འགྲོ་རྣམས་དད་བློའི་པད་མོ་བཞད་པའི་ཉི་གཞོན།

[ཟླ་ཚེས། 2017-04-25 09:25:40][རྩོམ་པ་པོ། སྤུ་བླ་ནམ་མཁའ་རྒྱལ་མཚན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

བཀའ་དྲིན་སུམ་ལྡན་གྱི་༧དཔོན་གསས་བླ་མ་༧སྐྱབས་རྗེ་རྒྱལ་བ་༧སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་དཔལ་བཟང་པོ་མཆོག་གི་མཛད་པ་ཟུར་ཙམ་བརྗོད་པ་འགྲོ་རྣམས་དད་བློའི་པད་མོ་བཞད་པའི་ཉི་གཞོན།
nnn.jpg

སྤུ་བླ་ནམ་མཁའ་རྒྱལ་མཚན།

མ༵་སྐྱེས་མི་སྐྱེ་བསྐྱེད་བ་མེད་པ་མ༵་ལུས་འབྱུང་གནས་བོན་གྱི་སྐུ།།
སྐྱེ༵་མེད་སྤྲོས་བྲལ་སྟོང་པའི་ཀློང་ནས་སྐྱེ༵་བའི་སྐུར་སྟོན་རྫོགས་པའི་སྐུ།།
མ༵་ངེས་འགྲོ་བ་འདུལ་བའི་དོན་དུ་མ༵་ངེས་སྐུར་བཞེངས་སྤྲུལ་པའི་སྐུ།།
སྐུ༵་གསུམ་རྫོགས་པའི་སངས་རྒྱས་རྣམས་ཀྱི་སྐུ༵་གསུང་ཐུགས་ཀྱིས་བྱིན་ཕོབ་ཅིག

བྱི༵ན་རླབས་རྩ་བ་དཔལ་ལྡན་བླ་མས་བྱི༵ན་མཐུ་དཔལ་ཡོན་མི་དམན་དང་།།
མཐུ༵་སྟོབས་རྩ་བ་ཡི་དམ་སྡེ་ཡིས་མཐུ༵་དཔུང་སྡོང་དང་གྲོགས་མཛད་ཅིང་།།
དངོ༵ས་གྲུབ་རྩ་བ་མཁའ་འགྲོའི་མ་ཚོགས་དངོ༵ས་སུ་བསྟན་འགྲོའི་དོན་བཞེངས་པའི།།
རྩ༵་བ་ཡོངས་ཀྱི་རྩ་བ་ཆེན་པོ་རྩ༵་བ་གསུམ་གྱི་ལྷ་ཚོགས་མཆོད།།

ཁྲི༵་གཙུག་རྒྱལ་བ་གཤེགས་པའི་ཤུལ་ན་ཁྲི༵་ཚོ་གྲངས་ཀྱི་འགྲོ་བ་རྣམས།
མྱ༵་ངམ་ཐང་གི་སྲོག་ཆགས་ལྟ་བུའི་མྱ༵་ངན་མུན་གྱིས་འཐོམ་པའི་ཚེ།།
གན༵མ་གྱི་ལྷ་ལ་འོ་དོད་བོས་ཏེ་གན༵མ་ལ་མིག་ཟུང་ཅེར་བས་ན།།
མུ༵་མེད་ནམ་མཁའ་སྟོང་པའི་ཀློང་ནས་མུ༵་ཆོ་ལྡེམས་དྲུག་འགྲོ་དོན་བྱོན།།

གན༵མ་གྱི་ཁྲི་ཞིག་དོག་ཏུ་བབས་ནས་གན༵མ་འོག་འགྲོ་རྣམས་བདེ་ལ་བཀོད།།
དམུ༵་ཁྲི་བཙན་པོས་བོད་ཀྱི་ཡུལ་ན་དམུ༵་རྒོད་འདུལ་བའི་རྗེ་བོར་གཤེགས།།
སྤུ༵་ལྡེ་གུང་རྒྱལ་སྤུ་རྒྱལ་འཁོད་ནས་སྤུ༵་རྒྱལ་བསྟན་པ་ཉམས་གསོ་མཛད།།
སྔ༵་དར་བསྟན་པའི་བྱུང་བ་ཤེས་དུས་སྔ༵་རབས་པ་ཚོའི་བྱས་རྗེས་དྲན།།

