི་རྔ།།
སྲིད་ཞིའི་གཙུག་ན་ལྡིར་བ་མཆོག་གི་དྲིན།།
གང་གི་མཛད་འཕྲིན་ཉི་མ་འོད་པོ་ཆེ།།
སྐྱེ་རྒུའི་བསོད་ནམས་ཞིང་གི་ལྷ་ལམ་དུ།།
འཆར་བ་མི་ནུབ་བསྐལ་བརྒྱར་ཞབས་བརྟན་ཅིང་།།
བརྩེ་ཆེན་ཐུགས་ཀྱིས་འབྲལ་མེད་འཛིན་པར་ཤོག།
དཔལ་བ་འབྲུག་གྲགས། (རེབ་གོང་།)
ཨེ་མ་ཧོ། བསླུ་མེད་སྐྱོབས་པ་རྩ་གསུམ་རིན་ཆེན་གྱི།།
བདེན་ཚིག་གཡུང་དྲུང་ཕ་ལམ་བསྣོལ་བའི་མཐུས།།
བདག་གི་ཡབ་རྗེའི་གསང་གསུམ་མི་ཤིག་མདུད།།
འགྲོ་ལ་རྗེས་ཆགས་གཞོམ་གཞིག་བྲལ་བར་ཤོག།
སྐུ་བརྗིད་རི་རྒྱལ་ལྷུན་པོའི་སྤོར།།
གསུང་གསང་འཁོར་ལོས་ལུས་ཅན་ནི།།
ཐུགས་དམ་ལྕགས་ཀྱུས་ཉེར་བཏེགས་ཏེ།།
ཐར་འདོད་སྙིང་ལ་བདུད་རྩི་སྦྱིནད།།
དེ་ལྟ་ནའང་རྒྱལ་གཤེན་བསྟན་པའི་བཀའ།།
མ་ལུས་རེ་སྐོང་འགྲོ་བ་བྲན་པའི་ཆབ།།
ཇི་སྲིད་ཀུན་མཁྱེན་མ་ཐོབ་དེ་སྲིད་དུ།།
ཐུགས་དམ་ལྷོད་མེད་འདྲེན་པར་བྱིན་གྱིས་རློབས།།
སྡོང་སྐམ་བཀྲ་ཤིས། (རེབ་གོང་།)
གསུང་དབྱངས་མི་འཇིགས་གདོང་ལྔའི་གད་རྒྱངས་ཀྱིས།།
མཁས་རློམ་ཝ་སྐྱེས་སྟོང་གི་སྙིང་གས་ཏེ།།
གངས་རིའི་སུལ་ན་སྨྲ་བའི་སེང་ཆེན་ཞེས།།
ཡན་ལག་མཆོག་མས་ནོར་འཛིན་རྔ་བོ་རྡུང་།།
གདོད་ནས་དག་པའི་མཁྱེན་པ་རྒྱ་མཚོའི་རླབས།།
རྣམ་མཁྱེན་རྒྱལ་བའི་ས་ལས་འགོངས་ནའང་།།
ཀུན་ལ་སྙོམས་པའི་ཐུགས་རྗེའི་སྤྱན་རས་ཀྱིས།།
ལྔ་བདོའི་འགྲོ་ལ་རི་མོར་བྲིས་བཞིན་གཟིགས།།
མི་འགྱུར་གདོང་ལྔས་བཏེགས་པའི་བ་གམ་རྩེར།།
གང་སྐུ་གཡུང་དྲུང་ཁམས་སུ་རྟག་བཞུགས་ནས།།
མཁའ་མཉམ་འགྲོ་བའི་གཏན་བདེའི་རྩ་ལག་ཏུ།།
གཡོ་མེད་བསྐལ་བརྒྱར་བཞུགས་པར་གསོལ་བ་འདེབས།།
གླང་ཆེན་སྨྱོན་པ། (སྡེ་དགེ)
འཆད་ལ་མངའ་བརྙེས་ངག་གི་དཔལ་ཡོན་ཐོབ།།
རྩོད་ལ་ཕུལ་བྱུང་ལུང་རིགས་ཟླ་དང་བྲལ།།
རྩོམ་ལ་གོམས་པས་གཞུང་བརྒྱའི་པོ་ཏི་བརྩེགས།།
མཁས་བྱ་སུམ་འཛོམས་བོན་བརྒྱ་བླ་མར་འདུད།།
ཞལ་ནས་མདོ་སྔགས་དཀའ་གནད་སླ་མོས་བཀྲོལ།།
ཕྱག་ལས་བཟོ་རིགས་སྣ་ཚོགས་རི་མོ་མཛེས།།
སྤྱན་གྱིས་ལུགས་གཉིས་གསལ་བས་ལེགས་ཉེས་གཟིགས།།
ཀུན་མཁྱེན་བོན་བརྒྱ་བླ་མས་བྱིན་ཆེན་ཕོབས།།
དགེ༵་ལེག༵ས་ཡོན་ཏན་གང་ལ་འབད་མེད་དུ།།
ལྷུ༵ན་གྲུ༵བ་ཕྱོགས་བཞིའི་ཆུ་ཀླུང་གངྒའི་རྒྱུན།།
རྒྱ༵་མཚོ༵་འདུས་བཞིན་མཁས་པའི་གསང་གསུམ་དཔལ།།
མངའ་བའི་བོན་བརྒྱ་བླ་མའི་ཞབས་པད་བརྟན།།
སྡེ་དགེ་སྟེང་ཆེན་དགོན་པའི་གྲྭ་བཙུན་གླང་ཆེན་སྨྱོན་པ་ནས།
སྐྱིད་སྲས་དགེ་ལེགས་ཉི་མ། (སྨན་རིའི་གླིང་།)
དུག་གི་ལོ་མས་བཏུམ་པའི་རྣ་བ་ལ།།
ཕྱོགས་ཞེན་དྲ་རྒྱའི་རྫུབས་ཀྱི་ཚིང་ཚིང་རྒོད།།
བདེན་པ་བརྡར་བའི་གཡས་འཁྱིལ་དུང་གི་སྒྲས།།
སངས་པར་བྱས་པའི་མཁས་དབང་བོན་བརྒྱ་བ།།
རང་རློམ་མཇིང་བ་སྦོམ་པའི་གཉའ་བ་རུ།།
གཏན་ཚིགས་སྐེ་ཤིང་ཕབ་ལ་ངལ་མེད་པ།།
བྱང་རྒྱུད་གྱེར་བསྟན་སྤྱི་ཡི་ཉི་ཟླའི་དོད།།
རིས་མེད་དགའ་ཚལ་སྐྱོང་བར་བདག་བློས་འདུད།།
མཁས་གྲུབ་རྟོགས་པ་འབར་བའི་འཕྲིན་ལས་ཅན།།
འགྲོ་དོན་བྱེ་བ་སྐད་ཅིག་ཡུན་འགྲུབ་པ།།
བསྐལ་པར་སྟོང་ལ་བཞུགས་ཀྱང་ཉུང་བ་ཡིན།།
བྱང་རྒྱུད་བོན་གྱི་སྟོན་པ་བརྟན་བཞུགས་མཛོད།།
བསྟན་འཛིན་འོད་ཟེར། (སྨན་རིའི་གླིང་།)
གཡུང་དྲུང་གསེར་གྱི་རི་བོ་སྤོ་མཐོན་རྩེར།།
ཡོན་ཏན་གཡུ་རལ་རྫོགས་པའི་རྩལ་ཤུགས་ཅན།།
ལོག་སྨྲའི་སྙིང་ཁམས་གཅུན་པའི་ངར་སྐད་ཀྱིས།།
ཞིང་འདིར་ས་དང་ལམ་གྱི་ཁ་ཞེང་ཡངས།།
རྣམ་དཔྱོད་རིག་པས་བརྡར་བའི་གསེར་གྱི་རི།།
ཐུགས་རྗེ་ཉམས་རྟོགས་བརྡོལ་བ་གཡུ་ཡི་མཚོ།།
རིག་པ་ནོམ་དུ་བསྩལ་བ་རྒྱལ་བོའི་མཛོད།།
རྗེས་འཇུག་བུ་ཡིས་སྒོ་གསུམ་དག་པར་བསྟོད།།
སྟོང་བ་མཐའ་བྲལ་དབྱིངས་ཀྱི་ནམ་མཁའ་ལ།།
ཐུགས་རྗེ་མཚན་དཔེའི་ཉི་འོད་ཀུན་འཁྱིལ་ཏེ།།
གཡུང་དྲུང་སེམས་དཔའི་ཉི་འོད་རྒྱས་པའི་དབུས།།
འབྲལ་མེད་རྟག་ཏུ་བཞུགས་ལ་གསོལ་བ་འདེབས།།
གཡུང་རྒྱན། (ཆབ་ཆ།)
རྩོད་ལྡན་དུས་ངན་སྙིགས་མ་ལ།།
ཉམ་ཐག་འགྲོ་བའི་དོན་གཟིགས་ནས།།
གསེར་ལྗོངས་ཞིང་ལ་མངོན་སྤྲུལ་ཏེ།།
འགྲོ་ཀུན་མ་ནོར་ལམ་མཆོག་བསྟན།།
མགོན་ཁྱེད་གཟུགས་སྐུའི་སྣང་བྱེད་དེ།།
གཤེན་བསྟན་དྲི་མེད་མཁའ་ཡི་རྒྱན།།
སྐལ་བཟང་གདུལ་བྱའི་སྐྱབས་གཅིག་ཏུ།།
དུས་ཀུན་མི་ནུབ་རྟག་བཞུགས་ཤོག།
སྐུ་བརྗིད་མི་ཤིགས་རབ་ཏུ་བརྟན།།
གསུང་ཆབ་རྒྱུན་མེད་བོན་སྟོན་མཛད།།
ཐུགས་བརྩེ་ཕྱོགས་མེད་འགྲོ་ལ་གཟིགས།།
སྒོ་གསུམ་གཡོ་མེད་རྟག་བཞུགས་ཤོག།
ཁྲོ་ཚུལ་ཁྲིམས་བློ་གྲོས། (ཁྲོ་ཚང་།)
རྒྱལ་ཀུན་མཁྱེན་བརྩེའི་ནུས་སྟོབས་གཅིག་བསྡུས་པ།།
གསང་གསུམ་ལྷ་ལམ་ཡངས་པའི་མཐའ་དང་མཉམ།།
མཁྱེན་པའི་ཡེ་ཤེས་འགྲོ་ལ་བརྩེ་གཟིགས་ཅན།།
སྙིགས་དུས་བསྟན་འགྲོའི་བླ་མའི་སྐུ་ཚེ་བརྟན།།
བསྟན་པའི་མངའ་བདག་བླ་མ་ཐུགས་རྗེ་ཅན།།
མཁས་མང་ཡོངས་ཀྱི་གཙུག་ན་མངོན་པར་མཛེས།།
སངས་རྒྱས་དགོངས་བཅུད་ཟབ་མོས་མཛད་བཟང་ཅན།།
སྐྱབས་གཅིག་ཡབ་རྗེ་བླ་མའི་སྐུ་ཚེ་བརྟན།།
བྱིན་རླབས་ཆར་བཞིན་འབད་པའི་བོན་བརྒྱ་བ།།
གདུལ་བྱའི་བསོད་ནམས་ལས་ཀྱི་སྐལ་ཡིན།།
མ་གྱུར་རིགས་མེད་འགྲོ་བའ་ིསྐྱབས་གཅིག་པུ།།
སྐུ་ཚེ་བསྐལ་བརྒྱའི་བར་དུ་བརྟན་པ་ཤོག།
ཁྱེའུ་ལྷ་སྲས། (འབུམ་རྨད་དགོན།)
སྐུ་གཟུགས་གསེར་སྦྱངས་ལྷུན་པོར་འོད་འཚེར་བ།།
གསུང་དབྱངས་དབྱར་གྱི་སྦྲང་ཆར་ཆུ་བོ་བཞུར།།
ཐུགས་རྗེས་བསྟན་འགྲོའི་བ་དན་སྲིད་རྩེར་བསྒྲེངས།།
ངེས་དོན་དཔལ་ལྡན་བླ་མ་སྤྱི་བོར་མཆོད།།
མེས་པོ་གཤེན་རབ་སྟོན་པའི་བོན་འཁོར་མཁས།།
རྗེ་གཅིག་མཉམ་མེད་བླ་མའི་འཕྲུལ་སྒྲོན་རྟོགས།།
ཀུན་མཁྱེན་གྲུབ་དབང་ཤར་རྫའི་མཛོད་ལྔའི་གཉེན།།
བོན་བརྒྱ་ཐམས་ཅད་མཁྱེན་པའི་གཟི་འབར་གསལ།།
མི་འགྱུར་གཡུང་དྲུང་བསྟན་པའི་གཙུག་རྒྱན་ལ།།
མི་འཇིགས་མདོ་སྔགས་སེམས་གསུམ་ལུས་མེད་རྫོགས།།
མི་མཆོག་མཛད་པའི་འཕྲིན་ལས་རབ་རྒྱས་ནས།།
མི་ནུབ་བསྐལ་བའི་བར་དུ་མགོན་སྐྱབས་མཛོད།།
ཤར-རང་རྐྱང་པ། (སྡེ་དགེ)
གཤེན་བསྟན་གསལ་བའི་སྒྲོན་མེ་འབར་བ་པོ།།
