རྗེས་དྲན་གདུང་འབོད་དད་པའི་ཨ་ལོང་།

[ཟླ་ཚེས། 2017-11-03 20:02:15][རྩོམ་པ་པོ། བཀའ་རམས་པ་གཡུང་དྲུང་སྐལ་བཟང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

11112.png

༸སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཚད་མེད་ཐུགས་རྗེའི་ལྕགས་ཀྱུས་རྗེས་སུ་བཟུང་བའི་རྗེས་དྲན་གདུང་འབོད་དད་པའི་ཨ་ལོང་།

 

ཀ༵་དག་རྫོགས་པ་ཆེན་པོའི་རྣམ་འབྱོར་བའི་ཁྱུ་མཆོག

ཁ༵་བ་གངས་ལྗོངས་མེས་པོའི་རྒྱལ་བསྟན་གྱི་མངའ་བདག 

ག༵་ན་གཤེགས་བཞུགས་ཅི་ཡང་འགྲོ་དོན་རང་མཛད་པའི།

ང༵་བདག་གཟུགས་འཛིན་གྲོལ་བའི་སྨན་རི་བ་མཁྱེན་ནོ།

 

ཅ༵་ནོར་མངའ་ཐང་སྐྱུར་ཏེ་ཞིང་ཁམས་སུ་ཕེབས་སྐབས།

ཆ༵་ལུགས་ལྔ་ལྡན་ཕྱག་རྒྱའི་སྟངས་སྟབས་དང་མ་བྲལ།

ཇ༵་ཡུན་ཙམ་མིན་ཉིན་མང་ཐུགས་དམ་ལ་བཞུགས་ཏེ།

ཉ༵་ཕྱིས་མདངས་ལྟར་ཞལ་རས་ངང་མདངས་ནི་རྒྱས་སོང་། །

 

ཏ༵་ལེར་མཐོང་གྲོལ་སྐུ་གདུང་མཇལ་སྐལ་ནི་ཐོབ་ཚད། །

ཐ༵་སྙད་རྣམ་འགྱུར་ཙམ་མིན་ཤ་རུས་ཀྱི་གཏིང་ནས། །

ད༵་གཟོད་དད་པའི་མིག་ཆུ་དབང་མེད་དུ་འབྲུག་ཅིང་། །

ན༵་བཟའ་དམར་སེར་ཅན་གྱི་གཟི་བརྗིད་དུ་གྱུར་སོང་། །

 

པ༵་ཝ་སངས་ལྟར་དཀར་བའི་རླབས་ཆེན་གྱི་མཛད་པས། །

ཕ༵་ནོར་བུ་ལ་བཞག་པའི་ངོ་མཚར་གྱི་ཞབས་རྗེས། །

བ༵་སྤུའི་སྐྱ་ཙམ་བཀའ་དྲིན་བསབ་ཐབས་ནི་བྲལ་བའི། །

མ༵་ལུས་འགྲོ་བའི་འདྲེན་མཆོག་སྨན་རི་བ་མཁྱེན་ནོ། །

 

ཙ༵་རི་གངས་རི་བསྐོར་བའི་དཀའ་ཚེགས་ལས་ལྷག་པའི། །

ཚ༵་གྲང་དཀའ་སྡུག་བརྒྱ་ཕྲག་གདོང་ལེན་རང་མཛད་དེ། །

ཛ༵་དྲག་གཉན་འཕྲང་ཞིག་ནས་རྒྱལ་བསྟན་དེ་བསྐྱངས་ཚུལ། །

ཝ༵་ལེར་ཡིད་ལ་འཁོར་ཚེ་ཕངས་སེམས་གྱིས་ནོན་སོང་། །

 

ཞྭ༵་དཀར་གཡུང་དྲུང་བོན་གྱི་གྲུབ་མཐའ་ཙམ་མ་ཟད། །

ཟ༵་འོག་མདངས་ལྟར་སྣ་མང་ཆོས་ལུགས་ནི་ཀུན་ལ། །

འ༵་ཅག་ཞི་བདེ་འབྱུང་བའི་གལ་གནད་དུ་གཟིགས་ཏེ། །

ཡ༵་མཚན་དག་སྣང་མཛད་པའི་ཐུགས་རྒྱ་དེ་དྲན་སོང་། །

 