ཀླུ༵་དང་ལྷ་ཡི་སྒྲུང་ལྟར་མིན་པའི་ཀླུ༵་དགའ་གཤེན་གྱི་གཏེར་སྟོན་པས།།
གྲི༵་དང་མཚོན་གྱི་སོ་ཁའི་འོག་ནས་གྲི༵་གུམ་སྐབས་ཀྱི་བོན་གཤེན་ཚོས།།
སྐུ༵་སྲོག་དམར་པོ་འབེན་དུ་བཙུག་ནས་སྐུ༵་ལས་བསྐྱོན་བའི་ཕྱག་དཔེ་རྣམས།།
སྐ༵ལ་ལྡན་སྐྱེས་བུའི་ལོངས་སུ་སྤྱོད་རྒྱུའི་བསྐ༵ལ་པར་བྱིན་འདིའི་བཀའ་དྲིན་དྲན།།

གཤེ༵ན་རབ་མི་བོའི་མི་རྒྱུད་འཁྲུལ་བྲལ་གཤེ༵ན་ཆེན་གཏེར་སྟོན་ཀླུ་དགའི་སློབ།།
སྤ༵་རྨེའུ་བྲུ་ཞུ་བསྟན་འགྲོའི་མགོན་དུ་སྤ༵་ཞིང་མཛེས་ལ་རྔམས་བརྗིད་ལྡན།།
ཕྱི༵་དར་བསྟན་པའི་བསྟན་འཛིན་བླ་མར་ཕྱི༵ར་མིག་ཐེངས་གཅིག་ལྟ་བའི་ཚེ།།
རྗེ༵ས་འཇུག་ཕྱི་རབས་གང་ཟག་རྣམས་ཀྱིས་རྗེ༵ས་དྲན་ཞུ་ལ་ལོས་ཀྱང་ཞུ།།

རྒྱ༵ལ་བ་གཉིས་པ་མཉམ་མེད་བླ་མ་རྒྱ༵ལ་བའི་ཞིང་དུ་ཕེབས་པའི་ཤུལ།།
ཁྲི༵་རབས་ཁད་ཀྱིས་བྱོན་པའི་ནང་ནས་ཁྲི༵་འཛིན་སུམ་ཅུ་སོ་གསུམ་པ།།
ལུ༵ང་རྟོགས་བསྟན་པའི་དོན་ལ་བཤེས་པའི་ལུ༵ང་རྟོགས་བསྟན་པའི་ཉི་མ་ཞེས།།
སྲི༵ད་གསུམ་གྲགས་པ་འབར་བ་གང་དེའི་སྲི༵ད་ན་དཀོན་པའི་རྣམ་ཐར་མཆིད།།

མདོ༵་སྨད་རྟ་ཡི་ཆོལ་ཁའི་ཁོང་གཏོགས་མདོ༵་ལ་རིང་མོའི་ཤར་ཀྱི་ཕྱོགས།།
གན༵ས་ཆེན་ཀུན་གྱི་གཙུག་གི་རྒྱན་གྱུར་གན༵ས་མཆོག་མཁའ་འགྲོ་འུག་གདོང་འདབ།།
གཡུ༵ང་དྲུ༵ང་བོན་གྱི་ལྷ་སྡེ་འཁྲུལ་བྲལ་གཡུ༵ང་དྲུ༵ང་ཁ་ཡི་མདུན་ཞོལ་ན།།
སྐྱ༵ང་འཕགས་དམ་པས་བྱིན་གྱིས་བརླབས་པའི་སྐྱོ༵ང་ཚང་གྲོང་གི་སྡེ་བ་རུ།།

