ཁྱེད་བཞུད་རྗེས་སུ།

[ཟླ་ཚེས། 2017-09-24 10:15:32][རྩོམ་པ་པོ།  ཁྱེའུ་ལྷ་སྲས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

2211q.jpg

དུས་མཐའི་རྗེ་བོ་གྱེར་བསྟན་ཁྱབ་སྤེལ་སྨན་རི་བ།།

བསྐལ་བཟང་གླིང་འདིའི་གདུལ་བྱའི་མི་བརྗེད་སྙན་པར་གྲགས།།

བདག་དང་བདག་འདྲར་རྟག་ཏུ་རེ་རྣམས་སུན་འབྱིན་ཕྱིར།།

གདོས་བཅས་གཟུགས་སྐུ་མི་རྟག་ཚུལ་བསྟན་བོན་དབྱིངས་ཐིམ།།


ཕྲེང་ཐག་གཅིག་པའི་དད་འབངས་ཡོངས་ཀྱིས་རྒྱང་རིང་ནས།།

རྩེ་གཅིག་དྲན་པས་འགྱུར་མེད་གསོལ་བཏབ་ཐལ་ཕྱག་འཚལ།།

མཆོད་པ་རྣམ་ལྔས་སྐུ་བརྙན་ཚོགས་སུ་གཤོམ་འབུལ་བསྟོད།།

རབ་འབྱམས་ཕྱོགས་བཅུ་དབྱངས་འགྱུར་དྭངས་མས་གྱེར་སྒྲ་སྒྲོག།


གཤེན་བསྟན་གཤང་སྙན་དཀྲོལ་བའི་གཙུག་རྒྱན་སྨན་རི་བ།།

གདུལ་ཁམས་སྨག་རུམ་སེལ་བའི་རྟ་བདུན་གཙུག་ན་རྒྱལ།།

རྗེ་གཅིག་མཉམ་མེད་བླ་མའི་དམུ་ཐག་འོད་མདངས་གསལ།།

ས་ཆེན་གངས་ཀྱི་ནོར་བུའི་བང་མཛོད་སྒོ་བརྒྱ་འབྱེད།།


བན་བོན་རིས་སུ་མེད་པའི་སྐྱབས་མཆོག་གཙུག་གི་ནོར།།

སྣང་བརྙན་གཟུགས་སྐུའི་བཀོད་པ་ལྷ་ལམ་བོན་དབྱིངས་བསྡུས།།

རྟེན་འཚོ་བུ་སློབ་ཡོངས་ཀྱིས་རྗེས་ཤུལ་གསོལ་སྨོན་བཅས།།

འོད་སྐུ་སྤྱི་གཙུག་པད་གདན་དཀྱིལ་དུ་སྤྱན་འདྲེན་ཞུས།།


མི་ཕྱེད་དད་པའི་རྟེན་མཆོག་གཤེན་ལྷ་འོད་དཀར་ཅན།།

མི་ཡུལ་ཁམས་ནས་གཟི་བྱིན་མཚན་དཔེ་མངོན་གསལ་ནས།།

ཕ་ནོར་གཙང་མ་གཤེན་ལམ་དཀར་པོའི་སྣེ་ཁྲིད་མཁན།།

མགོན་ཁྱེད་རྫོགས་སངས་བདེ་ཆེན་ཀློང་དུ་ཕེབས་ཤུལ་དུ།།


སྐྱབས་འོག་གདུལ་བྱའི་བློ་སྙིང་སེམས་གསུམ་སྐྱོ་བས་གཟིར།།

མི་རྟག་འཁོར་བའི་སྣང་བརྙན་སྒྱུ་འཁྲུལ་བདེན་ལྟ་བར།།

འཇིགས་སྣང་བློ་བུར་སྐྱེས་ནས་དགེ་བའི་ཚོགས་སུ་འཇུག །

རྟག་བརྟན་དྲེགས་ཚོགས་དགེ་བའི་ཕྱོགས་སུ་དད་མོས་སྐྱེས།།


དམུ་རྒྱལ་གཤེན་གྱི་བསྟན་གཙོའི་གཟུགས་གར་སྨན་རི་བ།།

ཧི་མ་ལ་ཡི་རྒྱལ་ཁམས་ཕྱོགས་མཐའ་བོན་དབྱངས་འཐེན།།

མདོ་དབུས་ཁམས་སུ་དཔྱོད་ལྡན་མཁས་མང་མཚོ་རླབས་རྒྱས།།

འགྲོ་དོན་མཐར་ཕྱིན་སྤང་རྟོགས་ལེགས་རྫོགས་སྤྲོས་མཐའ་བྲལ།།


བླ་རི་ཏི་སེའི་མཐའ་དབུས་ཀུན་ནས་བོད་འབངས་ཡོངས།།

དཀར་ཕྱོགས་དགེ་བའི་གྱེར་དབྱངས་བསྒྲགས་ནས་གུས་ཕྱག་འཚལ།།

རྗེས་འཛིན་སློབ་འབངས་བྱིན་རླབས་སྦྲང་ཆར་ཡང་ཡང་ཞུས།།

སྨིན་གྲོལ་རྟགས་སུ་འཇའ་གུར་མོད་པོ་མཁའ་དབྱིངས་རྡོལ།།


དཔལ་ལྡན་སྐྱབས་གཅིག་བླ་མ་གཙུག་ནོར་སྨན་རི་བས།།

ཚེ་ནོར་གཡང་གི་བང་མཛོད་ལུང་རྟོགས་གསེར་ཞུན་བསྩལ།།

བླུན་རྨོངས་མདུད་པ་གྲོལ་ནས་གསལ་སྒྲོན་ཤེས་རབ་སྤར།།

མཁའ་མཉམ་འགྲོ་བའི་ལྷ་སྐལ་རང་གནས་མི་མངོན་གཤེགས།།


སྐྱ་སེར་སྐྱབས་འོག་འཁོར་ཚོགས་ཕྲེང་སྒྲིག་མྱ་ངན་ཞུས།།

སྣ་ཚོགས་ཟས་ཀྱི་མཆོད་འབུལ་ཟབ་རྒྱས་གཏོང་ཕོད་བྱས།།

རྣམ་འདྲེན་རྒྱལ་ཚབ་ལུང་རྟོགས་བསྟན་པའི་ཉི་མ་ལགས།།

རྗེས་ཤུལ་ངེད་ཅག་ཚེ་རབས་ཀུན་ཏུ་ཐུགས་རྗེས་གཟིགས།།


---༢༠༡༧/༩/༡༦ཉིན་བྲིས།---

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།