ལུང་རྟོགས་ཟུང་འབྲེལ་གཟིགས་སྐྱོང་མཛད་པ་པོ།།
མདོ་སྔགས་རྫོགས་གསུམ་གཏེར་སྒོ་འབྱེད་པ་པོ།།
སྨྲ་སེང་རྣམ་རོལ་བོན་བརྒྱ་བ་ཁྱེད་བསྟོད།།
ཁྱེད་སྐུ་མཛེས་པའི་དཔག་བསམ་མངོན་པར་བཀྲ།།
ཁྱེད་གསུང་འཇམ་པོས་ལུས་ཅན་རྨོངས་པ་སེལ།།
ཁྱེད་ཐུགས་བསྐྱེད་པའི་རྟོགས་པ་ཡོངས་སུ་རྫོགས།།
ཁྱེད་ཀྱི་མཛད་འཕྲིན་གོ་ལའི་ཕ་མཐར་བརྒལ།།
འཆད་པ་རྒྱ་མཚོའི་རླབས་དཀར་མཁའ་ལ་འཕྱོ།།
རྩོད་པའི་ངར་སྐད་སྲིད་གསུམ་ཁམས་ལ་ལྡིར།།
རྩོམ་པའི་གཞུང་ཆེན་སྤྲིན་དཔུང་བཞིན་དུ་གཏིབས།
བོན་གྱི་ཀ་ཆེན་རྒྱལ་དབང་བོན་བརྒྱ་བ།།
རྨེའུ་ཚ་གནམ་སྲས། (ཐར་བདེ་དགོན།)
མདོ་སྔགས་གཞུང་ལུགས་བོན༵་ལ་སྤྱན་བརྒྱ༵་ཡང་།།
དགེ༵་བཤེས་འབུམ་ཕྲག་དབུས་ན་ཁྱེད་ཉིད་ལེག༵ས།།
ལྷུ༵ན་གྲུ༵བ་རིག་པའི་གཞུང་ཆེན་མངོན་མཁྱེན་པ།།
མཁས་མང་རྒྱ༵་མཚོ༵འི་དབུས་ནས་ཁྱེད་ལ་བསྔགས།།
མདོ་སྨད་སྨྲ་སེང་རྣམ་གསུམ་ཡ་གྱལ་བ།།
དུས་ཀྱི་ཁུགས་སོ་འདི་ཡི་མཁས་དབང་པ།།
མདོ་སྨད་བསྟན་པའི་མངའ་བདག་བོན་བརྒྱ་བ།།
སྒོ་གསུམ་གུས་པ་ཆེན་པོས་ལན་བརྒྱར་བསྟོད།།
རིས་མེད་གྲུབ་མཐའ་ཀུན་ལ་སྤྱན་དཀྱུས་ཡང་།།
ཞང་བོད་བོན་ལ་ཐུགས་རྒྱུད་རབ་བྱང་བའི།།
མདོ་སྨད་རེབ་གོང་གསེར་ལྗོངས་ཞིང་ཁམས་ན།།
གསེར་སྐུ་མི་འགྱུར་ཁྲི་ལོར་རྟག་བརྟན་ཤོག།
རྩེ་འོད་སྣང་། (བསང་ཆུ།)
བྱིན་རླབས་གནད་ཀྱི་ཚན་ཁ་རབ་ཏུ་སྟུག།
ཡང་དག་བསྟན་ལ་ལྷག་བསམ་རྣམ་པར་དག།
འཆི་མེད་ཚེ་ཡི་རང་དབང་རྒྱལ་ས་ཟིན།།
བོན་བརྒྱ་ཐམས་ཅད་མཁྱེན་པ་ཕྱག་གི་ཡུལ།།
བོན་ལ་མཁས་པ་བྱང་གི་བོན་བརྒྱ་བ།།
ཐབས་ལ་མཁས་པ་གསེར་ལྗོངས་དཔྱོད་ཤེས་ཅན།།
གང་ལ་མཁས་པ་ཐབས་ཀྱི་མངའ་བདག་པོ།།
དོན་དུ་བསམ་ན་སྐྱེས་ཆེན་ཁྱེད་ལས་སུ།།
སྐུ་མཆོག་འགྱུར་བ་མེད་པའི་ཚེ་གཡང་དང་།།
གསུང་མཆོག་འགག་པ་མེད་པའི་རེ་སྨོན་དང་།།
ཐུགས་མཆོག་ནམ་མཁར་ཁྱབ་པའི་སྨོན་འདུན་སོགས།།
སྨོན་ལམ་རྣམ་དག་ཅིག་གི་རེ་འབྲས་ཡིན།།
ཁྲོ་ཚུལ་ཁྲིམས་བློ་གྲོས། (སྡེ་དགེ་རྫོང་།)
རྒྱལ་ཀུན་མཁྱེན་བརྩེའི་ནུས་སྟོབས་གཅིག་བསྡུས་པ།།
གསང་གསུམ་ལྷ་ལམ་ཡངས་པའི་མཐའ་དང་མཉམ།།
མཁྱེན་པའི་ཡེ་ཤེས་འགྲོ་ལ་བརྩེ་གཟིགས་ཅན།།
སྙིགས་དུས་བསྟན་འགྲོའི་བླ་མའི་སྐུ་ཚེ་བརྟན།།
བསྟན་པའི་མངའ་བདག་བླ་མ་ཐུགས་རྗེ་ཅན།།
མཁས་མང་ཡོངས་ཀྱི་གཙུག་ན་མངོན་པར་མཛེས།།
སངས་རྒྱས་དགོངས་བཅུད་ཟབ་མོས་མཛད་བཟང་ཅན།།
སྐྱབས་གཅིག་ཡབ་རྗེ་བླ་མའི་སྐུ་ཚེ་བརྟན།།
བྱིན་རླབས་ཆར་བཞིན་འབབ་པའི་བོན་བརྒྱ་བ།།
གདུལ་བྱའི་བསོད་ནམས་ལས་ཀྱི་ལྷ་སྐལ་ཡིན།།
མ་གྱུར་རིས་མེད་འགྲོ་བའི་སྐྱབས་གཅིག་པུ།།
སྐུ་ཚེ་བསྐལ་བརྒྱའི་བར་དུ་བརྟན་པ་ཤོག།
ཁྲོ•གཙུག་རྒྱན་ཉི་མ། (ཁྲོ་ཚང་།)
ཁྲ་ཆེམ་སྐུ་ཡི་མཛེས་པ་བལྟ་ན་སྡུག།
སྙན་འཇེབས་གསུང་གི་གླེགས་བམ་བྲག་རི་བརྩེགས།།
རླབས་ཆེན་ཐུགས་ཀྱི་མཛད་འཕྲིན་མུ་མེད་པ།།
མཁས་པའི་ཡང་རྩེ་བོན་བརྒྱ་བ་ལ་གུས།།
གཤེན་རབ་བསྟན་ནས་དབུ་ཡི་སྐྲ་ལོ་དཀར།།
སློབ་ཚོགས་གསེབ་ནས་དགུང་གྲངས་གྱ་བཞིར་སོན།།
བདེར་གཤེགས་སྟོང་གི་མཚན་དཔེའི་ལང་ཚོ་ཅན།།
མགོན་གྱི་ཡང་རྩེ་བོན་བརྒྱ་བ་ལ་བསྟོད།།
མཐའ་བཞི་བསྐྱངས་པའི་བདེན་པའི་རི་མོ་བཀྲ།།
འཁོར་འདས་སྟོན་པའི་ལེགས་བཤད་རྔ་ཆེན་ཐོགས།།
བསྟན་དང་འགྲོ་བའི་གཙུག་གི་བོན་བརྒྱ་བ།།
གདོང་ལྔ་ཅན་གྱི་ཁྲི་ལ་ཁྲི་ལོར་ཤོག།
ཕུན་ཚོགས་སྙན་གྲགས། (བོན་བརྒྱ་དགོན།)
དགེ་ལེགས་བྱེ་བས་བསྐྲུན་པའི་ཉི་མ་གཞོན།།
ལྷུན་གྲུབ་གསུང་གིས་ལེགས་བཤད་གཟི་འོད་སྤྲོ།།
རྒྱ་མཚོའི་ཐུགས་ལས་བོན་གྱི་གཏེར་མཛོད་འཁྲུངས།།
སྨྲ་བའི་སེང་ཆེན་བོན་བརྒྱ་བླ་མར་འདུད།།
བློ་གྲོས་འདབ་བརྒྱ་ཕྱེ་ནས་ངོམ་པའི་ཚེ།།
བློ་གསལ་གཞོན་ནུ་བུང་བའི་ཚོགས་བཞིན་བསྡུས།།
བསྐལ་བཟང་འགྲོ་ལ་ལེགས་པའི་དཔལ་སྟེར་བའི།།
ནོར་བུ་བསམ་འཕེལ་ཡིད་བཞིན་དབང་གི་རྒྱལ།།
སྐྱབས་རྗེ་འཁོར་ལོ་མགོན་པོ་གང་གི་ཞབས།།
འགྲོ་བ་ཀུན་དང་བཅས་ཏེ་སྐྱབས་སོང་ན།།
གསང་གསུམ་མི་འགྱུར་གཡུང་དྲུང་རབ་བརྟན་ཅིང་།།
མཛད་པའི་འཕྲིན་ལས་མཐའ་རུ་རྒྱས་གྱུར་ཅིག།
སྡེ་དགེ་བསྟན་འཛིན་རྒྱལ་མཚན། (སྡེ་དགེ།)
ཀྱེ་ཀྱེ་སྨྲ་སེང་མི་ཡི་རྣམ་རོལ་བོ༵ན་བ༵རྒྱ་བ།།
རླབས་ཆེན་མཛད་འཕྲིན་གོ་ལའི་ཁྱོན་ནས་དགེ༵་ལེག༵ས་སྨིན།།
མ་ལུས་ཡོངས་རྫོགས་བྱང་ཆུབ་མངའ་བདག་ལྷུ༵ན་གྲུ༵བ་པ།།
ཨེ་མ་བོན་བརྒྱ་ཐམས་ཅད་མཁྱེན་གཟིགས་རྒྱ༵་མཚོ༵འི་མཚན།།
བོ༵ན་བརྒྱ༵་རིག་པའི་དབང་ཕྱུག་རེབ་གོང་ཡུལ་དུ་འཁྲུངས།།
དགེ༵་ལེག༵ས་རིས་མེད་འགྲོ་ལ་སྩོལ་མཛད་མི་ཡིས་བསྔགས།།
ལྷུ༵ན་གྲུ༵བ་ཀ་དག་དབྱིངས་ལས་མ་གཡོས་གཉུག་མའི་གཤིས།།
རྒྱ༵་མཚོ༵་མ་བསྐམ་འགྱུར་མེད་ཁྲི་ལ་རྟག་བརྟན་གསོལ།།
བོན་བརྒྱ་བླ་མ་རེབ་གོང་ཡུལ་དུ་འཁྲུངས་ན་ཡང་།།
མཛད་པ་ཕྲིན་ལས་གོ་ལའི་ཕྱོགས་མཐའ་ཀུན་ནས་འབར།།
ཚིགས་བཅད་འདི་གསུམ་དགེ་བའི་སྐལ་དུ་རང་འབར་དེས།།
རྒྱ་ནག་ཁྲིན་ཏུའུ་གྲོང་ནས་བཞུགས་སུ་གསོལ་བར་སྨོན།།
མགར་ཚུལ་རྒྱལ། (རྫ་སྟེང་ཆེན་དགོན།)
སྲིད་གསུམ་འགྲོ་བའི་བླ་མ་བོན་བརྒྱ་བས།།
སྨིན་གྲོལ་རྒྱལ་བསྟན་འཛིན་པའི་དགེ་ལེགས་དཔལ།།
ངོ་མཚར་སྟོང་གིས་རང་བཞིན་ལྷུན་གྲུབ་པས།།
བཀའ་དྲིན་གཞལ་མེད་གཏིང་མཐའ་རྒྱ་མཚོ་ལྟར།།
འཆད་པས་བུ་སློབ་སྐལ་ལྡན་ཐར་ལམ་དཀྲིས།།
རྩོད་པས་ལུང་རིགས་སྨྲ་བས་ལོག་རྟོག་འཇོམས།།
རྩོམ་པས་བློ་ལྡན་རྗེས་འཇུག་ངལ་བར་སེལ།།
དད་འདུན་རིག་པའི་རྐང་བ་སེམས་ལ་འཁྱིལ།།
མཐོང་གྲོལ་སྐུ་ཡི་དཀྱིལ་འཁོར་གཙུག་ན་འབར།།
ཐོས་གྲོལ་གསུང་གི་བདུད་རྩི་འགྲོ་ལ་སྦྱིན།།
དྲན་གྲོལ་ཐུགས་ཀྱི་བྱིན་རླབས་གནད་སྨིན་པས།།
རྩ་གཅིག་བླ་མའི་སྐུ་ཚེ་རྟག་བརྟན་ཤོག།
མགར་རབ་རྒྱས། (སྟེང་ཆེན་རྫོང་།)
དགེ༵་ཚོགས་གངས་རི་བཞིན་དུ་དཀར་ཞིང་གཙང་།།
ལེག༵ས་བཤད་སྦྲང་ཆར་བཞིན་དུ་ཤག་ཤག་འཇོ།།
གངས་སུལ་ཏི་སེའི་མགུལ་གྱི་ཁྱུང་ཆེན་ཁྱེད།།
སྐུ་ཚེ་ལྷུན་པོ་བཞིན་དུ་བརྟན་པར་ཤོག།
མཁྱེན་པ་སྒྲོན་མེ་འདྲ་དེ་འབར་བཞིན་ཡོད།།