ལྗོ༵ངས་ཡུལ་སྔོ་ཞིང་དྭངས་བའི་དུས་ན་ལྗོ༵ངས་ལྡོང་ཚང་གི་ཁྱིམ་སྦུབ་ན།།
བླ༵་མ༵འི་རིགས་རུས་གང་ཞིག་མིན་ཡང་བླ༵་མ༵་ཐར་གྱི་མཚན་ཅན་ཞིག
ཤ༵ར་ཁོག་ཟིང་ཆུར་ཤར་རིའི་ཕྲག་ནས་ཤ༵ར་དང་བཞད་པའི་ཉི་མ་བཞིན།།
མཚ༵ན་ལྡན་བླ་མའི་སྐུ་མཆོག་པད་མོ་མཚ༵ན་བཟང་སུམ་བཅུས་རྒྱན་པར་བལྟམས།།

ཤེ༵ས་ལྡན་དུ་མར་སློབ་དཔོན་བསྟེན་པས་ཤེ༵ས་མུན་ཁད་ཀྱིས་སེལ་བར་བྱས།།
ར༵བ་དཀར་ལྷག་པའི་བསམ་པ་བཟང་པོས་ར༵བ་མང་འགྲོ་བ་དཔྱད་ཀྱིས་གསོས།།
ཚུ༵ལ་འཆོས་ལུས་ཀྱི་རྣམ་འགྱུར་མེད་པར་ཚུ༵ལ་མཐུན་སྒོ་གསུམ་མཛད་པ་ལ།།
ཁྲི༵མས་ལྡན་སྐྱེ་བོ་དུ་མའི་ཡིད་ནས་ཁྲི༵མས་སྡོམ་བཞེས་པར་ནན་གྱིས་སྨོན།།

ཤེ༵ས་རིག་མེ་ཏོག་རྒྱས་པའི་གླིང་ན་ཤེ༵ས་ཡོན་ཅན་གྱི་བླ་མ་ལས།།
ར༵བ་གསལ་བསླབ་པ་གསུམ་གྱིས་བརྒྱན་པའི་ར༵བ་བྱུང་སྡོམ་པ་ནོས་ནས་སུ།།
རྣ༵མ་གཡེང་ལེ་ལོའི་སྡིག་ཚོགས་ཐམས་ཅད་རྣ༵མ་ཀུན་བརྩོན་པའི་དགེ་ཚོགས་ཀྱིས།།
ད༵ག་པར་གསུངས་བའི་གཞུང་ལུགས་ཁག་ལ་ད༵ག་པའི་སྣང་བས་སྦྱོང་པར་མཛད།།

སང༵ས་པོ་འབུམ་དང་གཤེན་རབ་མི་བོ་སང༵ས་རྒྱས་ཟུང་གི་ཐབས་ཐུགས་ལས།།
རྒྱ༵ས་འབྲིང་བསྡུས་ཀྱི་བཀའ་འཁོར་རྣམ་གསུམ་རྒྱ༵ས་བཤད་སྨྲ་བའི་སེང་གེ་སྟེ།།
བསྟ༵ན་པའི་གཙུག་རྒྱན་གྲྭ་ས་ཁག་གི་བསྟ༵ན་འཛིན་རྣམས་ལ་རབ་བསྟེན་ནས།།
འཛི༵ན་མའི་ཁྱོན་འདིར་བསྟན་མཆོག་དྲི་མེད་འཛི༵ན་དང་སྐྱོང་ལ་འབད་པ་གནང་།།

ལུ༵ང་རྟོ༵གས་བསྟན་པ་འཆི་མེད་ལྷ་ལམ་ལུ༵ང་རྟོ༵གས་ཁྱུང་ཆེན་རླབས་ཀྱིས་བཅད།།
བསྟ༵ན་པ༵འི་སྐྱེད་ཚལ་གདུལ་བྱའི་གསོས་སུ་བསྟ༵ན་པ༵འི་པད་མོ་བཞད་པའི་གཉེན།།
ཉི༵་མ༵་སྟོང་གི་འོད་སྟོང་ལྡན་པའི་ཉི༵་མ༵འི་མཚན་གྱིས་སྤུད་པ་ཡི།།
མཆོ༵ག་གསུམ་ངོ་བོ་གཅིག་ཏུ་བསྡུས་པའི་མཆོ༵ག་རབ་ཁྱེད་ཉིད་གཙུག་ཏུ་མཆོད།།

