སྐྱོ་གདུང་མཆོད་པའི་སྒྲ་དབྱངས།

[ཟླ་ཚེས། 2017-09-24 10:09:58][རྩོམ་པ་པོ། སྡེ་དགེ་ཕྱྭ་སྲས་ནག་པོ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

2111111111111111111111.jpg

སྐུ་གསུམ་ཀློང་ནས་འགྲོ་བའི་མགོན་ཅིག་པུ།།

དུས་ངན་སྙིགས་མ་བསྐལ་པའི་ཁུག་སོ་ན།།

འཛམ་གླིང་མི་ཡི་སྐྱབས་གནས་སྨན་རི་བ།།

རྗེ་གཅིག་ལུང་རྟོགས་བསྟན་པའི་ཉི་མ་མཁྱེན།།


གཤེན་རབ་བོན་གྱི་བསྟན་པའི་མངའ་བདག་རྗེ།།

སྒོ་བཞི་མཛོད་ལྔ་ཐེག་པ་རིམ་དགུ་སོགས།།

ཕྱོགས་མཐའ་ཀུན་ཏུ་འཕྲུལ་ངག་བོན་སྒྲ་སྒྲོགས།།

མཁྱེན་བརྩེའི་བདག་ཉིད་ཁྱེད་ཀྱིས་བྱིན་གྱིས་རློབས།།


སྟོན་པའི་སྒྲོན་མེ་དུས་མཐར་ནུབ་ལ་ཉེ།།

བསྟན་པའི་སྲོག་ཤིང་འཛིན་པའི་སྨན་རི་བ།།

ཞང་ཞུང་བོན་གྱི་བསྟན་པའི་མངའ་བདག་སྟེ།།

ལུང་རྟོགས་བསྟན་པའི་ཉི་མ་གུས་པས་གསོལ།།


རྣམ་དག་འདུལ་ཁྲིམས་བཅོ་ལྔའི་ཉ་ཆེན་རྒྱས།།

རིམ་གཉིས་ཟབ་མོའི་ལམ་བཟང་མངོན་གྱུར་པའི།།

བླ་མེད་ལྟ་བའི་དགོངས་པ་ཐུགས་ནས་གསལ།།

དབྱིངས་རིག་མ་བུ་འདྲེས་ལ་ཕྱག་འཚལ་ལོ།།


ཞྭ་དཀར་བསྟན་པའི་གཙུག་རྒྱན་སྨན་རི་བ།།

རྒྱལ་བ་གཉིས་པའི་ཁྲི་འཛིན་སོ་གསུམ་པ།།

བདག་སོགས་འགྲོ་བའི་བསོད་སྐལ་མ་ཐེག་ནས།།

ལན་ཅིག་འགྲོ་བའི་དོན་ཆེན་གཞན་ལ་དགོངས།།


ཁྱེད་སྐུ་གསེར་གྱི་ཉི་མ་ནུབ་རིར་ཡིབ།།

གསུང་གསང་ལན་ཅིག་ཐོས་པའི་སྐལ་དབེན་ཡང་།།

ཐུགས་རྗེས་འགྲོ་ལ་གཟིགས་པའི་མཁྱེན་བརྩེ་ཅན།།

ཤུལ་ལུས་དྭ་ཕྲུག་འཁྱམས་པོར་དགོངས་ཤིག་ཀྱེ།།


ཡ་ཐོག་རིག་པའི་འབྱུང་གནས་སྨན་རི་བ།།

གཟུགས་སྐུའི་བཀོད་པ་བོན་དབྱིངས་ཐིམ་དང་ལྷན།།

ཡར་ལུང་སོག་ཁའི་གཟི་བརྗིད་གང་ནས་བརྩལ།།

ཕྱོགས་མེད་དྭ་ཕྲུག་ཁྲི་འབུམ་སྐྱོ་བས་གདུང་།།


སྐུ་མཆོག་མི་གཡོ་ཆ་ལུགས་ལྔ་ལྡན་ངང་།།

ཐུགས་ཀྱི་དགོངས་པ་ཀ་དག་བོན་དབྱིངས་ལ།།

གཟིམས་པའི་ཚུལ་ཅན་སྐྱབས་རྗེ་སྨན་རི་བ།།

བདག་སོགས་འགྲོ་ལ་ཐུགས་ཀྱིས་བྱིན་ཆེན་ཕོབས།།


ཕྱོགས་མེད་འགྲོ་ལ་བོན་གྱི་ཆར་ཆེན་འབེབ།།

བསྟན་པའི་ཀ་ཆེན་སྲིད་པ་གསུམ་ལ་འཛུག།

འཛམ་པའི་གླིང་ན་མུན་སེལ་སྒྲོན་མེ་ཞིག།

སྐྱབས་ཀྱི་དང་པོ་བླ་མ་དཀོན་མཆོག་མཁྱེན།།


    སྐྱོ་གདུང་མཆོད་པའི་སྒྲ་དབྱངས་ཞེས་བྱ་བ་འདི་ནི་སྤྱི་ལོ་༢༠༡༧/༩/༡༤ཕྱི་དྲོའི་ཆུ་ཚོད་དྲུག་དང་སྐར་མ་༢༥སྟེང་འཛམ་གླིང་བོན་འབངས་ཡོངས་རྫོགས་ཀྱི་དབུ་ཁྲིད་༧ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་མཆོག་བོན་གྱི་གདན་ས་ཆེན་པོ་༧དཔལ་གཤེན་བསྟན་སྨན་རི་གླིང་གི་བླ་བྲང་དུ་ཐུགས་དམ་གཡོ་བ་མེད་པའི་ངང་ནས་དགོངས་པ་བོན་དབྱིངས་སུ་ཐིམ་སོང་བའི་གནས་ཚུལ་འདི་ཐོས་ནས་སྐྱོ་གདུང་ངང་དུ་ཤར་རྫ་འཇའ་ལུས་པའི་གདན་ས་དགེ་ཐང་བཤད་སྒྲུབ་པད་མ་རྒྱས་པའི་དགའ་ཚལ་ནས༢༠༡༧/༩/༡༧ནུབ་མོ་ཕྱྭ་སྲས་ནག་པོས་གསོལ་བ་སྙིང་ནས་བཏབ་པའོ།།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།