མཛད་འཕྲིན་ཟླ་འོད་འདྲ་དེ་འཕྲོས་བཞིན་མཆིས།།
ཞལ་ལུང་འདི་ཕྱི་གསལ་བའི་གདམས་ངག་སྟོང་།།
གང་ཐུགས་གཡོ་མེད་ཀློང་ན་ལྷུ༵ན་གྲུ༵བ་ཡིན།།
གཏིང་ཟབ་རྒྱ༵་མཚོ༵་འདྲ་བའི་ཤེས་བྱའི་མཚོར།།
འཁྱུགས་རྩལ་གསེར་ཉའི་གཤོག་པ་རྐྱོང་བཞིན་དུ།།
བཟང་ལོ་བརྒྱ་ཁ་གང་བའི་ཤིས་སྨོན་དུ།།
མྱི་ཡན་རྩོམ་དུངས་ཕྲན་གྱིས་དད་པས་བཏེགས།།
ཁྲག་དྲོན། (ལྷ་རི་རྫོང་།)
དངོས་སྣང་མཚན་མ་བྲལ་བ་བོན་གྱི་སྐུ།།
འགག་མེད་ལྷུན་གྲུབ་རང་གསལ་རྫོགས་པའི་སྐུ།།
འགྱུར་མེད་ལྷ་ནས་མི་ལ་སྤྲུལ་པའི་སྐུ།།
སྐྱབས་གནས་བོན་བརྒྱ་བ་ཁྱེད་གུས་པས་འབུལ།།
ཤེས་བྱའི་མེ་ཏོག་ཚང་ཚིང་དཀྲིགས་པའི་དབུས།།
རབ་འབྱམས་གཞུང་བརྒྱ་སྨྲ་བའི་སེང་སྐད་ཅན།།
བསྟན་པའི་བདག་ཉིད་བོན་བརྒྱ་རིན་པོ་ཆེ།།
སྐུ་ཚེ་ཁྲི་ལོར་བརྟན་པའི་སྨོན་ལམ་འདེབས།།
བསིལ་ལྡན་ཁ་བའི་ལྗོངས་ཀྱི་ཞིང་ཁམས་སུ།།
འཕྲུལ་ངག་ལྡན་པའི་བོན་གྱི་བཀའ་འཁོར་བསྐོར།།
བརྩེ་ཆེན་སྙིང་རྗེས་འགྲོ་ཀུན་འདྲེན་མཛད་པོ།།
བཟོད་པར་གསོལ་འདེབས་བདག་སོགས་བརྩེ་བས་ཟུངས།།
གངས་བུ་ཚེ་རིང་། (རེབ་གོང་།)
དགེ་བའི་ལེགས་ཚོགས་མ་ལུས་ལྷུན་གྲུབ་པ།།
འགྲོ་བ་རྒྱ་མཚོ་ཐར་ལམ་སྟོན་མཛད་མཁན།།
མཆོག་སྤྲུལ་བོན་བརྒྱ་མཁས་གྲུབ་རིན་པོ་ཆེར།།
མི་ཕྱེད་དད་པའི་སྒོ་གསུམ་གུས་པས་འདུད།།
ད་ལྟ་སྙིགས་མ་ལྔ་བདོའི་དུས་རབས་འདིར།།
འདྲེན་མཆོག་ཁྱེད་ཉིད་ཁྲི་གདུགས་ཉི་མ་བཞིན།།
འགྲོ་ཁམས་མུན་པ་སེལ་བར་བཞུགས་ལེགས་ན།།
ལག་ཟུང་ཐལ་མོ་བྲང་ཁར་ཅིས་མི་སྦྱོར།།
དེའི་ཕྱིར་མགོན་པོའི་སྐུ་ཚེ་འཕྲིན་ལས་ལ།།
གནོད་བྱེད་རྐྱེན་བགེགས་མིང་ཙམ་མི་འབྱུང་བ།།
ལྷ་དང་སྲུང་མར་སྐྱབས་འཇུག་ཡང་ཡང་ཞུ།།
ཞབས་པད་བསྐལ་བརྒྱའི་བར་དུ་རྟག་བརྟན་ཤོག།
བསོད་ནམས་ལྷུན་གྲུབ། (རྩེ་དབུས།)
སྐུ་ཞི་དུལ་ཡོན་ཏན་ཀུན་འཛོམས་བྱམས་སྙིང་རྗེ་མཁའ་མཐའི་འོད་སྟོང་།།
གསུང་གདམ་ངག་བདུད་རྩི་རང་འཁྱིལ་རྒྱུད་ཤེས་བྱ་ནོར་གྱི་བང་མཛོད།།
ཐུགས་རིས་མེད་བརྩེ་བ་རླབས་ཆེན་མ་འགྲོ་དྲུག་འདྲེན་པའི་དེད་དཔོན།།
རྗེ་བོན་བརྒྱ་ཐམས་ཅད་མཁྱེན་པ་སྐུ་ཁྲི་ལོར་བརྟན་པའི་སྨོན་ལམ།།
མགོན་བླ་མའི་སྐུ་ཚེ་རྒྱལ་མཚན་དུས་བསྐལ་བའི་བར་དུ་བཞུགས་དགོས།།
དམའ་ཉམ་ཐག་སེམས་ཅན་ཡོངས་ལ་བཀའ་དབང་ལུང་ཆར་ཆེན་འཇོ་རོགས།།
གནས་བོན་བརྒྱ་སྨིན་གྱི་རི་ནས་སྐུ་ཉི་མའི་འོད་མདངས་འཛུམས་ཏེ།།
གསུང་བུ་སློབ་སྐར་མའི་ཚོགས་ལ་ལམ་ལེགས་ཉེས་བླང་དོར་སྩོལད་ཅིག།
མཚན་སྙན་གྲགས་སྲིད་ན་ལྡིར་བའི་སྐྱབས་བསླུ་མེད་ཡིད་བཞིན་ནོར་བུ།།
ཕྱོགས་ཀུན་ལ་བོན་སྒྲ་སྒྲོགས་པས་རྗེ་རྒྱལ་བའི་རྒྱལ་ཚབ་དམ་པ།།
ཡུལ་མུན་པར་སྒྲོན་མེ་སྩོལ་མཁན་འགྲོའི་སེམས་ཀྱི་འདྲེན་པ་ལྷ་སྲས།།
ལག་སོར་མོའི་ཐལ་མོ་སྦྱར་དེ་སེམས་རྩེ་གཅིག་གསོལ་བ་བཏབ་ཡོད།།
གཡུང་དྲུང་ཚེ་རིང་། (བོན་བརྒྱ།)
རིག་སྟོང་དགེ༷་ལེག༷ས་སྨྲ་སེང་མཁྱེན་རྩལ་རྫོགས།།
ལུང་རྟོགས་བོན་མཛོད་ལྷུ༷ན་གྲུ༷བ་མངའ་བདག་ཆེ།།
སྔགས་རྫོགས་རྒྱ༷་མཚོ༷་ཀློང་ནས་གཏེར་རྒྱ་གྲོལ།།
དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས།།
མཁྱེན་པ་ཕུད་ཕྱིན་མདོ་སྔགས་དར་ཆེན་འཕྱར།།
བརྩེ་ཆེན་སྙིང་རྗེ་ཟབ་དོན་མངོན་དུ་རྟོགས།།
ནུས་པའི་སྟོབས་ཀྱིས་སོག་ཁར་མངའ་དབང་བསྒྱུར།།
སྐུ་ཡི་སྙན་གྲགས་དོར་ནས་བདེན་དོན་མཛད།།
བདེན་གཉིས་དོ་མཉམ་མངའ་དབང་བསྒྱུར་མཛད་མགོན།།
ཡེ་གྲོལ་ཕྱོགས་འབྱམས་ཆེན་པོར་གཏན་ལ་ཕབ།།
བཞི་རྫོགས་བཀའ་དྲིན་ཅན་ལ་སྙིང་ནས་འདུད།།
དུས་གསུམ་མཉམ་ཉིད་ཀློང་དུ་བརྟན་བཞུགས་མཛོད།།
སོག་གསེར་ཐིག (སྦྲ་ཆེན།)
གངས་ཅན་མཁས་པའི་འགྲན་བྲལ་བོ༷ན་བ༷རྒྱ་བ།
རབ་འབྱམས་སྨྲ་བའི་དབང་པོ་མི་ཡི་རྗེ།།
ཟབ་ལམ་མཁྱེན་བརྩེའི་མངའ་བདག་བོན་གྱི་མཛོད།།
ངེས་དོན་བླ་མ་མཆོག་ལ་རབ་བསྟོད་དོ།།
སྐུ་མཆོག་མི་འགྱུར་གཡུང་དྲུང་ལྷུན་པོའི་རྩེར།།
གསུང་མཆོག་གདོང་ལྔའི་གད་རྒྱང་ལྷང་ལྷང་སྒྲོགས།།
ཐུགས་མཆོག་སྐྱེ་རྒུའི་རྨོངས་གཉིད་རབ་དཀྲོགས་ཏེ།།
མཆོག་གསུམ་དགེ༷་ལེག༷ས་འབུམ་གྱི་ཉི་མ་ཤར།།
མཐར་ཐུག་བསྟན་འགྲོའི་དོན་ཆེན་མ་རྫོགས་བར།།
ཀ་དག་ལྷུན༷་གྲུབ༷་ཆེན་པོའི་དགོངས་གཞི་ལས།།
འགྲོ་དོན་བརྒྱ་ཆེར་མུ༷་མེད༷་མཐའ་མཉམ་ཞིང་།།
སྐུ་ཚེ་གེགས་མེད་བསྐལ་བརྒྱར་རྟག་བརྟན་ཤོག།
ཟླ་མེ་ལྕེ། (སྡེ་དགེ)
འཛམ་གླིང་མུན་པ་སེལ་བ་སྲིད་པའི་སྒྲོན།།
ནུབ་པ་མེད་པའི་འོད་ཟེར་ཕྱོགས་ཀུན་འཕྲོས།།
རྒྱལ་སྲས་མཆོག་གྱུར་བོན་གྱི་སྲོག་ཤིང་མཆོག།
སྐུ་གསུང་ཐུགས་མཆོག་ཉམས་མེད་གནས་པར་སྨོན།།
ལྔ་སྙིགས་འགྲོ་བའི་མགོན་པོ་བོན་བརྒྱ་བ།།
མཚན་བཟང་དཔེ་བྱད་རི་རྒྱལ་བཞིན་དུ་བརྟན།།
མཛད་འཕྲིན་རྒྱས་ཞིང་རྐྱེན་ངན་མི་འབྱུང་བའི།།
ཡེ་ཤེས་བསྟན་སྲུང་ཚོགས་ཀྱིས་ཤིས་པ་སྩོལ།།
བོན་བསྟན་སྲོག་ལྟར་གཅེས་པའི་ལྷ་དཀར་པོ།།
སྨྲ་སེང་རྩེ་མོའི་ཡ་གྱལ་ཐམས་ཅད་མཁྱེན།།
བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་མཆོག།
སྐུ་ཚེ་བསྐལ་བརྒྱར་བརྟན་པའི་སྨོན་ལམ་འདེབས།།
ཚེ་རིང་བརྟན། (བསང་ཆུ།)
བོན༵་སྤྱི་འདུས་པ་རྒྱ་མཚོའི་ཀློང་ཡངས་ནས།།
བརྒྱ༵་ཕྲག་བྱེ་བའི་ཚོགས་ཀྱི་མགོན་གཅིག་པུ།།
དགེ༵་ལྡན་གངས་ཅན་ལྗོངས་ཀྱི་ལྟེ་བ་རུ།།
ལེག༵ས་བཤད་གཏེར་གྱི་བང་མཛོད་ཁྱོད་ཀྱིས་བསྐྱིལ།།
ལྷུན་པོ་གངས་རིའི་ས་འཛིན་རྩེ་མོ་ནས།།
གྲུ༵བ་བརྒྱའི་དབུས་སུ་ལུང་རིགས་ཆེར་སྒྲོགས་ཤིང་།།
རྒྱ༵་ཆེན་གཞུང་ལུགས་གཞན་དྲིང་མི་འཇོག་པས།།
མཚོ༵་སྔོན་ཕྱོགས་ནས་སྙན་པ་བོད་ལ་ཁྱབ།།
ཞབས༵་ཟུང་འཁོར་ལོའི་ཐུགས་ཀྱི་དཀྱིལ་འཁོར་ལས།།
བརྟན༵་བརླིང་སྐུ་ཡི་མཛད་པའི་འཕྲིན་ལས་ཀུན།།
ཤིས༵་བརྗོད་ངག་གི་མགྲིན་པ་རབ་ཡངས་ནས།།
སྨོན༵་ལམ་གཙང་མའི་མགྲིན་པའི་གཟེངས་སུ་གྱེར།།
སོ་ནག་ཡི་དམ་སྐྱབས། (རྩེ་ཁོག)
བོ༵ན་གྱི་བསྟན་པ་ཐུགས་རྒྱང་རིང་བོར་འཛིན།།
བརྒྱ༵་ཕྲག་གཞུང་ལ་དཔྱོད་ཤེས་ཡངས་པོས་འཇུག།
དགེ༵་བའི་ལས་ཀྱིས་སྐུ་ཚེའི་རྒྱལ་མཚན་བསྲིངས།།