ཁྲི་སྲོང་ལྡེ་བཙན་ཁྲི་རུ་འཁོད་རྗེས་ཁྲི་ཚོ་དུ་མའི་གྱེར་འབངས་རྣམས།།
ས་མཐོའི་སྒང་ན་གནས་སུ་མ་འཇུག་ས་མཐའི་རོང་དུ་བརྫངས་བ་དག
གཅིག་རེ་གཉིས་རེ་རིམ་གྱིས་བསྡུས་ནས་གཅིག་ཏུ་འདུ་བའི་གནས་གཞི་བཙུགས།།
གཡུང་དྲུང་བོན་གྱི་ཁྱིམ་གཞིས་འདི་ནས་གཡུང་དྲུང་བསྟན་པའི་རྒྱལ་མཚན་བསྒྲེངས།།

དགོན་སྡེ་བཏབས་ནས་བཤད་སྒྲུབ་བཙུགས་པས་དགོན་དེར་འཆད་རྩོད་རྩོམ་གསུམ་རྒྱས།།
སློབ་གྲྭ་བཙུགས་ནས་ཉམས་ཆུང་ད་ཕྲུག་སློབ་སྦྱོང་བགོ་སྐལ་ལེགས་པར་སྦྱར།།
གཞིས་ཆགས་བསྐྲུན་ནས་གྱེར་སྡེ་བསྡུས་པས་གཞིས་དགོན་སློབ་གསུམ་འཛོམས་པའི་གནས།།
འདི་ན་མ་གཏོགས་ཕྱི་ནང་གང་ན་འདི་ལྟའི་སུམ་འཛོམས་ཡོད་རེ་སྐན།།

ཕྱི༵་རྒྱལ་ཡུལ་གྲུ་ཁག་ཏུ་ཕེབས་ནས་ཕྱི༵་མིའི་བློ་ཁ་བོན་ལ་བསྒྱུར།།
སྐྱ༵བས་དང་བོན་གྱི་སྦྱིན་པ་བཀྱེད་ནས་སྐྱ༵བས་འགྲོའི་རྣམ་བཞག་མི་ལ་བཤད།།
སེ༵མས་བསྐྱེད་སྡོམ་པ་གཞན་ལ་མནོས་ནས་སེ༵མས་ཀྱི་མྱ་ངན་སངས་བར་མཛད།།
བླ༵་ན་མེད་པའི་མཛད་རྗེས་འདི་ཚོས་བླ༵་མ་ཁྱེད་ཉིད་ཀུན་གྱིས་སྨོན།།

ཀུ༵ན་རྫོབ་ཕྱི་ཡི་ཚུལ་འཆོས་ཤིག་གིས་ཀུ༵ན་ཡིད་འགུག་པར་མ་གནང་ཞིང་།།
དོ༵ན་དམ་སྟོང་པ་སྒོམ་ཡོད་ཟེར་ནས་དོ༵ན་དུ་རང་བདེར་མ་འབད་ཅིང་།།
ཕྱི༵་ཡི་དགོན་གྱི་ལྷ་སྐུ་རྟེན་གསུམ་ཕྱི༵་ན་དད་པའི་རྟེན་དུ་བསྐྲུན།།
ན༵ང་ན་དོན་དམ་སེམས་ཀྱི་ཉམས་ལེན་ན༵ང་དགྲ་དུག་གི་ཕུང་པོ་བཏུལ།།

བླ༵་མ་ཞེས་པའི་མིང་མཐས་རྒྱན་ཚད་བླ༵་རུ་འཕགས་པ་མ་ཡིན་ཞིང་།།
སྤྲུ༵ལ་སྐུ་ཞེས་པའི་ཆོ་ལོ་བཏགས་ཚད་སྤྲུ༵ལ་པའི་ནུས་པ་མི་མངའ་ལ།།
མཁ༵ན་པོ་ཞིག་གི་མཚན་ཙམ་འཁོད་ཚད་མཁ༵ན་ཆེན་ཁྱེད་དང་མི་མཚུངས་ཏེ།།
བླ༵་མ་ཁྱེད་ནི་སྲིད་དང་ཞི་བའི་བླ༵་ན་མངོན་པར་བརྗིད་ནས་ཡོད།།

