དཔལ་༧རྒྱལ་བ་༧སྨན་རིའི་ཁྲི་འཛིན་སོ་བཞི་པ་བདམས་ཐོན་བྱུང་བར་བསྟོད་ཚིག
[ཟླ་ཚེས། 2018-01-03 22:24:36][རྩོམ་པ་པོ། དགེ་བཤེས་དྲང་སྲོང་རྣམ་རྒྱལ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
རྒྱུ་ཡི་ཐེག་པའི་རྨེང་གཞི་རབ་བརྟན་པར། །
འབྲས་ཐེག་དངོས་པོས་ལེགས་བསྐྲུན་ཁང་བཟང་ཆེ། །
བླ་མེད་ཡང་རྩེའི་བ་གམ་མངོན་མཐོ་བ། །
གངས་ལྗོངས་ཤེས་རིག་ཕྱི་མོ་གཡུང་དྲུང་བསྟན། །
མཐོ་སྒང་མི་རིགས་དེ་ཡི་འཕྲལ་ཡུན་གྱི། །
ལུགས་གཉིས་ཕན་བདེའི་སྲོག་ཤིང་དང་པོ་རུ། །
བགྲང་བྱ་ཁྲི་སྟོང་འདས་ཀྱང་མ་ནུབ་པར། །
དུས་རབས་གསར་པར་བཞུགས་ལ་ངོ་མཚར་ཆེ། །
སྣ་མང་ཐེག་པ་གྲངས་ཀྱིས་གཞལ་མིན་ཡང་། །
མདོ་སྔགས་ཟུང་འབྲེལ་མཉམ་མེད་བླ་མའི་སྲོལ། །
བརྒྱུད་པའི་རྐང་འཛིན་གཅིག་པུར་ལུང་བསྟན་པ། །
ལྐོག་གྱུར་ལྷ་ཡིས་བསྟན་པའི་མངོན་གྱུར་ལམ། །
མིག་དང་རྣ་བར་རྟོན་པ་འཇིག་རྟེན་སྲོལ། །
ལྷ་ཡིས་རྣམ་གཞག་བྱེད་པ་ཆོས་ཀྱི་ལུགས། །
གང་ཞིག་ཆོས་ལ་ཡིད་རྟོན་བྱེད་པ་ན། །
ལུགས་སྲོལ་འདི་ལ་སུ་ཞིག་བཤུང་བར་ནུས། །
ཡང་དར་ལུང་རྟོགས་བསྟན་པ་གོ་ལའི་ཁྱོན། །
སྤེལ་མཁས་ཉི་མ་ནུབ་པའི་མུན་ནག་ཏུ། །
བཤེས་གཉེན་ཟླ་བ་སླར་ཡང་ཚེས་པ་འདིས། །
ཐེག་དགུའི་བསྟན་པ་དར་རྒྱས་མངོན་གྱུར་རྟགས། །
རྒྱལ་གསུང་མདོ་རྒྱུད་ཐེག་པའི་རིམ་པ་ཀུན། །
གདུལ་བྱའི་བློ་དང་མཐུན་པའི་བོན་འཆད་ཀྱི། །
སྦྱིན་པའི་ཆར་གྱིས་འགྲོ་བའི་ཞིང་ས་རུ། །
ལྟ་སྤྱོད་རྣམ་དཀར་ལོ་ཏོག་ཡར་ཟླར་འཕེལ། །
རྗེས་འཇུག་འགྲོ་ཀུན་སྒོ་གསུམ་བྱ་བའི་ཆ། །
འཇིག་རྟེན་བཟང་སྤྱོད་ནས་བརྩམས་མདོ་སྔགས་ཀྱི། །
ངེས་འབྱུང་ཚུལ་ཁྲིམས་སྟོན་པའི་དེད་དཔོན་དུ། །
ཞབས་པད་གཡུང་དྲུང་ཁྲི་ལ་རབ་ཏུ་བརྟན། །
ཕལ་པ་རྣམས་ནི་ཆགས་སྡང་དབང་གྱུར་པས། །
དུག་ལྔ་ཆ་རགས་འགྲོ་བའི་ལོག་སྒྲུབ་ཚོགས། །
ཞུམས་མེད་སྙིང་སྟོབས་བཟོད་པའི་གོ་ཆ་ནི། །
སྲ་བརྟན་བྲག་གི་རྫོང་ཆེན་རབ་ཏུ་བཙན། །
དངོས་ཀུན་རྟེན་འབྱུང་དག་ལ་རག་ལས་ཕྱིར། །
གཅིག་ལ་གཅིག་བརྟེན་ལུགས་གཉིས་བྱ་གཞག་གང་། །