ལེག༵ས་འབྱུང་ཡོན་ཏན་འགྲན་ཟླ་བྲལ་ལ་འདུད།།
ལྷུ༵ན་པོའི་ཚུལ་བཞིན་ཐུགས་རྒྱུད་རབ་ཏུ་བརྟན།།
གྲུ༵བ་མཐའ་རིས་མེད་དག་སྣང་འབྱམས་སུ་ཀླས།།
རྒྱ༵་ཆེན་དགོངས་པས་འགྲོ་བའི་དོན་གཟིགས་ནས།།
མཚོ༵་སྐྱེས་ཉ་གང་ཟླ་བཞིན་བཞུགས་འདི་རྨད།།
གངས་དཀར་ཏེ་སེ་གོ་ལ་ཟླུམ་པོའི་མཆོག།
གཡུང་དྲུང་བོན་ནི་སངས་རྒྱས་བསྟན་པའི་མཆོག།
གྲུབ་དབང་བོན་བརྒྱ་འཛམ་གླིང་མཁས་པའི་མཆོག།
མཆོག་གསུམ་བསྐལ་བརྒྱའི་བར་དུ་བརྟན་གྱུར་ཅིག།།
ཕྱྭ་སྲས་ཕོ་ཉ། (སྡེ་དགེ)
བོན་ཉིད་ཁྱབ་གདལ་ཆེན་པོ་ཀློང་ཡངས་ནས།།
རྒྱལ་བའི་རྣམ་རོལ་བསྟན་པའི་དཔུང་མཛད་ཅིང་།།
དགེ་ལེགས་ངག་གི་དཔལ་ལ་དབང་འབྱོར་བའི།།
སྐྱབས་མཆོག་ལྷུན་གྲུབ་རྒྱ་མཚོ་མངོན་པར་བསྟོད།།
མཁྱེན་དཔྱོད་ཡངས་པའི་མཁའ་ལ་རིག་གཞུང་ཚོགས།།
ཆུ་འཛིན་འཁྲིགས་པའི་རྦ་རླབས་གཡོ་བ་ཡིས།།
རྨོངས་རྟུལ་ཝ་སྐྱེས་ཀུན་ཀྱི་ཀླད་འགེམས་ཤིང་།།
སྐལ་ལྡན་བློ་གསལ་ཅན་རྣམས་ངེས་ཤེས་འདྲེན།།
མངའ་བའི་ཤེས་བྱའི་གཏེར་ལ་འཛད་མེད་པའི།།
གསང་བའི་བདག་པོ་བོན་བརྒྱ་རིན་པོ་ཆེ།།
ཁྱེད་སྐུ་མཚན་དཔེ་ཉི་འོད་བཞིན་ཁྱབ་ནས།།
སྐུ་ཚེ་མཐའ་མེད་རྟག་བརྟན་བཞུགས་ཤིག་ཀྱེ།།
གངས་བུ་ཚེ་རིང་། (བོན་བརྒྱ།)
དགེ་བའི་ལེགས་ཚོགས་མ་ལུས་ལྷུན་གྲུབ་པ།།
འགྲོ་བ་རྒྱ་མཚོ་ཐར་ལམ་སྟོན་མཛད་མཁན།།
མཆོག་སྤྲུལ་བོན་བརྒྱ་མཁས་གྲུབ་རིན་པོ་ཆེར།།
མི་ཕྱེད་དད་པའི་སྒོ་གསུམ་གུས་པས་འདུད།།
ད་ལྟ་སྙིགས་མ་ལྔ་བདོའི་དུས་རབས་འདིར།།
འདྲེན་མཆོག་ཁྱེད་ཉིད་ཁྲི་གདུགས་ཉི་མ་བཞིན།།
འགྲོ་ཁམས་མུན་པ་སེལ་བར་བཞུགས་ལེགས་ན།།
ལག་ཟུང་ཐལ་མོ་བྲང་ཁར་ཅིས་མི་སྦྱོར།།
དེའི་ཕྱིར་མགོན་པོའི་སྐུ་ཚེ་འཕྲིན་ལས་ལ།།
གནོད་བྱེད་རྐྱེན་བགེགས་མིང་ཙམ་མི་འབྱུང་བར།།
ལྷ་དང་སྲུང་མར་སྐྱབས་འཇུག་ཡང་ཡང་ཞུ།།
སྐུ་ཚེ་བསྐལ་བརྒྱའི་བར་དུ་རྟག་བརྟན་ཤོག།
ལུང་རྟོགས་དཔལ་ལྡན། (རྩེ་ཁོག)
དགེ་འདུན་ཀུན་གྱི་གཙུག་གི་ནོར་བུ་མཆོག།
ལེགས་བཤད་དུ་མ་བརྩམས་པ་མཁས་པའི་རྒྱན།།
ལྷུན་པོ་འདྲ་བའི་སེམས་མཆོག་བསྐྱེད་པའི་མགོན།།
གྲུབ་ཐོབ་ཚེ་དབང་རིག་འཛིན་དངོས་བྱོན་སྐུ།།
རྒྱ་ཆེ་གཏིང་ཟབ་རིག་གཞུང་སྤྱན་དཀྱུས་ཡངས།།
མཚོ་སྔོན་བྱང་ཕྱོགས་དགོན་གྱི་བོན་བརྒྱ་བ།།
བཀའ་དྲིན་བཞི་རྫོགས་རྩ་བའི་བླ་མ་ཁྱེད།།
སྐུ་ཚེ་བསྐལ་བརྒྱའི་བར་དུ་རྟག་བརྟན་ཞིང་།།
དུས་ངན་སྙིགས་མ་འདི་ཡི་འགྲོ་བ་རྣམས།།
རྩ་བའི་བླ་མའི་ཐུགས་རྗེས་བྱིན་བརླབས་ཀྱིས།།
མ་རིག་འཁོར་བའི་གནས་ནས་གྲོལ་བ་དང་།།
མཐར་ཐུག་རྫོགས་སངས་རྒྱས་པའི་སྨོན་ལམ་འདེབས།།
སྟོད་ཀྱི་མི་བོ། (མང་རྫོང་།)
ཏིང་འཛིན་དབྱིངས་ཀྱི་ཡིད་བཞིན་ཉིད།།
ཁྱུང་ལུང་དབུས་སུ་དུས་ཀུན་བཞུགས།།
སྐྱེ་མེད་ཡེ་གཤེན་ཡེ་ཤེས་རྗེ།།
བོན་པོའི་སྟོན་མཆོག་དཔོན་སློབ་མགོན།།
༼དབྱངས་བཞིར་ངེས་པ།༽
དགེ་ལེགས་ཀུན་འཛོམས་ཉིན་བཟང་ཆར།།
ཅི་པར་ལྷུན་གྲུབ་གཙུག་ཏུ་བཞེངས།།
ཐུགས་ཡིད་ཤེས་བྱ་རྒྱ་མཚོའི་འཇིངས།།
ཨ་རྫོགས་ཕ་མཐའ་ཝ་ལེར་མཁྱེན།།
༼བླ་མའི་མཚན་བཟང་དང་གསལ་བཤད་སུམ་ཅུ་ཚང་བའི་ཚིགས་བཅད།༽
ཨ་དཀར་གསལ་བ་རང་འབར་ཅན།།
ཨ་ཕ་དང་འདྲ་བྱམས་པ་ལྡན།།
ཨ་མ་དང་འདྲ་གཞན་ཕན་མངའ།།
ཨ་ལགས་ཞབས་པད་རྟག་པར་བརྟན།།
༼དབྱངས་ཨ་ངེས་པ།༽
ཀ་ཙི་བ་འོད་ཟེར་རྒྱལ་མཚན། (མདའ་ཆེན་དཀར་མོ་རི་ཁྲོད།)
མཚན་ལྡན་སྐྱབས་གཅིག་འགྲོ་མགོན་བོན་བརྒྱ་བ།།
གྲུབ་མཐའ་ཞིག་གི་སྐྱབས་གནས་དམ་པ་ཁྱོད།།
འགྲོ་བ་སེམས་ཅན་འདྲེན་པའི་སྤྱི་དཔལ་དུ།།
ཞབས་པད་བསྐལ་བརྒྱའི་བར་དུ་བརྟན་བཞུགས་ཤོག།
རིག་པའི་གནས་ལྔ་རྫོགས་པའི་བདག་ཉིད་བཞུགས།།
དགོན་སྡེའི་བསྟན་པ་སྤེལ་བའི་བླ་མ་ཉིད།།
ཁྱེད་ཉིད་འཛམ་གླིང་འདི་རུ་བྱོན་པ་ལས།།
བྱང་བརྒྱུད་བསྟན་པའི་བདག་པོ་ཉིད་དུ་ལྟར།།
བར་སྣང་ཁམས་ཀྱི་རྟ་བདུན་དབང་པོ་ཁྱེད།།
བོན་འབངས་ཡོངས་ལ་མཛད་རྗེས་འདི་འདྲ་བཞག།
རིག་པའི་བང་མཛོད་ཆེན་མོ་བོན་བརྒྱ་བ།།
སྐུ་ཚེ་བསྐལ་བརྒྱར་བརྟན་པའི་སྨོན་ལམ་འདེབས།།
གཡུང་དྲུང་ཚེ་རིང་། (ཟི་ཁྲོན།)
སྐྱེ་མེད་བོན་སྐུའི་ངོ་བོ་ལྷུན་གྲུབ་པ།།
དགེ་ལེགས་ཡོན་ཏན་ཕྲག་བརྒྱ་འབྱུང་བའི་གནས།།
ཞང་བོད་ལོ་པཎ་གཙུག་གི་རྒྱན་གྱུར་བ།།
ཡབ་རྗེ་བོན་བརྒྱ་བླ་མར་བདག་སྐྱབས་མཆི།།
སྣ་ཚོགས་སྒྱུ་མའི་འཕྲུལ་གྱི་སྣང་ངོ་རུ།།
གསང་སྔགས་རིག་བརྒྱའི་ཐོག་སེར་རབ་གཏོར་ནས།།
ཕན་བདེ་བྱིན་རླབས་འོད་ཀྱི་སྣང་བ་ཡིས།།
འཛིན་མའི་ཁྱོན་ཀུན་འགེངས་བས་དཔལ་འདི་རྨད།།
སྡུག་བསྔལ་མཚོ་མོའི་འཇིངས་ན་བྱིང་བ་ཡི།།
མ་གྱུར་འགྲོ་བ་ཐུགས་རྗེ་ལྕགས་ཀྱུ་ཡིས།།
བདེ་ཆེན་ཐར་བའི་ལམ་སྣ་དཀྲིད་དྲངས་བ།།
མགོན་གྱི་བཀའ་དྲིན་ཁྲི་གདུགས་ཉི་མའི་ཟླ།།
བདག་ཅག་མ་རིག་འཁྲུལ་བའི་དབང་གྱུར་བ།།
ཁྱབ་བརྡལ་གདོན་མའི་ས་རུ་བཀོད་པའི་སླད།།
མི་འཇིགས་གདོང་ལྔའི་རྒྱན་སྤྲས་གསེར་ཁྲིའི་སྟེང་།།
བསྐལ་བ་ཕྲག་བརྒྱར་བཞུགས་པར་དད་ཕྱག་བརྩེགས།།
རྨེའུ་དྲི་ཟ། (སྡེ་དགེ)
སྐུ་ཡི་མཚན་བཟང་མདོ་སྨད་ཡུལ་དུ་བཞད།།
གསུང་གི་མན་ངག་རིས་མེད་ཡོངས་ལ་སྦྱིན།།
ཐུགས་ཀྱི་མཁྱེན་རྟོགས་འགྲོ་དྲུག་ཀུན་གསལ་བའི།།
རྒྱལ་བའི་སྲས་མཆོག་རྒྱལ་ཚབ་བོན་བརྒྱ་བ།།
རྣམ་འདྲེན་གཤེན་རབ་མྱྀ་བོའི་ཐུགས་ཀྱི་རྟེན།།
རིག་འཛིན་གོང་མ་རྣམས་ཀྱི་གསུང་གི་མཆེད།།
རྒྱལ་བ་མཉམ་མེད་ཆེན་པོའི་སྐུ་ཡི་ཚབ།།
བོན་བརྒྱ་དགེ་ལེགས་ལྷུན་གྲུབ་བརྒྱ་མཚོ་མཆོག།
འགྲོ་དྲུག་སེམས་ཅན་མ་ལྟར་བྱམས་ཤིང་བརྩེ།།
མཐུན་སྒྲིལ་ཟབ་མོ་ཕྱི་ནང་ཀུན་ལ་སྒྲིལ།།
སྔ་ཕྱི་སྐྱེ་འགྲོ་ཚོགས་ཀྱིས་བློ་བཏད་པ།།
མདོ་སྨད་བྱང་སྟོན་བླ་མའི་སྐུ་ཚེ་བརྟན།།
དར་གྲོང་གཡུང་དྲུང་བཀྲ་ཤིས། (རེབ་གོང་།)
འཆད་པའི་བློ་གྲོས་མཆེ་སྡེར་རབ་རྣོ་ཞིང་།།
རྩོད་པའི་རྣམ་དཔྱོད་མགྲིན་ལམ་ཡོངས་ཕྱེས་པའི།།
རྩོམ་པའི་ལེགས་བཤད་གླིང་བཞི་ཀུན་གསལ་བ།།
མཁས་བརྒྱའི་གཙུག་ནོར་གང་དེའི་ཞབས་པད་བརྟན།།
ཐོས་པའི་ཡོན་ཏན་དགེ་ལེགས་བྱེ་བ་ཡིས།།