གཅི༵ག་དང་དུ་བྲལ་རྟགས་སྦྱོར་དེ་ཉིད་གཅིག་པུར་གླེང་ནས་མ་བཞུགས་པར།།
གཉིས་འཛིན་སེམས་ཀྱི་གཉེན་པོ་རིག་པ་གཉི༵ས་འཐུང་དབང་པོའི་ཤེད་ཤུགས་ཀྱིས།།
གསུ༵མ་དགས་མུན་དམག་བསལ་ལྟར་བྱེད་པོ་གསུ༵མ་ལྡན་བླ་མ་དྲིན་པོ་ཆེས།།
བཞི༵་སྟོང་བརྒྱད་ཁྲིའི་བོན་འཁོར་སྐོར་ནས་བཞི་བརྒྱ་ཉོན་མོངས་ནད་རྣམས་བཅོམས།།

ཁྱེ༵ད་ཀྱི་མཛད་འཕྲིན་མཐའ་མེད་ནམ་མཁར་ཁྱེ༵ད་ཐུགས་བྱ་རྒྱལ་ཁྱུང་ཆེན་དང་།།
ཁྱེ༵ད་ཀྱི་རྣམ་ཐར་མུ་མེད་རྒྱ་མཚོ་ཁྱེ༵ད་སེམས་གསེར་མིག་ཉ་མོ་ལས།།
ཤེ༵ས་ལྡན་ཕལ་གྱིས་རྟོགས་པར་དཀའ་བས་ཤེ༵ས་མེད་བདག་གིས་མི་དཔོག་ཀྱང་།།
ར༵ང་བློས་གང་དཔོག་རང་མཉམ་ཕན་དང་ར༵ང་གི་ཚོགས་སུ་བསམ་ནས་བཏེགས།

   ཤེས་པ་འདི་ནི་སྙིགས་དུས་ཀྱི་འདྲེན་པ་ཆེན་པོ་བོན་འབངས་ཡོངས་ཀྱི་དབུ་ཁྲིད་བླ་ཆེན་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་དཔལ་བཟང་པོ་མཆོག་གི་བླ་གཟའ་ཉིན་འཆར་ཅན་ལྟར་བསང་གསོལ་རྒྱས་པར་བཏང་སྲོལ་བདོག་པ་བཞིན་ད་ལན་ངེད་སྔགས་འཛིན་གྲྭ་ནས་བཀའ་དྲིན་སུམ་ལྡན་གྱི་དཔོན་གསས་བླ་མ་མཆོག་གི་བླ་གཟའ་ལ་བསང་གསོལ་རྒྱས་པ་བཏང་གྲུབ་ནས་རང་ཤག་ཏུ་འབྱོར་བ་དང་བསྟུན་ནས་འདི་ལྟར་བྲིས་པའི་ཁུལ་དུ་བགྱིས་པའི་དགེ་དེས་དཔོན་གསས་བླ་མ་གང་གི་སྐུ་ཚེ་མི་ཤིག་གཡུང་དྲུང་གི་གཤིས་སུ་བརྟན་ཅིང་ཐུགས་ཀྱི་བཞེད་དགོངས་ཐ་དག་གེག་མེད་ལྷུན་གྱིས་འགྲུབ་པ་དང་འགྲོ་ཀུན་ཐམས་ཅད་དཔོན་གསས་བླ་མ་གང་གི་སྐྱབས་འོག་དང་འཁོར་འབངས་སུ་གཏོགས་ཤིང་གཡུང་དྲུང་གི་བོན་རིན་པོ་ཆེ་ལ་ལོངས་སུ་སྤྱོད་པའི་སྐལ་པ་དང་ལྡན་པའི་སྨོན་པ་དང་བཅས་ཏེ་སྤྱི་ལོ་༢༠༡༧་ཟླ་བ་༡་ཚེས་༡༦་ཉིན་བྲིས།
 

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།