གློ་བུར་དུ་རྡོལ་བའི་ས་ཡོམ་ཞིག
[ཟླ་ཚེས། 2017-09-23 09:25:36][རྩོམ་པ་པོ། ཤར་བྲམ་ཟེ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
ཟབ་མོ་སྟོང་བ་ཉིད་ཀྱི་འཕྲུལ་མཛོད་ལས།།
རབ་འབྱམས་ཤེས་བྱའི་གཏེར་ཆེན་རྡོལ་བ་རྣམས།།
ཇི་བཞིན་སྒྲོག་མཛད་རྒྱལ་བའི་གདུང་སོབ་སྟེ།།
སྨན་རིའི་ཡེ་གཤེན་རིམ་བྱོན་སྤྱི་བོར་བཞུགས།།
དཀར་ནག་རྒྱ་དང་ཞང་བོད་སྟག་གཟིག་སོགས།།
སྤྲུལ་སྐུ་མང་པོས་ཡུལ་ཆེན་འདུལ་མཛད་ཅིང་།།
ཁྱད་པར་བོད་དུ་རྒྱལ་བ་གཉིས་པ་ཞེས།།
ཤེས་རབ་རྒྱལ་མཚན་ཞབས་ལ་ལྷག་པར་འདུད།།
ཆགས་སྡང་བདུད་ཀྱི་མགོ་བོ་བཀོག་ནས་སུ།།
གྲུབ་མཐའ་ཀུན་ལ་སྒྲོ་འདོགས་ལེགས་པོར་བཅད།།
ཕར་ཕྱིན་སྡེ་ལ་ཤིང་རྟའི་སྲོལ་འབྱེད་བཞིན།།
ཚད་མའི་སྐྱེ་བུ་ཉི་མ་བསྟན་འཛིན་མཁྱེན།།
ཚོར་བའི་གཡུལ་ལས་རྣམ་པར་རྒྱལ་ནས་སུ།།
འཕགས་བོད་གཉིས་ལ་ཤེས་རབ་རྩལ་སྦྱོང་ནས།།
མདོ་འབུམ་རྒྱུད་མཛོད་གཤགས་པའི་སྟ་མོ་སྟེ།།
དཔོན་སློབ་སྨྲ་བའི་སེང་གེར་གྲངས་མེད་བསྟོད།།
དེ་དག་ཀུན་གྱི་དགོངས་པ་གཅིག་བསྡུས་ནས།།
སྟོང་གསུམ་ཁ་ལོ་གྱེན་དུ་བསྒྱུར་མཛད་མཁན།།
བཀའ་ཡི་གཏོ་སྒྲོམ་རྒྱལ་བ་སྨན་རི་བ།།
ལུང་རྟོགས་བསྟན་པའི་ཉི་མ་བདག་ལ་དགོངས།།
བདག་ཀྱང་ཁྱེད་ཀྱི་རྗེས་སུ་འབྲེང་འདོད་ཀྱང་།།
འདོད་ཆགས་དབང་གིས་མགོ་བོ་འདམ་ལ་འབྱར།།
དགེ་བྱེད་བསམ་པ་སྣང་བས་བཅོམ་ལ་ཤོར།།
སྦྱིན་པའི་ཚོགས་ཆེན་རབ་རྫོགས་ཁྱེད་ལ་མཐོལ།།
ཞེ་སྡང་དབང་གིས་ཡིད་དུ་མ་འོང་སྟེ།།
སྒྱུ་མའི་ཡུལ་ལ་ཁོང་ཁྲོའི་མེ་འབར་ནས།།
བསྐལ་བར་བསགས་པའི་དགེ་བ་ཚིག་ལ་ཤོར།།
བྱམས་པ་ཆེན་པོའི་ཞལ་མཐོང་ཁྱེད་ལ་བཤགས།།
གཏི་མུག་རྡུལ་མཚོན་སྙིང་ལ་ཞུགས་ནས་སུ།།