བསམ་པའི་བློ་གྲོས་རྩལ་ཀུན་ལྷུན་གྲུབ་ཅིང་།།
སྒོམ་པའི་གྲུབ་པ་རྒྱ་མཚོའི་མཐར་སོན་པའི།།
ཉམས་རྟོགས་རྩེར་སོན་གང་དེའི་ཞབས་པད་བརྟན།།
མཚན་དཔེའི་ཉིན་བྱེད་འོད་སྣང་མཛེས་པའི་སྐུ།།
དབྱངས་ཅན་རྒྱུད་མངས་བོན་སྒྲ་སྒྲོགས་པའི་གསུང་།།
བྱམས་བརྩེའི་པདྨོའི་མཚོ་ཀློང་ཡངས་པའི་ཐུགས།།
དཔལ་ལྡན་བླ་མ་གང་དེའི་ཞབས་པད་བརྟན།།
ཁྱུང་ཚང་འབྲུག་ལྷ། (རེབ་གོང་སྨད་པ་ཁྱུང་བོ།)
དྲུང་མུ་རིས་བཞིན་འགྱུར་མེད་སྐུ་མཆོག་མཆོག་ཏུ་མཛེས་པ་ཁྱེད་ཀྱི་སྐུ།།
དབྱངས་ཅན་ལྷ་མཉམ་འགག་མེད་གསུང་རབ་རབ་ཏུ་སྙན་པ་ཁྱེད་ཀྱི་གསུང་།།
བཀོད་ལེགས་རྟེན་ལྟར་གཡོ་མེད་ཐུགས་དཀར་དཀར་པོ་དྲི་མེད་ཁྱེད་ཀྱི་ཐུགས།།
བོན་བརྒྱ་བླ་མ་རྒྱལ་ཀུན་འདུས་གཙོ་གཙོ་དཔལ་ཁྱེད་ལ་གུས་པས་འདུད།།
མགོ་ལ་རྨོངས་གདུགས་འཁོར་ཞིང་ལོག་སྨྲ་རྫུན་གྱིས་གཏམས་པའི་ལོ་རྒྱུས་ལ།།
དཔེ་བྱད་ཡོན་ཏན་དཔག་མེད་ཤེས་རབ་སྨྲ་བའི་སེང་གེའི་གད་རྒྱངས་ཀྱིས།།
བདེན་པ་བོན་གྱི་དུང་དབྱངས་སྲིད་རྩེར་འབུད་པས་བསྟན་པའི་བདག་ཉིད་ཅན།།
བོན་བརྒྱ་བླ་མ་མཁས་པའི་གཙུག་རྒྱན་མཆོག་གང་སྐུ་ཚེ་བརྟན་བཞུགས་མཛོད།།
དུག་ལྔའི་ཐག་པའི་བཅིངས་ཤིང་འཁོར་བ་མུན་པའི་བཙོན་དོང་གཏིང་རིང་ལ།།
སྐུ་ཡི་བྱིན་གྱིས་ཞགས་པ་རང་གྲོལ་ཐུགས་རྗེ་ལྕགས་ཀྱུའི་རྩལ་གྱིས་འདྲེན།།
འགྲོ་ལ་སྨིན་གྲོལ་ཆར་རྒྱུན་གདུང་སེལ་གྲོགས་སུ་འབེབས་མཛད་སྙིང་རྗེའི་བདག།
བོན་བརྒྱ་བླ་མ་གྲུབ་བརྒྱའི་རྒྱན་གཅིག་འགྲོ་བའི་སྐྱབས་ཁྱེད་བརྟན་བཞུགས་མཛོད།།
ཉིད་ཀྱི་ཡོན་ཏན་བརྗོད་ཀྱིས་མི་ལངས་སྐུ་གསུམ་འདུས་གཙོ་བླ་མ་རྗེ།།
གང་གི་འཕྲིན་ལས་མཛད་མཐའ་མེད་པ་ཁམས་གསུམ་སེམས་ཅན་ཡོངས་ལ་ཁྱབ།།
ཡང་དག་འབྲས་བུའི་བོན་མཆོག་ཚེ་འདིར་འདི་ཞེས་སྩོལ་མཛད་འདྲེན་པའི་དཔལ།།
བོན་བརྒྱ་བླ་མ་མཁས་གྲུབ་རྗེ་ཁྱེད་འགྲོ་དོན་དགོངས་ལ་བརྟན་བཞུགས་མཛོད།།
དར་གྲོང་ཚེ་དབང་རྒྱལ། རེབ་གོང་།
སྐྱོན་མེད་རིགས་ཀྱི་ཆུ་གཏེར་འཇིངས་ལས་འཁྲུངས་བའི་བོན།།
བསོད་ནམས་བརྒྱ་ཡིས་ལྷག་པར་མཐོ་བའི་མི་དབང་དེ།།
དགེ་ལེགས་གསེར་གྱི་ར་བས་ཀུན་ནས་ཡོན་ཏན་འབར།།
མི་དབང་ལྷུན་འགྲུབ་གངས་ཅན་དབུས་ན་ཡོན་གྱིས་བརྗིད།།
ཚད་མེད་ཡོན་ཏན་རྒྱ་མཚོ་ཇི་བཞིན་གཏིང་དཔོགས་དཀའ།།
མཁྱེན་དཔྱོད་ཤེས་རབ་ཉི་མའི་འོད་སྣང་རབ་འབར་བས།།
མདོ་སྔགས་ཐ་སྙད་གཙུག་ལག་སྦྱངས་བའི་ཕ་མཐར་སོན།།
སྙིགས་མའི་དུས་ཀྱི་བསྐལ་བའི་སངས་རྒྱས་དངོས་བྱོན་ཁྱེད།།
གཡུང་དྲུང་བོན་གྱི་བློ་ལྡན་སྐྱེ་བོའི་གཙུག་གི་རྒྱན།།
གཞུང་ལུགས་མང་ཐོས་རྒྱ་མཚོར་ཉུལ་བའི་ལུང་རྟོགས་ཀྱིས།།
འཆད་རྩོད་རྩོམ་པའི་གཟུར་གནས་མཁས་མཆོག་རྒྱལ་བའི་སྲས།།
གཤེན་བསྟན་མངའ་བདག་རྣམ་སྤྲུལ་སྐྱབས་རྗེ་བོན་བརྒྱ་བ།།
སྐུ་ཚེ་བསྐལ་བརྒྱར་བཞུགས་པའི་སྐྱབས་མཆོག་གུས་པས་ཕུལ།།
གསེར་འབུམ་རྒྱལ། (འཇར་པན།)
མཚན་དཔེ་ཡོན་ཏན་ཀུན་ནས་རྫོགས་པའི་སྐུ།།
གདུལ་བྱའི་བློ་ལ་མཆོག་ཏུ་སྨན་པའི་གསུང་།།
གཞུང་ལུགས་ཐམས་ཅད་རྗེན་པར་མཁྱེན་པའི་ཐུགས།།
སྐུ་གསུང་ཐུགས་ཀྱི་ཡོན་ཏན་བླ་ན་འབར།།
འཆད་པས་སྐལ་བཟང་བློ་ཡི་གཤིན་ས་བརླན།།
རྩོད་པས་ལོག་སྨྲའི་དྲ་བ་རྣམ་པར་གཅོད།།
རྩོམ་པས་གཞན་ཡིད་དད་པའི་སྤུ་ལོང་གཡོ།།
འཆད་རྩོད་རྩོམ་ལ་ཟླ་མེད་ཁྱོད་ལ་འདུད།།
སྐལ་བཟང་བྱེ་བའི་བློ་ཡི་གཤིན་ས་ལ།།
གསུང་གི་བདུད་རྩི་ཤག་ཤག་འཇོ་བ་ལས།།
ལྷུག་ལྷུག་གྲོལ་བའི་ཤེས་རིག་པདྨོའི་བཅུད།།
གངས་ལ་ཁྱབ་ཅིང་གངས་ཀྱི་ར་བར་འགོངས།།
བསམ་ཁོ། (རེབ་གོང་།)
དགེ༵་ལེག༵ས་འོ་མའི་ཆུ་གཏེར་ལས་འཁྲུངས་མཚན་དཔེ་གཟི་འོད་འབར་བའི་སྐུ།།
ལེགས་ཚོགས་འཕྲུལ་ངག་བོན་སྒོ་འགག་མེད་ཚངས་དབྱངས་ཡན་ལག་དྲུག་ཅུའི་གསུང་།།
རྒྱ་ཆེན་རྟོགས་རིག་ཤེས་བྱའི་གཟུགས་རིས་ཇི་སྙེད་མ་འདྲེས་འཆར་བའི་ཐུགས།།
མཚོ་ཆེན་བླ་མ་ཡབ་རྗེ་མཆོག་གང་མཚོ་ལྟར་རྟག་པར་བཞུགས་སུ་གསོལ།།
འཆད་པ་ལེགས་བཤད་ཉི་སྣང་འབར་བས་སྐལ་ལྡན་རྨོངས་མུན་དྲུངས་ནས་འབྱིན།།
རྩོད་པའི་ལུང་རིགས་ཐོག་མདའ་རྣོ་པོས་ཕས་རྒོལ་བྲག་རི་རྨང་ནས་གཞིལ།།
རྩོམ་པ་སྙན་འགྱུར་ཡིད་དབང་འཕྲོག་པས་མཁས་མང་དགྱེས་པའི་དད་ཕྱག་བརྩེགས།།
རྩ་གསུམ་བླ་མ་སྨྲ་བའི་སེང་ཆེན་གངས་རིའི་ལྗོངས་ནས་རྟག་བཞུགས་མཛོད།།
མཁས་བཙུན་བཟང་པོའི་ཐུགས་བསྐྱེད་རླབས་ཀྱིས་བྱང་བསྟན་ནོར་བུའི་སྒོ་འཕར་ཕྱེ།།
མཁའ་མཉམ་གདུལ་བྱའི་དགའ་ཚལ་ཡངས་པོར་བུ་སློབ་གསེར་གྱི་མེ་ཏོག་བཀྲམ།།
ད་དུང་བསྟན་འགྲོའི་ཁུར་ཆེན་འདེགས་ལ་མི་འཇིགས་སེང་གེ་ང་རོའི་ཁྲིར།།
རྣམ་པར་འགྱིང་མཛད་དཔལ་ལྡན་བླ་མ་དུས་ནམ་རྟག་ཏུ་རྒྱལ་གྱུར་ཅིག།
མགར་རྒྱང་མིག (འཇོ་མདའ།)
ཕྱི་ནང་གསང་གསུམ་ཡི་དམ་རྒྱ་མཚོ་ལ༎
ཐོས་བསམ་སྒོམ་པའི་གཅིག་ཤེས་ཀུན་གྲོལ་བ།།
འཆད་རྩོད་རྩོམ་པས་རྒོལ་ངན་ལོག་སེལ་མཆོག།
ཐམས་ཅད་མཁྱེན་པ་ཉིད་ལ་གསོལ་བ་འདེབས༎
མ་རིག་འཁོར་བའི་སེམས་ཅན་མཐའ་དག་པོ༎
འདི་ནས་བཟུང་ནས་རྣམ་མཁྱེན་མ་ཐོབ་བར༎
རྟག་ཏུ་འབྲལ་མེད་ཐུགས་རྗེས་བཟུང་བཞིན་དུ༎
ཐམས་ཅད་མཁྱེན་པ་རྟག་ཏུ་བཞུགས་མཛད་གསོལ༎
ཐམས་ཅད་མཁྱེན་པའི་དགོངས་བཞེད་མ་ལུས་ཀུན༎
འགྲུབ་ནས་འཁོར་ཚོགས་ཐར་ལམ་མ་ཐོབ་བར༎
བྱམས་དང་བརྩེ་བས་བཏང་བྲལ་མེད་བཞིན་དུ༎
ཞལ་བཟང་གསེར་གྱི་ཁྲི་ལ་བརྟན་བཞུགས་གསོལ༎
རྨ་གཡང་བུ། (རྩེ་ཁོག)
ཡེ་མཁྱེན་དགེ་ལེགས་གཤེན་གྱེར་བརྩེ་ཆེན་རྗེ།།
ཏིང་འཛིན་གཞི་རིག་གཟིགས་འདི་རིག་འཛིན་ཉིད།།
རྟོགས་གྲོལ་མཆོག་ཐོབ་འགྲོ་མགོན་བོན་སྟོན་མཛོད།།
དུས་ཀུན་ཐུགས་མཐུན་གཡུང་དྲུང་སྐུ་རུ་བཞུགས།།
དགེ༵་ལེག༵ས་བོན་ཀུན་འཆ༷ད་པའི་མཁྱེན་དཔྱོད་ཡངས།།
ལྷུ༵ན་གྲུ༵བ་རིགས་པས་རྩོ༷ད་ལ་རྒོལ་བ་འཇོམས།།
རྒྱ༵་མཚོ༵འི་མུ་མཐར་མཚུངས་པ་རྩོ༷མ་པའི་རྒྱུན།།
རྣམ་གསུམ་མཁས་པའི་བྱ་བར་ཟླ་མེད་དབང་།།
གཞན་ཕན་སྣང་བས་རྒྱལ་ཁམས་བརྩེ་བའི་གུར།།
གུར་ཁང་གདུགས་ཆེན་གདུལ་བྱའི་བསོད་ནམས་དཔལ།།
དཔལ་དུ་གྲངས་མེད་བསྐལ་བའི་ཚོགས་ལ་བཞུགས།།
