སྨན་རི་བ།

[ཟླ་ཚེས། 2017-09-24 00:10:57][རྩོམ་པ་པོ།  རླུང་སྲས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

b38f6d817888a6dff183f6083d01fd9c.jpg

སྨན་རི་བ། 

གངས་རི་ཞིག་གི་དབུ་རྩེ་ཉིལ་སོང་།

སྒྲོན་མེ་ཞིག་གི་འོད་རླབས་གཟིམས་སོང་།

ཀྱེ་ཀྱེ།

ས་ཆེན་པོའི་པང་དུ་འཚོ་བའི་འགྲོ་བ་བརྒྱ་ཕྲག་གི་རྣམ་ཤེས་འཁོར་ས།  

གངས་དཀར་པོའི་འདབ་རོལ་ལ་འཁྱིལ་བའི་རིགས་རྒྱུད་ཅིག་གི་སྲོག་ཤིང་དངོས་མ།

སྨན་རི་བ།

ངེད་ཅག་གི་བསོད་ནམས་ཀྱིས་མ་ཐེག་པར་འདི་ལྟར་བཞུད་དུས།

རིགས་ཞེན་ཆང་གིས་བཟི་བའི་བགྲེས་པོ་ཚོས་ཕམ་སེམས་ཀྱི་དངན་པ་འཐེན་སོང་།   

ལང་ཚོ་ནར་མ་སོན་པའི་དྭ་ཕྲུག་ཚོས་སྡུག་ཐུག་གིས་སྨྲེང་གླུ་གྱེར་སོང་།


དགོང་མཐོ་ཨ་སྔོན་ནས་འཚེར་བའི་ཉི་ཟླ་ཞིག་གི་མཚར་སྡུག་ནུབ་སོང་།  

དབུ་ནག་མིའི་རིགས་ཀྱི་རྒྱབ་རྟེན་གྱི་བྲག་རི་ཉིལ་སོང་། 

ཀྱེ་ཀྱེ།

ཞབས་རྗེས་གངས་ལ་བཀོད་པའི་དུས་ཀྱི་སྟོན་པ་ཆེན་མོ། 

ཕལ་བའི་སྙིང་ན་འཚེར་བའི་སྲིད་པའི་ཉི་མ་འོད་ཆེན། 

སྨན་རི་བ།

ཁྱེད་ཉིད་གཤེགས་པའི་ཤུལ་ནས།

དད་ལྡན་བརྒྱ་ཚོགས་སྟོང་འདུས་ཀྱིས་སྐྱོ་གར་འཁྲབས་སོང།  

བུ་སློབ་ཁྲི་མ་འབུམ་གྱིས་དྲན་གདུང་གི་མིག་ཆུ་ཤོར་སོང་།   


ཐུགས་རྗེའི་འོད་གུར་ནས་མཆེད་པའི་ཞུམ་མེད་ཀྱི་ཐུགས་སྤོབས་དེ་དང་།

བྱམས་བརྩེའི་ས་གཞི་ནས་སྨིན་པའི་ལྷད་མེད་ཀྱི་བྱམས་སེམས་དེ་ཡིས།

ཕ་ཆོས་ཀྱི་མེ་རོ་བསླངས་ཤིང་དད་ལྡན་གྱི་དྭངས་བ་འདྲེན་སོང་། 

སྨན་རི་བ།

ཞྭ་དཀར་དབུ་ལ་གསོལ་བའི་ཆོས་རྒྱུད་ཅིག་གི་སྐྱབས་མགོན་ཆེན་པོ།

རིས་མེད་འགྲོ་བ་ཡོངས་ཀྱི་སྤྱི་གཙུག་གི་ཉི་མ་སེར་པོ།

འདི་ལྟར་ཕེབས་དུས།

སྐྱེས་ཆེན་གསེར་ནག་གི་རི་བོའི་ཐུགས་ཡིད་ཕམ་སོང་།

སློབ་ཚོགས་རྒྱུ་སྐར་གྱི་ཕྲེང་བའི་སེམས་པ་དུབ་སོང་།


ས་ཆེན་གོ་ལ་ཧྲིལ་བོས་ལྕོག་དཀའ་བའི་བླ་མེད་ཀྱི་མཛད་འཕྲིན་རེ་དང་།

གཏན་དུ་བརྗེད་པར་མི་རུང་བའི་བྱིན་རླབས་ཀྱི་ཚན་ཁ་རེ་རེ།

འུ་ཅག་ལ་ཕོག་ཚུལ་བསམས་ན།

སྙིང་ཡ་ཆུང་གི་དུང་ཟླ་ལྷམ་མེར་འཚེར་ཞིང་།

ཡིད་གངས་དཀར་གྱི་འཛུམ་མདངས་ལྷོད་ཀྱིས་གྲོལ་འོང་།  

སྨན་རི་བ།   

ཕྱོགས་བཅུའི་སངས་རྒྱས་ཀུན་འདུས་ཀྱི་རྒྱལ་སྲས་གཞོན་ནུ།

ལྷ་མི་འགྲོ་དྲུག་ཡོངས་རྫོགས་ཀྱི་དཔུང་གཉེན་གཅིག་པུ།


ཀྱེ་བདག་གི་སྐྱབས་མགོན་ལགས།    

བྱམས་དང་བརྩེ་བའི་ལྕགས་ཀྱུས་འདོར་བ་མ་གནང་།

ཐུགས་རྗེའི་འོད་ཀྱི་གཟི་འོད་ད་དུང་སྤྲོ་རོགས། 

སྨན་རི་བ།  

བདག་ནི་འཁོས་ཞན་པའི་ཉམས་ཆུང་གི་ཉམས་ཆུང་ཞིག་ཡིན་སྟབས།

སྙིང་རྗེའི་བདག་ཉིད་ཁྱེད་མ་བཞུགས་པ་ཧ་ཅང་སྐྱོ་སོང་།

སྨན་རི་བ།  

བདག་ནི་བློ་དམན་པའི་རྨོངས་པའི་རྨོངས་པ་ཞིག་ཡིན་སྟབས།   

བརྒྱད་ཁྲི་བཞི་སྟོང་གི་གླེགས་བམ་ཁྱེད་མ་བཞུགས་པ་ཤིན་ཏུ་ཕངས་སོང་། 

    ༢༠༡༧/༩/༢༠/ཉིན་ཕུལ།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།