དམ་པ་མཉེས་པའི་འཆུགས་མེད་གོམ་སྟབས་ཀྱིས། །
ཟླ་བྲལ་བརྩོན་འགྲུས་མདུན་སྐྱོད་ལྷོད་པ་མེད། །
འདི་སྣང་རྣམ་རྟོག་ཆུ་ཡི་གཉེར་རིས་གང་། །
སྟོང་ཆེན་རྒྱ་མཚོའི་ཀློང་དུ་སིམ་པ་ཡི། །
མ་བསྒོམས་སྒོམ་པའི་གྲོལ་ལམ་རྫོགས་པ་ཆེའི། །
བསམ་གཏན་ཆུ་བོ་ལྟ་བུའི་རྒྱུན་ལ་སྐྱོང་། །
རྒྱལ་བའི་བཀའ་ཡི་བདུད་རྩིས་འགྲོ་བ་ཡི། །
འཕྲལ་ཕུག་སྡུག་བསྔལ་ནད་སེལ་ཉིང་དགོས་ཕྱིར། །
གསང་གསུམ་མཛད་ཕྲིན་མཐའ་ཡས་སེམས་ཅན་གྱི། །
སྡུག་བསྔལ་གཞོམས་ལ་ནུས་སྟོབས་གཅིག་ཏུ་སྤུངས། །
བདེར་གཤེགས་བསྟན་པའི་རྨང་གཞིའི་ཀ་བ་སྟེ། །
འགྲོ་ཀུན་མ་རུ་འཁྱེར་བའི་ཐེག་ཆེན་ལམ། །
སྙིང་རྗེའི་གདམས་པ་གཙོ་བོར་འདོམས་པ་ཡིས། །
གདུལ་བྱ་ཕྱོགས་མེད་མཛད་ཕྲིན་མཁའ་ལྟར་ཁྱབ། །
ཆོས་ལུགས་ཀུན་གྱིས་ཕན་སེམས་གཙོར་བཟུང་བས། །
དེ་དག་འཆམ་མཐུན་བདེ་བའི་རྒྱུ་ཡིན་ཕྱིར། །
ཁྲི་འཛིན་གོང་མའི་རླབས་ཆེན་སྨོན་ལམ་གང་། །
ལྷུར་ལེན་མཛད་ལ་ངལ་བར་མ་གྱུར་ཅིག །
རྫོགས་ལྡན་དུས་ཀྱི་ནང་དོན་རིག་པའི་ནོར། །
འཕྲུལ་ཆས་དུས་རབས་འདིར་ཡང་ལོངས་སྤྱོད་དེ། །
རིས་མེད་སྐྱེ་འགྲོའི་རེ་བ་སྐོང་ནུས་པའི། །
ཐབས་མཆོག་ཀུན་ལ་ཐོགས་པ་མེད་གྱུར་ཅིག །
རིན་ཆེན་དང་པོའི་རྗེས་འགྲོ་སྲོལ་རྒྱུན་དང་། །
ཀུན་ལ་མཁོ་བའི་དེང་རབས་རིག་གནས་གཉིས། །
རྣམ་འབྱེད་ཤེས་རབ་རྣོན་པོས་ལེགས་གཟིགས་ཏེ། །
ཕན་ཚུན་གྲོགས་སུ་སྟོན་པའི་སྙིང་སྟོབས་ཆེ། །
མདོར་ན་བྱམས་དང་སྙིང་རྗེ་ཆོག་ཤེས་སོགས། །
ཐེག་པ་རིམ་དགུ་སྐས་ཀྱི་གདང་ལྟ་བུས། །
གདུལ་བྱ་དཀྲི་ཚུལ་ལམ་སྟོན་བླ་མེད་ཀྱིས། །
འགྲོ་ཀུན་རྫོགས་ལྡན་དཔལ་ལ་དགོད་གྱུར་ཅིག། །།
ཅེས་པ་འདི་ནི་དགེ་མིང་དྲང་སྲོང་རྣམ་རྒྱལ་གྱིས་དཔལ་གཤེན་བསྟན་སྨན་རིའི་དགེ་བཤེས་ཟླ་བ་དར་རྒྱས་རིན་པོ་ཆེ་མཆོག་གཡུང་དྲུང་བོན་གྱི་བླ་ཆེན་༧རྒྱལ་བ་༧སྨན་རིའི་ཁྲི་འཛིན་སོ་བཞི་པར་སྔར་སྲོལ་རྟགས་སྒྲིལ་དུ་དུས་ཚེས་དགེ་བའི་ཉིན་ལེགས་ཐོན་བྱུང་བར་བསྟོད་ཚིག་འདི་ནི་ཨ་རིའི་གནའ་བོའི་གྲོང་ཁྱེར་ཆེན་པོ་ནིའུ་ཡོག་ཏུ་སྤྱི་ལོ་༢༠༡༨ལོའི་ཟླ་༡པོའི་ཚེས་༡ཉིན་བྲིས། །