བཞུགས་གསོལ་སྐལ་ལྡན་དད་པའི་ཀློང་ནས་ཞུ།།
གཡུང་དྲུང་འོད་ཟེར། (རེབ་གོང་།)
ཁྱུང་གི་རུས་ལ་ལྷ་ཡི་ཁྱེའུ་ཞིག།
འཁོར་བའི་ཐང་ལ་གསེར་གྱི་ཉི་མ་བཞིན།།
གདུལ་བྱའི་དོན་ལ་ཐུགས་བསྐྱེད་བསགས་པའི་མཐུས།།
ཤར་བའི་མོད་ལ་སྐུ་ཚེ་རྟག་བརྟན་ཤོག།
དགེ༵་ལེག༵ས་ཀུན་འཛུམ་འགྲོ་དྲུག་མགོན་གྱི་དཔྱིད།།
རྟོགས་པ་ལྷུ༵ན་གྲུ༵བ་རྒྱལ་བའི་ཞིང་ཀུན་ཟིན།།
བྱང་ཆུབ་རྒྱ༵་མཚོ༵འི་མཐུ་དཔལ་ཆེས་ཆེ་བའི།།
སྐྱབས་ཀྱི་ཏོག་ཁྱོད་སྐུ་ཚེ་ཁྲི་ལོར་བརྟན།།
གཞུང་བརྒྱའི་བདག་པོ་སྨྲ་ལ་མི་འཇིགས་པ།།
སྤོབས་པའི་དཔུང་ཅན་མཁས་རྒུ་ཟིལ་གནོན་པའི།།
རིག་པའི་དཔའ་བོ་འདི་ཕྱི་མཁྱེན་པའི་མགོན།།
བོན་བརྒྱ་བ་ཚང་སྐུ་ཚེ་སྐལ་བརྒྱར་བརྟན།།
ཆེ་མཆོག་ཚེ་རིང་། (མང་རྫོང)
གདོད་ནས་ཡེ་དག་བོན་སྐུ་འོད་མི་འགྱུར།།
མཚན་དང་དཔེ་བྱེད་ལོངས་སྤྱོད་ལྷུན་རྫོགས་སྐུ།།
གཉིས་མེད་རང་གསལ་སྤྲུལ་བའི་སྐུ་རུ་ཤར།།
སྐུ་གསུམ་དབྱེར་མེད་བླ་མར་གསོལ་བ་འདེབས།།
ཐུགས་བསྐྱེད་པདྨོ་འདབ་བརྒྱ་ཕྱོགས་བཞིར་རྒྱས།།
ཐུགས་གསལ་མེ་ལོང་སྒྲིབ་བྲལ་ཡངས་ཤིང་གསལ།།
ཐུགས་བསམ་འགྲོ་བའི་ལས་ལ་དུས་ཀུན་གནང་།།
ཐུགས་རྗེ་བྱིན་རླབས་རྩོལ་ཅིག་བླ་མ་མཁྱེན།།
བདག་སོགས་སྐྱེ་དགུ་འགྲོ་བའི་དཔུང་གཉེན་དུ།།
སྟེང་ཕྱོགས་སྤྲིན་ལམ་ཡངས་པའི་ཁྲི་གདུགས་བཞིན།།
སྒྲིབ་བྲལ་ལྷང་ངེ་འོད་ཟེར་འབུམ་རྒྱས་ནས།།
སྐུ་ཚེ་བསྐལ་བ་བརྒྱ་ཁྲིར་རྟག་བརྟན་ཤོག།
བསྟན་འཛིན་རྣམ་དག (བོན་བརྒྱ་དགོན།)
དགེ་ལ་ལྷུར་ལེན་མི་ཚེ་ཐར་སོན་ཅིང་།།
ལེགས་བྱའི་འཁོར་བའི་བདེ་ལ་སུན་འབྱིན་པས།།
ལྷུན་ཆགས་དམ་པའི་གཤིས་ལ་ཡ་མ་བྲལ།།
གྲུབ་པས་དབང་པོ་ཁྱོད་འདྲ་སྲིད་ན་གཅིག།
རྒྱ་སྙིས་རང་སེམས་འདུལ་བའི་མི་བོ་ཆེ།།
མཚོ་མོས་ཚོགས་ལ་བྱིངས་ནས་ཡུན་དུ་བཞུགས།།
བསྟན་པའི་རྒྱན་དུ་བཀུར་ན་ཁྱོད་ཉིད་གཙོ།།
འཛིན་པའི་སེམས་པ་དཀར་ལ་མཆོག་ཉིད་བརྩི།།
རྣམ་དཀར་རིན་ཐང་འོད་ཀྱིས་ལེགས་འཁྱུད་པའི།།
དག་པའི་བོན་སྒོ་སྟོང་གི་སྙིང་བོའི་བཅུད།།
ཐུགས་མངའ་ཡོན་ཏན་ནོར་བུའི་མཛོད་གྲུབ་པ།།
བརྒྱ་བའི་རྗེ་གཅིག་མགོན་དུ་རྟག་བརྟན་འཛོད།།
ཤེས་རབ་སྐལ་བཟང་། (ཁྱུང་མཆུ་རྫོང་།)
བོན་ཉིད་དབྱིངས་ཀྱི་རྒྱ་ལས་མ་འདས་བདེ་བ་ཆེན་པོ་ནས།།
དགེ་ལེགས་ལྷུན་གྲུབ་རིག་པའི་རང་མདངས་གཟི་འོད་འབུམ་འཕྲོ་ཞིང་།།
མཁྱེན་བརྩེ་ནུས་སྟོབས་ཟད་མེད་རྒྱ་མཚོའི་བདག་ཉིད་ཆེན་པོ་བ།།
སྐུ་གསུམ་ཀུན་འདུས་ངོ་བོ་བླ་མར་དད་པའི་འབོད་སྒྲ་གྱེར།།
གཟིགས་དགོངས་མཛད་པའི་འཕྲིན་ལས་ཟབ་མོ་མདོ་སྨད་ཡུལ་ཏུ་རྒྱས།།
མཁས་བཙུན་བཟང་བོའི་སྙན་གྲགས་མཚན་མ་འཛིན་མའི་ཁྱོན་ལ་བསྒྱུར།།
གང་ལ་གང་འདུལ་དེ་སྟོན་ཐབས་ཤེས་འཁོར་ལོའི་ཞབས་ཟུང་ཅན།།
དགེ་ལེགས་ལྷུན་གྲུབ་རྒྱ་མཚོར་སྒོ་གསུམ་གུས་པས་ཕྱག་བརྒྱས་བསྟོད།།
ཁྱེད་སྐུ་འགྱུར་མེད་ཚེ་དཔག་མེད་ཀྱི་ངོ་བོར་མངོན་བཞེང་ཞིང་།།
ཁྱེད་གསུང་འགག་མེད་ཚངས་པའི་དབྱངས་འགྱུར་དྲུག་ཅུ་རྒྱུན་སྒྲོགས་ཤིང་།།
ཁྱེད་ཐུགས་ཟད་མེད་གང་གཱའི་བཞུར་རྒྱུན་རིང་མོ་རྟག་འབེབ་ཅིང་།།
ཁྱེད་མཆོག་གདུལ་བྱའི་མགོན་ཏུ་བསྐལ་བ་བརྒྱ་ལ་བཞུགས་སུ་གསོལ།།
བཟོད་པ་འབྲུག་གྲགས། (ཉག་རོང་།)
སྐུ་ཡི་མཚན་དཔེ་གངས་རིའི་ལྗོངས་སུ་བཞད།།
གསུང་གི་ལེགས་བཤད་འཛམ་གླིང་ཕྱོགས་མཐར་ཁྱབ།།
ཐུགས་ཀྱི་མཁྱེན་ཟབ་མི་ཤེས་རྨོངས་མུན་འཇོམས།།
བོན་བརྒྱ་དགེ་ལེགས་ལྷུན་གྲུབ་ཞབས་ལ་འདུད།།
སྐུ་གསུམ་ལྷུན་གྲུབ་བསླུ་མེད་བླ་མ་རྗེ།།
ལེགས་པའི་ཡོན་ཏན་རྩལ་ཀུན་མ་ལུས་རྫོགས།།
མདོ་སྔགས་བསྟན་པ་སྤེལ་ལ་འགྲན་བྲལ་བ།
ཐམས་ཅད་མཁྱེན་པའི་སྐུ་ཚེ་རྟག་བརྟན་ཤོག།
མཁས་མང་རྒྱ་མཚོའི་གཙུག་གི་རྒྱན་གཅིག་པུ།།
ཟབ་རྒྱས་གྱེར་བསྟན་སྒྲོན་མེ་སྤར་བའི་མགོན།།
སྐུ་འཚོ་བགྲང་བྱ་བསྐལ་པ་རྒྱ་མཚོ་རུ།།
བདག་ཅག་མགོན་དུ་བཞུགས་ལ་གསོལ་བ་འདེབས།།
རིག་པའི་ཉི་མ། (ཤར་རྫའི་རི་ཁྲོད།)
གཞི་གཅིག་མཁའ་དབྱིངས་ཁྱབ་བརྡལ་ཆེན་པོ་ཟླ་མེད་ཨེ་ཀློང་གི་རུམ་ནས།།
ལམ་གཉིས་རང་བྱུང་རིག་པ་རང་གསལ་སྒྱུ་འཕྲུལ་གར་མ་ཡི་རང་བཞིན།།
འབྲས་གསུམ་དོན་ཆེན་ཀུན་ནས་རྫོགས་ལ་རང་གྲོལ་གུར་ཁྱིམ་གྱི་མངའ་བདག།
རྣམ་བཞི་བླ་མེད་རྒྱལ་བའི་འཆང་མཆོག་རྩེ་མང་གཙུག་ན་རྗེན་ནེ་རུ་གསལ་ཡོད།།
གཟུགས་སྐུ་འགྱུར་མེད་གསེར་གྱི་མཁའ་གོས་བཀླུབས་པ་རྒྱལ་མཚན་གྱི་རྟེན་དུ།།
གསང་གསུང་འགག་མེད་དབྱར་རྔའི་སྒྲ་དབྱངས་གཅིག་རྫོགས་ཀྱི་འབྱུང་གནས།།
གང་ཐུགས་འཁྲུལ་མེད་ལྷ་ཡི་རྫིང་རིང་ངོགས་ཉིད་ཡང་བཅུད་ཀྱི་ལྟ་བ།།
དཔལ་ཡོན་འབད་མེད་ནེ་རའི་ཚལ་ཆེན་རྒྱས་པའི་འདོད་ཡོན་ལ་རོལ་ཆོག།
ཞིང་མཆོག་བོ༵ན་རྒྱ༵ལ་སྨིན་གྲོལ་དཔལ་གྱི་ཡང་དབེན་ས་ལེ་གསས་མཁར་གྱི་ཀློང་དུ།།
གུ་དོན་དགེ༵་ལེག༵ས་འགྱུར་མེད་རྣམ་པར་གནོན་ལ་ཁྲི་འབུམ་གྱིས་བཏེགས་པ།།
མ་བརྩལ་ལྷུ༵ན་གྲུ༵བ་བརྗིད་ཆགས་ལྷུན་པོའི་ཞབས་པད་ལམ་མེ་རུ་གསལ་ཏེ།།
གནས་གསུམ་རྒྱ༵་མཚོ༵་མ་ལུས་ཅིག་ཅར་འུབས་ཆུད་རྟག་འཆར་རུ་མཛོད་ཅིག།
མར་ནང་འཆི་མེད་གཡུང་དྲུང་། (ཁྱུང་མོ་དགོན།)
རྒྱལ་ཀུན་སྤྱི་གཟུགས་སྐུ་གསུམ་དགོངས་པ་རྫོགས།།
ཨ་སྙན་རྫོགས་པའི་བསྟན་པ་རིན་པོ་ཆེ།།
འཛིན་སྐྱོང་སྤེལ་བའི་དཔལ་ལྡན་བླ་མ་ཉིད།།
སྙིང་ནས་གསོལ་བ་འདེབས་སོ་བྱིན་གྱིས་རློབས།།
མཐའ་ཀླས་འགྲོ་བའི་སྤྱི་གཙུག་གདན་གྱི་སྟེང་།།
དོན་གཉིས་ལྷུན་གྲུབ་ཉི་ཟླའི་འོད་ཀྱི་སྣང་།།
སྒྲིབ་མེད་རང་གསལ་སྐུ་གསུང་ཐུགས་ཀྱི་ཟེར།།
གཡོ་བ་མེད་པར་བརྟན་པར་བཞུགས་སུ་གསོལ།།
འདི་ནས་ཚེ་རབས་པད་མའི་འཕྲེང་བ་རུ།།
དམ་པ་ཁྱེད་དང་མི་འབྲལ་གཡོ་བ་མེད།།
བསྐལ་པ་མ་སྟོང་བར་གྱི་འགྲོ་དོན་དུ།།
མི་འཇིགས་གདོག་ལྔའི་ཁྲི་ལ་བཞུགས་སུ་གསོལ།།
ཨ་མའི་པགས་རྩག (གཉན་རོང་རྫོང་།)
སངས་རྒྱས་སྐྱེ་བ་མི་རུ་བཞེས་མཛད་པའི།།
བོན་འབངས་བརྒྱ་ཕྲག་མགོན་དུ་བྱོན་པ་ཡི།།
སྐྱབས་མགོན་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་མཆོག།