ར༵་གན་གསེར་རྫུས་མོད་པའི་དུས་ངན་གྱི་སྙིགས་མར། །

ལ༵་རྒྱ་བསྟན་འགྲོར་བཅངས་བའི་སྐྱེས་མཆོག་ཁྱེད་ལྟ་བུ། །

ཤ༵་ཁྲག་གདོས་ལུས་བོར་ནས་མཁའ་སྤྱོད་དུ་གཤེགས་ཚེ། །

ས༵་སྟེང་འཇིག་རྟེན་ཡོངས་རྫོགས་སྟོང་པ་རུ་གྱུར་སོང་། །

 

ཧ༵་ར་ལྔ་ལྡན་བླ་མ་རྒྱལ་ཀུན་སྤྱིའི་འདུས་གཟུགས། །

ཨ༵་དཀར་སྐྱེ་མེད་བོན་སྐུའི་དགོངས་ཀློང་དུ་ཐིམས་ཀྱང་། །

ཨ༵་མཐས་འཁོར་བར་བཅིངས་པའི་ཉམ་ཐག་གི་བུ་སློབ། །

ཧ༵་ཅང་མི་རིང་ཚོམ་གཅིག་རྒྱལ་ཐབས་སུ་ཁོད་མཛོད། །

 

ས༵་ལམ་རྟོགས་པ་མཐོང་བའི་བློ་མིག་དེ་མེད་ཀྱང་། །

ཤ༵་ཚུགས་མི་རུ་བཟུང་བའི་མཛད་སྤྱོད་ཉིད་དྲན་དུས། །

ལ༵་ལུང་འཇིག་རྟེན་གཞན་ན་བླ་མ་ཁྱེད་མཚུངས་པ། །

ར༵་བ་གངས་རིའི་ཕྱི་ནང་གང་ནས་ཀྱང་མ་རྙེད། །

 

ཡ༵་རབས་ཚད་ལྡན་གྲྭ་རྐྱང་དཀྱུས་མའི་ཚུལ་བཞུགས་ཀྱང་། །

འ༵་ཆད་འུ་ཐུག་སྐབས་ཤིག་བསྟན་བདག་རུ་བབས་ཏེ། །

ཟ༵་འོག་གདུགས་བཞིན་བོན་འབངས་བྱེ་བ་ཡིས་བཀུར་ཚེ། །

ཞྭ༵་མདོག་གྲུབ་འཛིན་ཁྲོད་ནས་གཟི་བརྗིད་དུ་འབར་སོང་། །

 

ཝ༵་སྐྱེས་སེང་ལྤགས་གྱོན་འདྲའི་ཚུལ་འཆོས་དེ་སྤངས་ནས། །

ཛ༵་ཡའི་བསྟན་ལ་ཐོས་བསམ་འཆད་ཉན་གྱི་འབད་འབུངས། །

ཚ༵་ཚ་འུར་འུར་དགོས་པའི་གདམས་ངག་དག་དྲན་དུས། །

ཙ༵་མོ་ཆུ་ལྟར་འབྲལ་མེད་མ་བཞུགས་ནི་འགྱོད་སོང་། །

 

མ༵་དང་བུ་བཞིན་བྱམས་དང་བརྩེ་བ་ཡིས་བསྐྱངས་ཏེ། །

བ༵་དཀར་འོ་མ་ལྟ་བུའི་གདམས་བཅུད་ཀྱིས་གསོས་ཤིང་། །

ཕ༵་རྒོད་བླ་མ་ཁྱེད་ཀྱི་སྐྱབས་འོག་ཏུ་ཚུད་ཚད། །

པ༵་སངས་མདངས་ལ་འཁུ་བའི་ལས་འཕྲོ་ཅན་ལོས་ཡིན། །

 

ན༵་བཟའ་སྔོན་པོ་མནབས་ཏེ་འཛམ་གླིང་ལ་བསྐོར་དུས། །

ད༵་ལྟའི་དུས་རབས་འདི་ཡི་སྟོན་པ་ཞིག་མཚུངས་པར། །

ཐ༵་དད་འགྲོ་བ་བྱེ་བའི་དད་སྨོན་གྱི་ཞིང་མཆོག །

ཏ༵་མིང་སྟོང་གི་གཙུག་རྒྱན་སྨན་རི་བ་མཁྱེན་ནོ། །

 