བོན་གྱི་གནས་ལ་ཤེས་རབ་རྩལ་སྦྱོང་ཡང་།།
གཉིད་ཀྱི་གཡུལ་ལས་ནམ་ཡང་རྒྱལ་མ་མྱོང་།།
མུན་པའི་དགྲ་འཇོམས་འོད་སྟོང་ཅན་ལ་བཟོད།།
ང་རྒྱལ་རླུང་འཚུབ་སྲོག་རྩལ་ཞུགས་ནས་སུ།།
དགེ་སློབ་ཀུན་ལ་སྒྲོ་སྐུར་རྒྱུན་མ་ཆོད།།
སྡིག་ལས་ཚབ་ཆེན་འདི་འདྲ་བསགས་ཤོར་བ།།
ང་རྒྱལ་རྒྱང་འཕེན་ཁྱེད་ལ་མཐོལ་ལོ་བཤགས།།
ཕྲག་དོག་ས་ཆེན་སེམས་ལ་གཡོ་བ་ཡིས།།
རང་གཞན་མི་བདེ་ཚིག་ཚོགས་སྤུངས་ནས་སུ།།
རྣམ་དག་འདུལ་བའི་གཞུང་ལ་རྒྱབ་གཏད་འདི།།
ཁྲི་གཙུག་རྒྱལ་བ་དངོས་བྱོན་ཁྱེད་ལ་མཐོལ།།
མདོར་ན་མ་རིག་བདུད་ཀྱི་རྒྱལ་པོ་ཡིས།།
མངགས་པའི་འཇིགས་རུང་དམག་དཔོན་དུག་ལྔ་དང་།།
དམག་ཕྲན་ཉོན་མོངས་བརྒྱད་ཁྲིས་ཅི་བྱས་ལས།།
མཐའ་དག་སྤྱི་འབྱིན་རྒྱལ་པོ་ཁྱེད་ལ་མཐོལ།།
འདུལ་བ་ཁྲིམས་ཀྱི་མཁན་རྒྱུད་འཐུད་ནས་སུ།།
"བདག་ཉིད་བཙུན་པས་གཞན་རྒྱུད་འདུབ་བ་ཡི།།"
འཁོར་བའི་འདམ་ན་ཤེལ་གྱི་མཆོད་རྟེན་གྱིས།།
བདག་གི་རྒྱུད་ལ་ཁྲིམས་ཆེན་རྫོགས་པར་མཛོད།།
ལྷ་དང་བོན་ཉིད་སྒོམ་པ་མཐར་ཕྱིན་ཏེ།།
གསང་བ་སྔགས་ཀྱི་ལྟ་སྤྱོད་ཐེག་ནས་སུ།།
ཚེ་འདས་སྒྲིབ་སྦྱོང་འགྲོ་དོན་མཐར་ཕྱིན་ཀྱེ།།
བདག་ལ་ས་ལམ་ཡོན་ཏན་རྫོགས་པར་མཛོད།།
མ་བརྩལ་ལྷུན་གྲུབ་ཐིག་ལེ་ཉག་ཅིག་ལས།།
ཀུན་ཏུ་བཟང་པོའི་སྤྱོད་པ་མཐར་ཕྱིན་ཏེ།།
གཡུང་དྲུང་ཐིག་ལེའི་ས་ལ་མངའ་མཛད་མཁན།།
བདག་ལ་ཀུན་བཟང་ལྟ་སྤྱོད་འཕོ་བར་མཛོད།།
ཀ་སྡེ་བཅུ་བོར་འགྲན་གྱི་ཟླ་བྲལ་བ།།
རྒྱལ་བ་གཉིས་པའི་བཀའ་དྲིན་ཇི་བཞིན་དུ།།
མདོ་སྔགས་ཟུང་འབྲེལ་གཡུང་དྲུང་བོན་བསྟན་འདི།།
ས་སྒང་ཁྱོན་ལ་སྒྲོག་མཛད་སྨན་རི་བ།།
ནད་དང་དུག་སེལ་སྨན་གྱི་རི་བོ་ན།།