དད་གུས་ཤིས་ཚིག་གདེངས་ཀའི་རླབས་ཕྲེང་མཆོད།།
གནས་ལྔ་རིག་པའི་དཔའ་བོ་བོན་བརྒྱ་མཆོག།
རིས་མེད་འགྲོ་ལ་བརྩེ་བའི་བོན་བརྒྱ་མཆོག།
ལུང་དང་རྟོགས་པའི་བདག་ཉིད་བོན་བརྒྱ་མཆོག།
གངས་ཅན་བསྟན་པའི་ཉི་མ་རྟག་བརྟན་ཤོག།
མ་ལུས་སུམ་ལྡན་བླ་མ་བོན་བརྒྱ་མཆོག།
གསང་གསུམ་སྔགས་ཀྱི་རྣལ་འབྱོར་བོན་བརྒྱ་མཆོག།
ལྔ་བདོ་སྙིགས་མའི་མགོན་པོ་བོན་བརྒྱ་མཆོག།
སྐུ་ཚེ་གེགས་མེད་ལྷུན་གྲུབ་རྟག་བརྟན་ཤོག།
མང་བུ་བློ་གྲོས་རྒྱལ་མཚན། (བོན་བརྒྱ་དགོན)
ལྔ་རིག་དཀྱིལ་འཁོར་ལས་གྲུབ་པ་དགེ༵་ལེག༵ས་ཀྱི་ཆུ་གཏེར།།
མ་བཅོས་ཁྱབ་གདལ་དུ་རྟོགས་པ་ལྷུ༵ན་གྲུ༵བ་ཀྱི་རོལ་རྩལ།།
རྒྱ༵་ཆེན་མཁའ་དབྱིངས་སུ་རྩེན་པ་མཚོ༵་བྱུང་གི་རྒྱལ་སྲས།།
བཀའ་དྲིན་བཞི་རྫོགས་ཀྱི་བླ་མ་བོན་བརྒྱ་བ་བསྟོད་དོ།།
འཇའ་ཚོན་འོད་གུར་དུ་འཁྲིགས་པ་སྐུ་བརྗིད་ཀྱི་ལང་ཚོ།།
མཁའ་ལྡིང་ཁྱུང་ཆེན་དང་འདྲ་བའི་གདུང་རྒྱུད་ལས་མཆེད་དེ།།
ཞབས་ཟུང་གསེར་ནག་གི་འཁོར་ལོ་ཕྱོགས་བཅུ་ལ་བསྐོར་དུས།།
སྐུ་མཆོག་གཡོ་མེད་དུ་བཞུགས་ཤིག་ཡིད་བཞིན་གྱི་ནོར་བུ།།
གདམས་ངག་མཛུབ་ཁྲིད་དུ་སྟོན་པའི་རྗེ་བཙུན་གྱི་བླ་མར།།
དད་མོས་སོར་མཛུབ་ཀྱི་ཐལ་མོ་སྙིང་ཁ་རུ་བརྩེགས་ཏེ།།
སྙན་ཚིག་མེ་ཏོག་གི་ཕྲེང་བ་མཁའ་དབྱིངས་སུ་གཏོར་ན།།
གདུལ་བྱ་འགྲོ་དྲུག་གི་དོན་དུ་རྟག་བརྟན་གྱིས་འཚོ་རོགས།།
མང་བུ། (བོན་བརྒྱ་དགོན།)
འོད་ཀྱི་ཞགས་པ་ཡར་ལ་འཐེན་ཡོད།།
ཁྱུང་དཀར་རུས་གཙང་ལྷ་ཡི་ཁྱེའུ།།
གསེར་གྱི་དམུ་ཐག་མར་ལ་འཐེན་ཡོད།།
མདོ་སྨད་བོན་གྱི་རྟེན་ཕུར་ཁྱེད་ཡིན།།
ཐོས་བསམ་རྒྱ་མཚོ་གཞུང་ལ་བསྐྱིས་ཡོད།།
ལུང་རིགས་སྨྲ་བའི་གངས་ཀྱི་སེང་ཆེན།།
སྙན་པའི་བ་དན་མཁའ་རུ་སྒྲེངས་ཡོད།།
སྲིད་གསུམ་གནོན་པའི་མཁའ་ཡི་ཁྱུང་ཆེན།།
གཤེན་གྱི་ཨ་ཡིག་སྲོག་གིས་བྲིས་ཡོད།།
མཛད་རྣམ་རིང་མོ་གཏམ་གྱི་བང་མཛོད་།།
བདེན་པའི་གཉའ་ཤིང་གསེར་ལ་བྱས་ཡོད།།
ངེས་པ་དོན་གྱི་མཁས་དབང་ཁྱེད་ཡིན།།
སྐལ་བཟང་བདུད་འདུལ། (ཟི་ལིང་།)
མཚན་དཔེ་དཔལ་འབར་ཟླ་ཞུན་ཕུང་བོའི་སྐུ།།
དྲི་ཟའི་དབྱངས་ལྡན་ཡན་ལག་དྲུག་ཅུའི་གསུང་།།
ཟབ་གསལ་དྭངས་གསུམ་རྫོགས་པའི་མཚུངས་མེད་ཐུགས།།
ང་ཡི་བླ་མ་སྲིད་གསུམ་མངོན་པར་འཕགས།།
ལོག་སྨྲ་ཚར་གཅོད་དགག་བཞག་སྤོང་གསུམ་ལ།།
སྤོབས་པའི་གཟེངས་མཐོ་དོན་གྱི་གནད་ཐོན་པ།།
ཞྭ་དཀར་གཡུང་དྲུང་བོན་གྱི་རྒྱལ་མཚན་འཛིན།།
བོན་བརྒྱ་བླ་མ་གཙུག་གི་རྒྱན་དུ་མཆོད།།
འཆད་པའི་དབྱངས་སྙན་སྐལ་ལྡན་ཡིད་ཀྱི་གསོས།།
རྩོད་པའི་བློ་མྱུར་མ་རིག་མུན་པ་བསལ།།
རྩོམ་པའི་གྲུ་ཆར་ཟད་མེད་འཇོ་བ་ཡི།།
ཤེས་རབ་སྨྲ་བའི་སེང་ཆེན་ཁྱོད་ལ་འདུད།།
དགེ་ལེགས་འགྱུར་མེད། (བོན་བརྒྱ་དགོན)
སྟོབས་བཅུའི་མངའ་བདག་མཚན་དཔའི་དཔལ་འབར་བ།།
བརྒྱ་བའི་མགོན་དང་གཉིས་མེད་དྲན་པ་དངོས།།
གསང་གསུམ་ཐེག་དགུའི་རྩི་དང་མ་བྲལ་བའི།།
སེམས་ཉིད་དོན་གྱི་མངའ་བདག་བླ་མ་རྗེ།།
བྱམས་དགའ་བཏང་སྙོམས་སྙིང་རྗེ་བོན་གྱི་མཆོག།
ཚད་གསུམ་ལུང་རིགས་གཏེར་གྱི་སྣོད་ལ་དབང་།།
སྲིད་གསུམ་གཙིག་གི་རྒྱན་གྱུར་བོན་བརྒྱ་བས།།
འཛད་མེད་ཆུ་བོ་རྣམ་བཞི་མ་གཡེལ་ཕོབས།།
སྐྱབས་གནས་ཀུན་ཀྱི་ངོ་བོ་གཅིག་ལྕོགས་པ།།
བཀའ་དྲིན་བཞི་ཡི་བདག་ཉིད་དཔོན་གསས་ཆེ།།
ཚེ་རབས་ཀུན་དང་མ་སྟོང་བསྐལ་བའི་བར།།
སྐུ་ཚེ་བརྟན་ཞིང་ཐུགས་རྗེས་སྐྱོངས་ཏུ་གསོལ།།
གཡུང་དྲུང་ལྷ་འབུམ། (རེབ་གོང་།)
མར་གྱུར་འགྲོ་རྣམས་འདྲེན་པའི་སྙིང་རྗེའི་རླབས།།
རྨོངས་མུན་ལོག་རྟོག་བྲག་རི་བརྟན་པོས་འགོག།
ཞུམ་མེད་རྒོལ་བ་དཔའ་བོའི་བརྟུལ་ཞུགས་འཆང་།།
རིས་མེད་ལེགས་མཛད་མཁས་བའི་མཛད་བཟང་བསྟོད།།
འཆད་པའི་སྤྲིན་ཆར་མཁའ་ནས་སར་འབབ་ཅིང་།།
རྩོད་པའི་ཐོག་མདས་ལོག་རྟོག་གཡུལ་ངོ་ལྡོག།
རྩོམ་པའི་ལེགས་བྱས་འོ་མཚོ་ཆེར་བསྐྱིལ་བའི།།
གཞན་དོན་སྒྲུབ་མཁས་དྲིན་ཆེན་བླ་མར་འདུད།།
མཆོག་གི་མཛད་བཟང་མཐའ་ཡས་གྲགས་པ་འབར།།
མདོ་ཙམ་བསྟོད་པས་ཐུགས་རྗེའི་རྒྱུན་བཟུང་སྟེ།།
རྩ་གསུམ་ལྷ་དང་སྲུང་མའི་བྱིན་རླབས་ཀྱིས།།
ཞབས་པད་རབ་བརྟན་བཞེད་དགོངས་ལྷུན་གྲུབ་ཤོག།
རྨ་བོན་ལྡེ་མིག (མགོ་ལོག)
སྔོན་བསགས་བསོད་ནམ་རྒྱ་ཆེར་སྤུངས་པའི་རིག་པའི་གནས་ཀུན་ཐུགས་སུ་ཆུད།།
གསུང་སྐྱེས་བུ་སློབ་ཆུ་བོའི་རྒྱུན་བཞིན་སྐལ་ལྡན་རྣམས་ལ་དངོས་གྲུབ་གནང་།།
མདོ་སྨད་ཕྱོགས་ཀྱི་བོན་སྡེའི་བདག་པོར་བསྟན་འཛིན་གདོང་ལྔའི་དབང་པོ་ཁྱེད།།
མཁས་དབང་སྟོང་ཕྲག་དུ་མའི་དབུས་སུ་མ་སྦར་གཟི་བརྗིད་རབ་ཏུ་འབར།།
མཁྱེན་དང་བརྩེ་བའི་འགྲོ་ལ་ཉེར་གཟིགས་རིག་པ་འབྱུང་བའི་གནའ་གྲོང་དབུས།།
བཤད་དང་སྒྲུབ་པའི་འཁོར་ལོ་བྱ་བ་ཚེས་པའི་དུས་བཟང་ཉི་མ་ཤར།།
རྩོམ་པའི་སྟོབས་ཀྱི་གཞུང་ལུགས་མཚོ་མོ་དམ་པའི་འཛུམ་ཞལ་བཅོ་ལྔའི་ཟླ།།
དམར་སེར་ངུར་སྨྲིག་དུ་མའི་དབུས་སུ་བོན་བརྒྱ་དགེ་ལེགས་ལྷུན་གྱིས་གྲུབ།།
དྲི་མེད་གཤེན་བསྟན་རིང་ལུགས་འཛིན་པའི་ཁྱུང་དཀར་གདུང་ལས་མཚན་དཔེ་བཞད།།
ནུབ་ལ་ཁད་ཀྱི་གཉན་འཕྲང་སྐབས་སུ་གསང་གསུམ་བསྟན་པའི་མེ་རོ་སྤར།།
བོན་སྦྱིན་བདུད་རྩིའི་སྦྲང་ཆར་སྩོལ་མཛད་རྣམ་འདྲེན་མགོན་པོ་བརྟན་པར་བཞུགས།།
བླ་མ་ཁྱེད་ཉིད་འགྲོ་བའི་དཔལ་དུ་སྐུ་ཚེ་བསྐལ་བརྒྱར་བརྟན་པར་སྨོན།།
བོན་རོང་ཚེ་དབང་ཐར། (རེབ་གོང་།)
དགེ་ལེགས་ལྷ་ཡི་ལྷ་རྔ་སྙན་པའི་དབྱངས།
ལྷུན་གྲུབ་བསྟན་པའི་ཐུགས་བསྐྱེད་སྨིན་མཛད་པ།།
རྒྱ་མཚོའི་གཏིང་བཞིན་ཐུགས་ཀློང་མཐའ་དང་བྲལ།།
སྨྲ་བའི་སེང་ཆེན་བོན་བརྒྱ་རིན་པོ་ཆེ།།
འཛམ་གླིང་འགྲོ་བའི་བདེ་སྡུག་ཐུགས་ལ་བསྣམས།།
རིས་མེད་གདུལ་བྱའི་བདེ་སྐྱིད་གསུང་ལས་འཕྲོ།།
འགྱུར་མེད་མཚན་དཔེའི་བཀོད་པ་སྐུ་ལ་རྫོགས།།
གཙུག་རྒྱན་བོན་བརྒྱ་བླ་མ་ཁྱེད་ལས་སུ།།
འཛམ་གླིང་མཁས་བའི་དབང་པོ་བོན་བརྒྱ་བ།།
མདོ་སྨད་བྱང་བརྒྱུད་བསྟན་པའི་མངའ་བདག་ཉིད།།
དུས་གསུམ་ཀུན་ཏུ་ཚེ་མཐའ་ཡས་པའི་ངོར།།
སྲིད་མཐའི་བར་དུ་ཞབས་པད་བརྟན་གྱུར་ཅིག།
