གསེར་གྱི་སྒྲོན་མེ་སེར་པོ་ཞིག་གཟིམས་སོང་།

[ཟླ་ཚེས། 2017-09-27 10:09:06][རྩོམ་པ་པོ། གང་བསམ་ལྷུན་གྲུབ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

01-曼日法王 (2).jpg

སྐུ་ལུས་གཟི་མདངས་བརྗིད་ཆགས་གངས་ཅན་ཡུལ་ན་ཚར་དུ་དངར།།

གསུང་གི་ཚངས་དབྱངས་ཧི་མ་ལ་ཡའི་ཡང་རྩེར་ལྷང་ལྷང་གྲགས།།

ཐུགས་ཉིད་མཁྱེན་བརྩེ་བར་སྣང་ཡངས་པོའི་ཚད་ཀྱིས་མ་འདང་བའི།།

རིག་པ་གཏེར་གྱི་བང་མཛོད་རྒྱལ་གཤེན་བསྟན་པའི་སྨན་རི་བ།།


བསྐལ་པ་སྟོང་ལ་སངས་རྒྱས་ཁྲི་མ་འབུམ་གྱི་དབུས་དཀྱིལ་ནས།།

སྐར་མ་ཁྲ་ཚོགས་བྱེ་བ་ས་ཡའི་ནང་ནས་རྒྱལ་པོ་བཞིན།།

འོད་བཞིན་མ་ལུས་འགྲོ་དྲུག་ཀུན་པོའི་མུན་འཇོམ་ས་ལེ་ཉིད།།

ཁམས་གསུམ་གསལ་བའི་སྒྲོན་མེ་གྱེར་གཤེན་བསྟན་བདག་སྨན་རི་བ།།


ཡ་ང་སྙིང་རྗེའི་ཞིང་དུ་བདེན་པ་བརྩེ་བའི་ཐུགས་ལྡན་ཞིང་།།

རྣམ་གྲོལ་ལེགས་པའི་ཡོན་ཏན་རྩལ་རྫོགས་བློ་གྲོས་ཤེས་རབ་ཅན།།

འགྲོ་བའི་བློ་ངོར་གང་ལ་གང་འདུལ་དེ་ལ་དེ་སྟོན་པའི།།

སངས་རྒྱས་མི་གཟུགས་སྤྲུལ་པའི་མཆོག་འཛིན་སྨན་རི་སོ་གསུམ་པ།།


སེམས་པ་རླུང་གི་འཁུར་བའི་ནམ་ཟླ་སྐྱ་བོའི་སྟོན་མཇུག་ཏུ།།

སྐད་ངན་ཚིག་ནག་མཚོན་གྲི་རྣོན་པོས་སྙིང་བསྣད་པ།།

མགོན་ཁྱེད་མ་བཞུགས་ས་སྲོད་ལྷན་དུ་རྒྱང་དུ་ཕེབས་སོང་ཞེས།།

ཐོས་པས་ཡིད་ཆད་སྡུག་བསྔལ་འཇིག་སྐྲག་སྙིང་རླུང་ལངས།།


རི་བོ་གངས་དཀར་ཏི་སེའི་ཕྲག་པ་གཡས་ཀྱི་འགྲམ་ངོས་ནས།།

དགྱེས་ཞལ་འཛུམ་ཕྱུག་སྲིད་པ་རྒས་པོ་གོ་ལར་ཁྱབ་པའི་ཉི་མ་ཞིག།

རང་གི་ཆོ་འཕྲུལ་ཡོངས་སུ་རྫོགས་ནས་ནུབ་རིའི་ཕག་ལ་འོད་ཀྱིས་ཡིབ།།

དྲོད་ཁུལ་དབུལ་བའི་འཇིག་རྟེན་སྐྱ་བོ་ཞིག་ཏུ་ང་ཚོ་ལུས།།


འཛམ་གླིང་ས་ཆེན་སུམ་གཉིས་དཀྱིལ་འཁོར་རྐོང་བུ་རིན་ཆེན་དུ།།

ཁ་བའི་སྐྱབས་མགོན་གསེར་ཟམ་སྒྲོན་མེ་འོད་ཀྱི་ཚེ་འབར་ཞིག།

མི་རྟག་སྒྱུ་མ་རླུང་གི་དེད་ནས་ཞིང་ཁམས་གཞན་ལ་གཤེགས།།

འོད་སྣང་བྲལ་བའི་མུན་ནག་སྟུག་གི་སོ་ཁར་ང་ཚོ་ལུས།།


གྱེར་གཤེན་བསྟན་པའི་སྲོག་གི་ཀ་བ་འདིགས་ཅན་དཔལ་གྱུར་པ།།

གནའ་བོ་མེས་པོའི་བཅུད་ཀྱི་དྭངས་མ་བོད་ལ་ལྡུད་པའི་མགོན།།

གློ་བུར་མི་རྟག་དགོངས་པ་བོན་ཉིད་ནམ་མཁའི་དབྱིངས་སུ་འཐིམས།།

ཕ་མེད་དྭ་ཕྲུག་ཁྲི་མ་འབུམ་ཉིད་འོོ་དོའི་སྐྱོ་འབོད་ཀློང་དུ་ལུས།།


ཁ་བ་ནག་པོ་འབབ་པའི་མྱ་ངན་བྱེ་གཞུང་ཐང་འདི་ནས།།

ཤུལ་ལུས་བོད་མི་ངོ་གདོང་མཆི་མས་གང་བའི་ངུ་ངག་གིས།།

དམ་པ་ཁྱེད་ཀྱི་ཡང་སྲིད་གསེར་གྱི་ཉི་མ་གཞོན་ནུ་གང་།།

མི་འགྱང་མྱུར་དུ་འབྱོན་པའི་སྨོན་ལམ་ཡང་ནས་ཡང་མཆིས།།


   གྱེར་གཤེན་བསྟན་པའི་མངའ་བདག་ཕ་གཅིག་དམ་པ་འཛམ་གླིང་སོ་ཁ་ཀུན་ལ་རིས་མེད་ཞེས་པའི་ཐ་སྙད་ཉམས་སུ་བཞེས་པའི་༧རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་སྐུ་མི་རྟགས་དགོངས་པ་བོན་དབྱིངས་སུ་བྱོན་པའི་མྱ་ངན་གྱི་གདུང་འབོད་འདི་སྤྱི་ལོ་2017、9、27ཉིན་སེང་གེ་གང་བསམ་ལྷུན་གྲུབ་འབོད་པ་དེས་བྲིས།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།