མཚན་ཉིད་སྡེ་ཡི་རྒྱ་སྒོ་རབ་ཕྱེས་ཏེ།།
ཐེག་དགུ་གྲུབ་མཐའ་བརྙན་བཞིན་བསྟན་མཛད་པ།།
ཤིང་རྟ་ཆེན་མོ་ཇི་བཞིན་སྨན་རི་བ།།
དཀར་ནག་བཀྲ་གསལ་སྲིན་གྱིས་སྣུབ་དུས་བཞིན།།
བོན་གྱི་གླེགས་བམ་བདུད་ཀྱིས་བརླག་ཙམ་ན།།
རྣམ་པར་རྒྱལ་བ་ཇི་བཞིན་བྱོན་ནས་སུ།།
བོན་གྱི་བསྟན་སྲུང་མཛད་པའི་སྨན་རི་བ།།
སེམས་ཅན་དོན་ལ་ལུས་སྲོག་གཏོང་བ་ཡི།།
སེམས་དཔའ་ཆེན་པོའི་སྐྱེ་བ་བཞེས་ནས་སུ།།
སྐུ་ཚེ་རེ་རེར་འགྲོ་དོན་རྫོགས་པའི་མཐར།།
རྟག་འཛིན་དྲུང་ནས་འབྱིན་མཁན་སྨན་རི་བ།།
དེ་བཞིན་སྐབས་འདིའི་འགྲོ་དོན་རྫོགས་ནས་སུ།།
སླར་ཡང་སེམས་ཅན་འདྲེན་དུ་གཤེགས་པ་འདི།།
བློ་དམན་བདག་འདྲ་ལྟ་བ་དམན་པ་ཡི།།
སེམས་ལ་རྒྱུགས་པའི་ས་ཡམས་ཆེན་པོ་ཞིག།
སེང་ཆེན་གངས་ལ་མཆོང་བའི་རྩལ་ཤུགས་ཀྱིས།།
སྟོང་གསུམ་འཇིག་རྟེན་དུས་གཅིག་གཡོ་བ་འདི།།
ཞིང་གཞན་གནས་པའི་སེམས་ཅན་སྐལ་ལྡན་གྱུར།།
འོན་ཀྱང་ལྷོ་རྒྱལ་འཛམ་གླིང་ལས་རེ་ངན།།
ཉི་མ་རི་རབ་ཕག་ཏུ་ཡིབ་ཉིན་དེར།།
འཛམ་གླིང་བཤུམ་པའི་ངུ་སྒྲ་གཅིག་འདུས་ནས།།
སྟོང་གསུམ་སྒྲ་ཚོགས་ཟིལ་གྱིས་གནན་པ་ཡིས།།
ཤར་གླིང་སོགས་ཀྱང་གདུང་སེམས་སྐྱེད་པར་བྱས།།
སེམས་ལ་མུན་པ་འཚུབ་པའི་བར་སྐབས་སུ།།
སྙིང་ཆུང་བྲག་ལ་རྡེབ་པའི་གནས་ཚུལ་དེས།།
ལམ་མཁན་མེད་པའི་ལོང་བ་ཁྱུ་བཞིན་གྱི།།
ལས་ངན་ང་ཚོ་འཁོར་བར་ལྷག་ཏུ་སྐྲག།
སྟོན་པ་གཤེན་རབ་མྱ་ངན་འདས་དུས་སུ།།
སེང་གེ་ཉལ་སྟངས་ཚུལ་དུ་བཞུགས་པ་ཡིས།།
རང་རང་སྡེ་བཞིན་སྤང་བླངས་གཙོ་ཚུལ་གྱི།།
བརྡ་ཡི་ཞལ་ཆེན་འཁོར་ལ་བཞག་སྟེ་སོང་།།
རྒྱལ་བ་གཉིས་པ་ཞིང་ལ་ཕེབས་དུས་སུ།།
བོན་འཆད་ངང་དུ་འདས་པའི་ཚུལ་བསྟན་ཏེ།།
འཆད་རྩོད་རྩོམ་ལ་བརྩོན་པ་དགོས་ཚུལ་གྱི།།