ཉི་ཚེ། (ཤར་རྫ།)
སྙིགས་མའི་དུག་རྫས་སྤྲིན་ལྟར་རླབས་ཀྱིས་གཡོ།།
དམ་པའི་བྱིན་རླབས་གཡབ་རླུང་དྲག་པོས་གཏོར།།
མཁས་གྲུབ་ཟུང་དང་ལྡན་པའི་འཕགས་མཆོག་ཁྱེད།།
འདི་འདྲའི་སྐབས་ཀྱང་བཀུར་བྱའི་སྐྱེས་ཆེན་ཡིན།།
ཕྱི་ཡི་འཁོར་ཡུག་གཡོ་སྒྱུའི་འདམ་ལ་ཟུག།
ནང་གི་རྣམ་རྟོག་གཙང་བོའི་རྒྱུན་ལ་འདྲེས།།
མདོ་སྔགས་རྫོགས་གསུམ་གཞུང་ལ་ཉམས་བཞེས་པའི།།
དཔོན་གསས་ཁྱེད་ཉིད་དུས་མཐའི་སྐྱབས་ཀྱི་རྗེ།།
ལྟ་བའི་དྭངས་མ་བྱང་སེམས་རྒྱུད་ལ་ཕྱུག།
སྤྱོད་པ་འཚེ་མེད་ཁ་མིན་ལག་ཏུ་བསྟར།།
སྒོམ་པའི་གནས་ལུགས་ཐུགས་ལ་རབ་བརླན་པའི།།
བོན་གྱི་རྒྱལ་ཁྱེད་སྐུ་ཚེ་ཡུན་བརྟན་གསོལ།།
ས་ཁའི་བློ་ལྡན། (རྒྱལ་རོང་།)
འགྱིང་ཉམས་གསེར་རིའི་ལྷུན་པོའི།།
གཡོ་མེད་གཟུགས་སྐུ་ཆེན་མོ།།
ལྷ་འབངས་སྐྱབས་ཀྱི་སྒྲོན་མར།།
བཞུགས་མཛོད་ཡབ་རྗེ་བླ་མ།།
ཟབ་གདམས་ལྷ་ཆབ་ཟེགས་མ།།
འགག་མེད་བོན་དབྱངས་ཀློང་ནས།།
དད་འབངས་ཡོངས་ལ་སྩོལ་བཞིན།།
བཞུགས་མཛོད་ཡབ་རྗེ་བླ་མ།།
ལྔ་དུས་སྙིགས་མའི་འདྲེན་པ།།
ཐུགས་དགོངས་མཁའ་མཉམ་དབང་བོ།།
བོན་འབངས་སྐྱོང་བའི་མགོན་དུ།།
བཞུགས་མཛོད་ཡབ་རྗེ་བླ་མ།།
ཁྲི་ཕུན་ཚོགས། (བོན་བརྒྱ་དགོན།)
རྨོངས་མུན་སྟུག་པོའི་ཞགས་ཀྱིས་མ་འཐིམས་ཤིང་།།
དཀར་ནག་དགེ་སྡིག་ལམ་ལ་མི་རྨོངས་པར།།
མང་པོའི་བློ་མིག་རབ་གསལ་སྟོན་མཁས་ཅན།།
འཛམ་གླིང་མཁས་པའི་མགོན་པོ་བོན་བརྒྱ་བ།།
ཁྱད་པར་གསུང་གི་གསང་བའི་ཆ་ཤས་ཙམ།།
སྙིང་གི་ཐིག་ལེར་འཕོས་པའི་རླབས་རིས་ལས།།
གཏན་ཚིགས་ལེགས་པར་རྩོམ་མཁའི་སྤོབས་པ་ཅན།།
ཁྱེད་མིན་གཞན་ན་མ་མཆིས་སྐྱབས་མགོན་ལགས།།
ཐུགས་བརྩེ་དྲོན་མོ་བསླབ་བྱ་འོ་མའི་རྒྱུན།།
རིས་མེད་ལྟ་སྤྱོད་གཞན་དུ་མི་གཡོ་ཞིང་།།
མི་འགྱུར་ལྷུན་བརྩེགས་སངས་རྒྱས་སེམས་དཔའ་ཁོང་།།
དུས་གསུམ་ཀུན་ཏུ་འཛུམ་ཞལ་རྟག་འཆར་ཤོག།
ཁྲི་བསྟན་དར། (རེབ་གོང་།)
འདི་ཕྱིའི་སྙིང་གི་རིགས་གཅིག་རིག་འཛིན་ཉིད།།
སྐུ་གསུམ་ལྷུན་གྲུབ་སྐུ་གསུང་ཐུགས་གསུམ་འདུད།།
བདེ་ཆེན་བདེར་གཤེགས་ཡེ་ཤེས་དབྱེར་མེད་ཁྱེད།།
བསྟོད་དོ་བོན་མཆོག་འཁོར་ལོ་ཡོངས་བསྐོར་མཛོད།།
༼གོང་གི་འདིར་དབྱངས་བཞི་ངེས་པ།༽
སྔར་འདས་རྒྱལ་བས་ལམ་བཟང་གང་གནང་བ།།
རྒྱལ་བསྟན་ཡང་དག་གསལ་མཛད་འགྲན་ཟླ་བྲལ།།
ཡ་མཚན་རྣམ་ཐར་སྨྲ་བསམ་ངང་ལས་འདས།།
དཔལ་ལྡན་བླ་མ་ངག་དབང་དབྱངས་ལྡན་བསྔགས།།
རབ་འབྱམས་གནས་ལྔ་ཐམས་ཅད་མཁས་པར་སྦྱངས།།
རྒྱལ་བསྟན་རྒྱལ་མཚན་མཁའ་ལ་རབ་ཕྱར་བས།།
སྙན་གྲགས་མཁའ་མཐར་ཁྱབ་པ་ཁྱད་འཕགས་ཅན།།
མཁའ་མཉམ་བླ་མ་ཞབས་པད་བསྐལ་བརྒྱར་བརྟན།།
༼གོང་གི་འདི་གཉིས་དབྱངས་ཨ་ངེས་པའོ།།༽
སྟོང་སྲས་ལྷ་བུ། (ཁྲོམ་ཚང་དགོན།)
རྒྱལ་བསྟན་གསེར་གྱི་གདུ༵གས་དཀར་ཕུབ་པ་པོ།།
མདོ་སྔགས་ཟུང་འབྲེལ་རྒྱ༵ལ་མཚ༵ན་ཕྱར་བ་པོ།།
སྤྱི་དོན་དཔ༵ལ་བེ༵འུ་འཛམ་གླིང་སྟོན་པ་པོ།།
ཡེ་ནས་དྲི་མེད་པད༵་མ༵འི་སྐུ་ལ་འདུད།།
ཐམས་ཅད་དབང་བསྒྱུར་འཁོ༵ར་ལོ༵འི་རྩིབས་སྟོང་མཛེས།།
གདམས་ངག་གཞལ་བྲལ་གསེ༵ར་ཉ༵འི་འཁྱུག་རྩལ་ཡག།
ཕྱི་ནང་གསང་བའི་བཅུད་ཀྱི་བུ༵མ་པ༵་བརྗིད།།
གསུང་སྤྲུལ་འཕར་ཆེན་དུ༵ང་གི་བོན་བརྒྱ་བ།།
བོན་བརྒྱ་ཐམས་ཅད་མཁྱེན་པའི་ཞབས་དྲུང་དུ།།
བཀྲ་ཤིས་རྟགས་བརྒྱད་མཆོད་པ་ཕུལ་བའི་མཐུས།།
བསྟན་དང་འགྲོ་བའི་མཛད་པ་མཐར་ཕྱིན་ནས།།
སྐུ་ཚེ་བསྐལ་བརྒྱར་བརྟན་པར་བཞུགས་སུ་གསོལ།།
ཁྲི་བསོད་བསྟན། (ཟི་ལིང་།)
དགེ༵་བའི་ལེག༵ས་ཚོགས་གཅིག་བསྡུས་རང་གཟུགས་སྐུ།།
ལྷུ༵ན་གྲུ༵བ་མ་འགག་ངག་རིག་རྡོལ་བའི་གསུང་།།
རྒྱ༵་ཆེན་མཚོ༵་མོའི་འཇིངས་ལྟར་ཟབས་པའི་ཐུགས།།
སྐུ་གསུམ་ཀུན་འདུས་བླ་མ་བཞུགས་གསོལ་འདེབས།།
དགེ༷་ལེག༷ས་འབུམ་འཇོ་འཛམ་གླིང་འཛིན་མའི་གཞིར།།
མདོ་སྔགས་རྒྱ༷་མཚོ༷་ཐུགས་རྒྱུད་ཕྱུག་པའི་གཏེར།།
འགྲོ་བའི་སྐྱབས་གཅིག་ཐམས་ཅད་མཁྱེན་པའི་ཞབས།།
འགྱུར་མེད་བྲག་རིའི་གཤིས་སུ་བཞུགས་གསོལ་འདེབས།།
ཉི་མའི་འོད་ཀྱིས་ཁེབས་མིན་མཁྱེན་པའི་རྩལ།།
ཟླ་གཟུགས་སྣང་བས་ཁྱབ་མིན་དཀྱིལ་ཡངས་བློ།།
སྐར་ཚོམ་ཟེར་མས་དཔོག་མིན་གསུང་རབ་ཕྲེང་།།
བསྐལ་པར་བརྒྱུས་མཛད་བླ་མ་བཞུགས་གསོལ་འདེབས།།
གཡུང་དྲུང་བོན་གྱི་བསྟན་པའི་བདག་ཉིད་ཆེན་པོ་འཛམ་གླིང་མཁས་གྲུབ་ཀྱི་གཙུག་རྒྱན་དམ་པ་༧རྗེ་བོན་བརྒྱ་ཐམས་ཅད་མཁྱེན་པ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོའི་སྐུ་མཆོག་གཟི་བྱིན་འབར་བའི་དཀྱིལ་འཁོར་མཁའ་མཉམ་གདུལ་བྱའི་སྤྱི་དཔལ་དུ་བཞད་ནས་རྟག་བརྟན་གཡུང་དྲུང་གི་ཁམས་སུ་ལྷམ་མེར་བཞུགས་པར། ཁོང་གི་བཀའ་དྲིན་རྗེས་དྲན་མཚོན་བྱེད་དང་སླད་མའི་ཆར་ཡང་ངེད་ཅག་གི་ལྷ་སྐལ་དུ་ཐོབ་པའི་སྐྱབས་མཆོག་ཡིད་བཞིན་ནོར་བུའི་སྐུ་ཚེ་ཞབས་པད་ཡུན་རིང་དུ་འཚོ་ཞིང་གཞེས་ཕྱིར། མདོ་སྨད་མཚོ་སྔོན་ཕྱོགས་ཀྱི་དགོན་སྡེ་ཁག་དང་བོན་འབངས་ཡོངས་ཀྱིས་རྟེན་འབྲེལ་ཕུན་སུམ་ཚོགས་པའི་མཐུན་སྦྱོར་དང་རྣམ་དཀར་བསོད་ནམས་ཀྱི་འཚོགས་བསགས་རླབས་ཆེན་བགྱིས་ཏེ། རེབ་གོང་གསེར་ལྗོངས་ཡུལ་གྱི་གཤེན་གྱི་འདུས་སྡེ་ཆེན་མོ་༧བོན་བརྒྱ་དགོན་སྨན་རི་བཤད་སྒྲུབ་སྨིན་གྲོལ་གླིང་དུ་བཀའ་དྲིན་རྗེས་དྲན་གྱི་མནྜལ་བརྟན་བཞུགས་བསྟར་འབུལ་གྱི་སྐལ་བཟང་སྐབས་གཉིས་པ་དང་བསྟུན། ཕྱོགས་སོ་སོར་བཞུགས་པའི་བསྟན་འཛིན་བླ་སྤྲུལ་དགེ་བཤེས་དང་དད་འབངས་བུ་སློབ་ཇི་སྙེད་ཀྱིས། དམ་པ་གང་གི་རླབས་ཆེ་བའི་མཛད་འཕྲིན་ལ་དད་པའི་སྣང་བ་རབ་ཏུ་རྒྱས་ཤིང༌། ཤིས་སྨོན་བསྔགས་བརྗོད་ཀྱི་མེ་ཏོག་གཏོར་བ་རྣམས་ཕྱོགས་གཅིག་ཏུ་བསྡུས་ཏེ་«བཀྲ་ཤིས་བརྟན་བཞུགས་གསེར་གྱི་ལྷུན་པོ»ཞེས་པའི་ཤིས་རྩོམ་བརྒྱད་ཅུ་ལྷག་དྲ་ལམ་ནས་ཕྱོགས་གཅིག་ཏུ་བསྡུས་ཏེ་སྤེལ་བ་ཡིན། དུས་ཡུན་ཐུང་བའི་ནང་རྩོམ་ཡིག་བསྡུ་བ་དང་རྩོམ་སྒྲིག་བྱས་སྟབས་གོ་རིམ་ལ་ངེས་གཏན་ཆེར་མེད་པས་འཆོལ་ནོར་དང་མཐོ་དམན་ལ་དམིགས་བསལ་གྱིས་གོ་འཛོལ་རེ་བྱུང་ན་དགོངས་འཁྲོལ་ཞུ་རྒྱུ་དང་བཅས་རྩོམ་སྒྲིག་ཚན་ཆུང་ནས།