ཤར་རིའི་ཕྲག་གོང་ནས་གསར་དུ་བཞད་པའི་སེམས་ནང་གི་ཉི་གཞོན།

[ཟླ་ཚེས། 2018-01-02 21:41:40][རྩོམ་པ་པོ།  ནག་ཞིག་གཡུང་དྲུང་མཐར་ཕྱིན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

f13a4479c91942e84406b7cbc8cad03e.jpg

ས་གསུམ་འགྲོ་བའི་གཙུག་གི་ནོར་བསྐལ་ཞིག །

སྐུ་ཡི་མཚན་དཔེ་གངས་ཅན་ལྗོངས་ནས་བཞད།།

འཕྲིན་ལས་གདུལ་བྱ་གོ་ལའི་མཐའ་དང་མཉམ།།

གཤེན་རབ་བསྟན་པའི་བླ་སྲོག་སྨན་རི་བ།།


རིག་གསར་རླུང་གིས་རྒྱལ་བསྟན་འཇིགས་པའི་སྐབས།།

བོན་བསྟན་མེ་རོ་རྒྱ་བལ་ཡུལ་ནས་སྤར།།

སྐུ་ཚེ་ཧྲིལ་པོ་བསྟན་འགྲོའི་དོན་མཛད་ནས།།

མི་རྟག་དགོངས་པ་བདེ་ཆེན་རྒྱལ་སར་གཤེགས།།


འགྲོ་བའི་བདེ་རྩ་འཕྲུལ་ངག་གཡུང་དྲུང་བོན།།

འཁོར་བ་མ་སྟོང་བར་དུ་བཞུགས་པའི་ཕྱིར།།

གོང་གི་ཐུགས་བསྐྱེད་ཟབ་མོའི་ཉེར་ལེན་ལས།།

སྙིགས་མའི་རྒྱལ་བསྟན་འཛིན་པའི་སྐྱེས་མཆོག་ཞིག །


སླར་ཡང་བསྟན་འགྲོའི་ལས་དང་བསོད་ནམས་མཐུས།།

གསང་གསུམ་མཛོད་འཛིན་སྨྲ་དབང་ཡོངས་འཛིན་གྱིས།།

བཀའ་དགོངས་གཞི་བཟུང་ལྷ་སྲུང་དཔང་བཅོལ་ནས།།

མཚན་ལྡན་དཔོན་གསས་རྟགས་སྒྲིལ་ལུང་ནས་སྒྲུབ།།


འཕགས་ཡུལ་གནས་མཆོག་སྨན་གྱི་རི་བོའི་སྤོར།།

རྒྱལ་ཚབ་ཟླ་བ་གཞོན་ནུའི་འོད་བརྒྱ་ཞིག །

རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་བཞི་པ།།

ལྷ་དང་སྲུང་མས་བསྟན་འགྲོའི་མགོན་དུ་དྲངས།།


བསྟན་འཛིན་སྐྱེས་ཆེན་གྲངས་ལས་འདས་པའི་དབུས།།

གོང་སྐུ་རྒྱལ་བའི་རྒྱལ་ཚབ་དམ་པ་སྟེ།།

མཁས་མང་སྟོང་གི་འདུས་སྡེ་སྨན་རི་བའི།།

མར་ཞིའི་ཁྲི་འཕངས་དབུས་སུ་བཞུགས་གསོལ་འདེབས།།


ལུང་དང་རྟོགས་པའི་བོན་ལ་མངའ་བརྙེས་ཤིང་།།

བསྟན་དང་འགྲོ་བ་སྐྱོངས་ལ་མི་ངལ་བའི།།

བསྐལ་ཁུག་འཛམ་གླིང་བོན་གྱི་ལྷ་སྐལ་ཞིག །

རྒྱལ་བ་གཉིས་པའི་རྒྱལ་ཚབ་ཨེ་མ་ཧོ།།


གངས་རིའི་གྲུབ་མཐའ་ཀུན་གྱི་མ་ཡུམ་ནི།།

སངས་རྒྱས་གཤེན་རབ་མི་བོའི་རིང་ལུགས་ཡིན།།

དེ་ཡི་གདུང་སོབ་སྨན་རིའི་ཁྲི་ཐོག་པ།།

འཛམ་གླིང་བོན་གྱི་ཞལ་ཚབ་ཆེན་པོར་བསྟོད།།


གོ་ལའི་ཕྱོགས་མཚམས་ཡུལ་ཆེན་མཐའ་འཁོབ་མུན།།

བསླབ་གསུམ་བསྟན་པའི་ཟེར་གྱིས་གསལ་མཛད་དེ།།

གླིང་བཞིའི་མཁའ་ལ་ཞྭ་དཀར་རིང་ལུགས་ཀྱི།།

ནུབ་མེད་བོན་གྱི་རྒྱལ་མཚན་འཛུག་པར་ཤོག །


འདི་ཕྱི་གཏན་བདེའི་འབྱུང་གནས་རྒྱལ་གཤེན་གྱི།།

བསྟན་པ་རིན་ཆེན་འཕྲུལ་ངག་གཡུང་དྲུང་བོན།།

བསྟན་པའི་སྲོག་ཤིང་དཔལ་ལྡན་སྨན་རི་བའི།།

སྐུ་ཚེ་རྟག་བརྟན་མཛད་འཕྲིན་རྒྱས་པར་ཤོག །

                         ཐ་ཚན་མུ་ཙུག་སྨར།།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།