བརྡ་ཡི་ཞལ་ཆེན་འཁོར་ལ་གནང་སྟེ་སོང་།།
དེ་བཞིན་རྒྱལ་བ་སྨན་རི་ཁྱེད་ཉིད་ཀྱང་།།
ཉམས་ལེན་ངང་དུ་འདས་པའི་ཚུལ་མཛད་ནས།།
སྙིགས་མའི་དུས་ལ་ཉམས་ལེན་གལ་ཆེན་གྱི།།
བརྡ་ཡི་ཞལ་ཆེན་འཁོར་ལ་བསྩལ་ཏེ་ཕེབས།།
བདག་ནི་མགོ་དང་རྐང་ལག་ཅུང་གཟེར་དུས།།
ཙོག་པུར་ཙམ་ཡང་འདུག་པ་མི་ནུས་ན།།
སྲོག་རྩལ་ཆད་ཀྱང་དེ་ལྟར་བཞུགས་པ་ནི།།
ནང་པའི་སྐྱེས་ཆེན་མིན་ན་སུ་ཡིས་ནུས།།
དེས་ན་བདག་དང་དམིགས་ཡུལ་གཅིག་པ་ཡི།།
བོན་འབངས་ཡོངས་ཀྱིས་སོམ་ཉི་ཅི་ལ་དགོས།།
མྱ་ངན་ངུ་སྒྲ་འབྱིན་ཡང་གོ་མི་ཆོད།།
ད་ནི་ཞལ་ཆེན་བཞིན་དུ་སྒྲུབ་ལ་ཤོག།
འདི་ལྟར་སྦྱར་བར་བསོད་ནམས་ཅི་མཆིས་པ།།
སྔོན་ཆད་རྒྱལ་བ་སྲས་ཀྱི་མཛད་པ་བཞིན།།
སྨན་རིའི་གདུལ་བྱ་སེམས་ཅན་ཡོངས་ལ་བསྔོ།།
ཀུན་ཀྱང་སྨན་རིའི་རྗེས་སུ་ཟིན་གྱུར་ཅིག།
བདག་ཀྱང་ཚེ་འདིའི་གཟུགས་ཕུང་མ་དོར་བར།།
རྒྱལ་བ་སྨན་རི་མཁན་ཆེན་ཇི་བཞིན་དུ།།
བསྟན་འགྲོའི་དོན་ལ་ལུས་སྲོག་རབ་གཏོང་ནས།།
གཡུང་དྲུང་སེམས་དཔའི་སྤྱོད་ལ་གནས་པར་ཤོག།
འཆི་ཁར་སྨན་རི་བླ་མ་ཇི་བཞིན་དུ།།
ཆ་ལུགས་ལྔ་ལྡན་ངང་དུ་གཤེགས་པ་དང་།།
ལྷ་བུ་པད་མ་ཕ་དང་འཕྲད་པ་བཞིན།།
བདག་གིས་སྨན་རི་བླ་མའི་ཞལ་མཇལ་ཤོག།
ཅེས་རྫ་སྟེང་ཆེན་དགོན་གྱི་གྲལ་མཐའ་འཛིན་པ་ཀླད་ཆུང་ཤར་བྲམ་ཟེའམ་འོད་གསལ་ཟླ་བ་རུ་འབོད་པ་དེས་ཡབ་རྗེ་སྨན་རི་བ་ལུང་རྟོགས་བསྟན་པའི་ཉི་མ་སེམས་ཅན་གཞན་གྱི་འགྲོ་དོན་ཕེབས་པ་ལ་ཡིད་ཀྱི་སྐྱོ་བ་ཅུང་ཙམ་སངས་ནས་བསམ་བློ་ཟིན་ཙམ་གྱི་ཉིན་ཏེ་སྤྱི་ལོ་2017/9/22ཉིན་ཁྱུང་པོ་ཀོ་རྒྱལ་དགོན་དཔལ་བཤད་སྒྲུབ་འདུས་སྡེ་ཆེན་མོའི་གཡས་ཟུར་གྱི་རང་ཤག་སེམས་ཉིད་དོན་མཐོང་དུ་སྦྱར་བའོ།།