ཉ༵་ཉུང་མཉམ་དུ་འདྲེས་པའི་སྤྱི་ཚོགས་ཀྱི་ཁྲོད་དུ། །

ཇ༵་ཞོང་མདོག་འཆང་འདུལ་འཛིན་ཆེ་དགུ་ཡི་གྲལ་ན། །

ཆ༵་ཤས་ཙམ་ཡང་འགྲན་བྲལ་དྲིན་ཆེན་གྱི་བླ་མ། །

ཅ༵་དག་ཚུལ་ཁྲིམས་བསླབ་པའི་དེད་དཔོན་ཉིད་འཁུམས་སོ། །

 

ང༵་ཅག་འཁོར་སློབ་རྒྱ་མཚོའི་གྲལ་དབུས་ནས་ཐོན་ཏེ། །

ག༵་ཤེད་བསྟན་འགྲོའི་མཛད་པ་ལྷུར་བཞེས་ནི་མཛད་ཀྱང་། །

ཁ༵་གཏིང་གཉིས་མེད་འབོད་པའི་གདུང་བ་འདིར་གཟིགས་ཏེ། །

ཀ༵་དག་དགོངས་པའི་ཀློང་ནས་ལམ་སྟོན་རེ་མཛོད་ཅིག  །

 

       ཅེས་ངོ་བོ་རྫོགས་པའི་སངས་རྒྱས་དང་མཉམ་ཞིང་བཀའ་དྲིན་སངས་རྒྱས་ལས་ཀྱང་ལྷག་པའི་རིགས་དང་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་༸དཔལ་ལྡན་རྩ་བའི་བླ་མ་མི་ཡི་སེང་གེ་༸འཛམ་གླིང་བོན་འབངས་ཡོངས་རྫོགས་ཀྱི་དབུ་ཁྲིད་༸ཞྭ་དཀར་བསྟན་པའི་གཙུག་རྒྱན་༸སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་༣༣་པ་མཚན་བརྗོད་པར་དཀའ་ནའང་དགོས་པ་དང་དོན་གྱི་སླད་དུ་མཚན་ནས་སྨོས་ན། ༸ལུང་རྟོགས་བསྟན་པའི་ཉི་མ་དཔལ་བཟང་པོ་མཆོག་གནས་འདིར་བསྟན་འགྲོའི་དོན་རེ་ཞིག་གྲུབ་ཏེ། ཐུགས་དམ་གཡོ་བ་མེད་པའི་ངང་མཁའ་སྤྱོད་བདེ་བ་ཆེན་པོའི་ཞིང་ཁམས་སུ་གཤེགས་པའི་དགོངས་རྫོགས་དགུང་ཞག་བཞི་བཅུ་ཞེ་དགུ་ཚང་བའི་ཉིན་མོར། ༸སྐྱབས་རྗེ་བདེ་བར་གཤེགས་པ་གང་ཉིད་ཀྱི་ཐུགས་རྗེའི་སྐྱབས་འོག་དམ་པར། ཕྱི་ནང་གསང་བའི་དབང་ལུང་མན་ངག་གི་བདུད་རྩི་ཡུན་རིང་འཐུང་བའི་བསྐལ་བཟང་ཐོབ་པའི་བུ་སློབ་ཡོངས་ཀྱི་གྲལ་མཐར་འཁོད་པ་བཀའ་རམས་པ་གཡུང་དྲུང་སྐལ་བཟང་དུ་འབོད་པས། བླ་མ་དྲན་པའི་གདུང་བ་ཚད་མེད་པའི་ངང་ནས་གསོལ་བ་རྩེ་གཅིག་ཏུ་བཏབ་ཏེ་ཕུལ་བའི་དགེ་བས། ཚེ་རབས་ནོར་བུའི་ཕྲེང་བ་ཀུན་ཏུ་དྲིན་ཆེན་བླ་མ་༸རྒྱལ་བ་སྨན་རི་བ་གང་ཉིད་ཀྱི་ཚད་མེད་ཐུགས་རྗེའི་ལྕགས་ཀྱུས་རྗེས་སུ་བཟུང་བའི་རྒྱུ་རུ་གྱུར་ཅིག་གུ། ། རྒྱལ་བ་སྨན་རི་བ་མཁྱེན་ནོ། རྒྱལ་བ་སྨན་རི་བ་མཁྱེན་ནོ། རྒྱལ་བ་སྨན་རི་བ་མཁྱེན་ནོ།། །།   2017/11/4

 

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།