ཤར་གྱི་ཉི་མ་ནུབ་ནས་གཟིམས་པའི་མིག་ཆུ།
[ཟླ་ཚེས། 2017-09-25 22:18:58][རྩོམ་པ་པོ། ཁྱུང་བསོད་བློ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
མཚན་དཔེ་ཤར་ནས་བཞད་པའི་ཁྱུང་ཆེན་ཞིག།
སྐུ་ཚེ་ནུབ་ནས་གཟིམས་པའི་སྡུག་བསྔལ་གྱི།།
ཆག་སྒོ་བོན་གྱི་མགོ་ལ་བྱུང་ཉིན་མོར།།
གྱོང་གུད་སྡུག་གི་མིག་ཆུས་ཤ་རུས་བངས།།
གནམ་ནས་ཉི་མ་ནག་པའི་ཉིན་མོ་དང་།།
ས་ལ་མུན་པ་རུབ་པའི་ཕྱི་དྲོ་དང་།།
མི་སྙན་གཏམ་ངན་ཐོས་པའི་དུས་ཚོད་ཐོག།
ཁྲ་ཆུང་མིག་གིས་མཐོང་ཚད་ནག་པོ་གྱུར།།
གསར་རྙིང་དུས་ཀྱི་འཕྲང་ནས་རྫ་ལ་བརྒལ།།
མདའ་མདུང་སོ་པའི་འགག་ནས་བསྟན་པ་གཅེས།།
གཤེན་གྱི་བླ་དྭགས་ཆུ་ལ་མ་གཡུག་ནས།།
ཕྱི་དར་བསྟན་པའི་སྟོན་པ་ཁྱེད་ཀྱིས་མཛད།།
དགོངས་པ་ལྷ་ལས་མཐོ་བའི་སེམས་དཔའ་དང་།།
དམ་ཚིག་བོན་ལ་འདྲེས་པའི་ཁྱེའུ་ཞིག།
ལྷོ་གླིང་གཤེན་བསྟན་བསྐྱང་ལ་ཐུགས་མ་ཁོམ།།
འོལ་གླིང་མཁའ་སྤྱོད་ཞིང་ལ་ཆིབས་བསྒྱུར་མཛད།།
པོད་ཀྱི་སྒོ་བཞི་མཛོད་ལྔའི་མཚེར་སྒར་བཏབ།།
སེམས་དང་དམ་བཅའ་ཧྲག་པའི་རུ་ཤོག་བཟུང་།།
ལུང་དང་རིགས་པས་ཕྱུག་པའི་བཤེས་གཉེན་བསྐྲུན།།
གོ་ལའི་ཕྱི་ནང་ཕྱོགས་ལ་བཤད་སྒྲུབ་བཙུགས།།
གོས་དང་ཁ་དོག་དམར་བའི་སྲུབ་ཀ་ནས།།
ཤག་དང་ཁ་ཟས་མོད་པའི་སློབ་གླིང་བསྐྲུན།།
བྱམས་ཀྱི་ཨ་མ་མེད་པའི་དྭ་ཕྲུག་གསོས།།
ཞི་བའི་ས་ནས་འཛུམས་མཁན་ཞི་ལྷ་ཁྱེད།།
ཁྱེད་ཉིད་ནུབ་ནས་གཟིམས་པའི་དུས་ཚིག་འདིར།།
མེས་པོས་གཅེས་པའི་མ་ཕྱི་གཡུང་དྲུང་བོན།།
གྲུབ་མཐའི་རྒྱལ་པོ་ཡིན་པའི་རྒྱལ་ཁ་ཡི།།
གཤེན་གྱི་བརྡ་དར་ཅུང་ཙམ་དམའ་དགོས་བྱུང་།།
སྐྱབས་ཀྱི་བླ་མ་གཟིམས་པའི་མུན་པ་དང་།།
སྦུག་གི་བཞུཌ་ཁྲི་སྟོངས་བའི་ཕམ་ཁ་དང་།།
སེམས་ཀྱི་ཉི་མ་མེད་པའི་སྐྱོ་བ་གསུམ།།
ཇི་སྲིད་སྐྱེ་བ་འདི་ལ་དྭངས་ཐབས་དཀའ།།
གསེར་འཕྲུའི་སེར་ཞག་འཁྱིལ་བའི་བད་འོག་དང་།།
གྲྭ་ས་སྨན་རིའི་ཚང་གི་གྲལ་འགོ་ནས།།
བླ་མེད་གདམས་ངག་བསྣམ་པའི་ཁྱེའུ་ཞིག།
གློ་བུར་མྱང་འདས་ཆེན་པོའི་རྒྱལ་སར་བསྐྱོད།།
དག་ཞིང་སེམས་དཔའ་སྟོང་གིས་རེ་སྒུག་ལ།།
ངེས་པའི་འཁོར་སློབ་སྐྱོང་བའི་སྙིང་རྗེ་དང་།།
ཐུཌ་ཀྱི་ཤེས་རབ་ཆེན་པོས་མ་བཟོད་ནས།།
ངེས་པ་ལྔ་ལྡན་མཛད་ལ་ཁྱེད་ཉིད་གཤེགས།།
སངས་རྒྱས་བསྟན་ས་ཟིན་པའི་ཡང་སྲིད་ཅིག།
ཕྱུག་ཆེན་སྒོར་མོས་བསླུ་ནས་བསྐོ་མི་དགོས།།
བརྩེ་ཆེན་སྙིང་རྗེ་ཆེན་པོའི་རང་གཟུགས་ཅན།།
མདོ་སྔགས་སེམས་ལ་བྱང་པའི་བུ་ཞིག་དགོས།།
གང་གི་བླ་རུ་འཕགས་པའི་བླ་ཆེན་འདས།།
གངས་ཆུ་དྭངས་མ་མང་པོ་མིག་ཆུ་གྱུར།།
གང་ཤར་སྣང་བ་མང་པོ་མུན་པ་གྱུར།།
གངས་ཅན་སྐྱེ་འགྲོ་མང་པོ་བཤུམས་དགོས་བྱུང་།།
ཁྲི་འཛིན་སོ་གསུམ་གཤེགས་པའི་དགོང་མོ་ལ།།
བཞུགས་ཁྲི་སྟོངས་པ་གྱུར་པས་སེམས་དེ་ཕམ།།
རྒྱལ་ཚབ་ལྷ་ཡིས་བསྐོས་པའི་སེམས་དཔའ་ལ།།
རྗེས་འཛིན་ང་ཚོས་བྱ་བའི་དམ་བཅའ་ཡོད།།
༢༠༡༧/༩/༢༥/༥/༥/ཐོག་དམ་པ་གོང་གི་སྐྱབས་འོག་ཏུ་ཚུད་པ་ཁྱུང་བསོད་བློ་ནས་སེམས་པ་སྐྱོ་བས་བཅིང་བཞིན་བྲིས་སོ།།