ཉི་ནུབ་ཀྱི་གདུང་དབྱངས།

[ཟླ་ཚེས། 2017-09-29 13:46:04][རྩོམ་པ་པོ། ཁྱུང་དཀར་ཟླ་བ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

1506568149115041.jpg

ཉི་ནུབ་ཀྱི་གདུང་དབྱངས།

གླིང་ལྔ་རིག་པའི་རྩལ་གྱིས་འདེགས་པའི་གསེར་གྱི་ཀ་བ་ཆེན་པོ་ཉིད།།

གློ་བུར་འགྱེལ་བས་འགྲོ་རྣམས་ཀུན་ཀྱང་མ་རིག་མུན་པའི་གཡང་དུ་ལྷུང་།།

སྐྱོ་གདུང་སྡུག་བསྔལ་བཟོད་གླགས་མ་རྙེད་འོ་དོད་མཆི་མས་བརྒྱལ་སྙམ་བྱེད།།

སྐྱབས་རྗེ་བླ་མས་མི་མངོན་དབྱིངས་ནས་ཐུགས་རྗེས་གཟིགས་རོགས་ཀྱེ་མ་ཧུད།།

 

འཛམ་གླིང་སྐྱེ་རྒུའི་སྐྱབས་ཀྱི་དྭངས་མ་རྒྱལ་བ་སྨན་རིའི་ཁྲི་འཛིན་མཆོག།

རིས་མེད་གདུལ་བྱ་རྟག་འཛིན་ཅན་རྣམས་སུན་དབྱུང་དགེ་ལ་བསྐུལ་བའི་ཕྱིར།།

གློ་བུར་ཐུགས་དམ་གཡོ་མེད་ངང་གིས་གཟུགས་སྐུའི་བཀོད་པ་རེ་ཞིག་བསྡུས།།

གཏམ་འདི་སྙིང་ལ་རབ་ཏུ་གཟན་པས་གླིང་ལྔ་མཚོ་བཞིའང་གཡོ་ཞིང་སྐྱོམ།།

 

ཀྱེ་མ་གསེར་གྱི་ཁྱུང་ཆེན་གློ་བུར་མཁའ་སྤྱོད་ཞིང་དུ་གཤེགས་པ་ཡིས།། 

སྲིད་པའི་ཁྱོན་འདི་གློ་བུར་སྟོང་བའི་སྐྱོ་སྣང་སྨག་རུམ་བཞིན་དུ་གཏིབས།།

སྐྱོ་གདུང་དྲག་པོས་མགྲིན་པ་བརྣངས་བཞིན་སྐྱབས་འཇུག་སྨོན་ལམ་ཞུ་ཞོར་དུ།།

རང་གི་ནུས་པས་དངོས་འབྱོར་ཡིད་སྤྲུལ་མཆོད་པ་ཕུལ་བ་དགེ་གྱུར་ཅིག།

 

ལུང་རྟོགས་ཡོན་ཏན་ཀློང་ནས་བརྡོལ་ཞིང་འཛམ་གླིང་མཁས་མང་གཙུག་གི་ནོར།།

བསྟན་པའི་རྒྱལ་མཚན་ཕྱོགས་སུ་སྒྲེང་མཁས་རིགས་དྲུག་འདྲེན་སྟོན་སེམས་དཔའ་ཆེ།།

ཉི་མའི་དཀྱིལ་འཁོར་ཇི་བཞིན་ཐུགས་རྗེའི་འོད་སྣང་གླིང་བཞིའི་ཁྱོན་དུ་འཚེར།།

རྩེ་གཅིག་སྙིང་ནས་གསོལ་བ་འདེབས་སོ་དབང་བཞིའི་བྱིན་རླབས་དངོས་གྲུབ་སྩོལ།།

 

གྱེར་གཤེན་བསྟན་པའི་སྙིང་བོ་གསལ་བྱེད་སྲིད་པའི་སྤྱན་གཅིག་སྨན་རི་བ།།

བདེ་དགེ་ལེགས་ཚོགས་ཅིི་འདོད་ལྷུག་སྩོལ་དཔག་བསམ་ལྗོན་བཟང་སྨན་རི་བ།།

རིགས་དྲུག་སེམས་ཅན་ཐར་བའི་ལམ་སྟོན་ཐབས་མཁས་དེད་དཔོན་སྨན་རི་བ།།

ཉེ་རིང་མི་མངའ་ཐུགས་རྗེ་ཀུན་སྙོམས་སེམས་དཔའ་ཆེན་པོར་གུས་ཕྱག་འབུལ།།

 

བོན་འབངས་ཡོངས་ཀྱི་སྤྱི་རྗེ་དམ་པ་རྩ་གསུམ་ཀུན་འདུས་རིན་པོ་ཆེ།།

ནམ་ཡང་འབྲལ་མེད་སྤྱི་གཙུག་བདེ་ཆེན་ཕོ་བྲང་དབུས་སུ་འོད་དུ་འཚེར།།

ཞེ་དགུའི་ཡུན་དུ་དམར་ཟས་སྤངས་ཤིང་སྐུ་གསུམ་སྙིང་བོ་འབུམ་གྱི་གྲངས།།

ཁས་བླངས་དམ་བཅའ་དོན་དུ་གཉེར་བའི་དགེ་བ་མཆོག་གསུམ་ཞིང་དུ་བསྔོ།།

    ཁྱུང་དཀར་ཟླ་བས་གནའ་མཁར་ཟི་ལིང་ནས་སྤེལ་བའོ།།

                        2017.9.28

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།