བོན་སྐུའི་སྨོན་ལམ་གཏི་མུག་གཉིད་སྐྲོག་ཞེས་བྱ་བ་བཞུགས་སོ།།

[ཟླ་ཚེས། 2013-04-18 01:58:48][རྩོམ་པ་པོ། ཤར་རྫ་བ་བཀྲ་ཤིས་རྒྱལ་མཚན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

གདོད་མའི་མགོན་པོ་འོད་མི་འགྱུར་བ་ལ་ཕྱག་འཚལ་ལོ། །འཁོར་འདས་སྣང་སྲིད་སྣོད་བཅུད་ཀུན། །གདོད་ནས་རང་བྱུང་ཡེ་ཤེས་ལས། །འབད་རྩོལ་ཡིད་སྨོན་མི་དགོས་ཀྱང་། །རེ་ཞིག་མ་རྟོགས་སེམས་ཅན་རྣམས། །མ་རིག་གཉིད་འཐུགས་ལས་སད་ནས། །འཁྲུལ་སྣང་རྨི་ལམ་སངས་གྱུར་ཏེ། །གཞི་བདེའི་མལ་དུ་ངལ་གསོ་ཕྱིར། །བོན་སྐུ་བདེ་བ་ཆེན་པོ་ཡི། །སྨོན་ལམ་གཏི་མུག་གཉིད་སྐྲོག་བསྟན། །ཨ་ཨཱོྃ་ཧཱུཾ། ང་ནི་ང་མེད་ང་ཡི་ངང་། །སངས་མ་རྒྱས་ཏེ་ཡེ་ནས་ཡོད། །སེམས་ཅན་མ་འཁྲུལ་ཀློང་ན་གནས། །འཁོར་འདས་མ་བྱུང་སྔོན་རོལ་དུ། །ཐོག་མ་རིག་པའི་རྒྱལ་བོ་སྔ། །ང་ཡི་གནས་ལུགས་འདི་ཞེས་བྲལ། །ཕྱི་ནང་བར་མེད་ཟང་ཐལ་ལེ། །འཁོར་འདས་གཉིས་ཀྱི་གཞི་མ་ཡིན། །ང་ཡི་རྩལ་སྣང་འགག་པ་མེད། །འགག་མེད་རྩལ་ལས་ཅི་ཡང་ཤར། །དེ་ཚེ་འོད་ལྔ་ཤར་བ་ལ། །ཤེས་རིག་རྣོན་པོའི་སྐད་ཅིག་གིས། །རང་རྩལ་རང་སྣང་ངོ་ཤེས་ནས། །སྐད་ཅིག་གཉིས་པར་རང་གྲོལ་ཏེ། །ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱིས། །ཀུན་བཟང་རྒྱལ་ས་ཟིན་པར་ཤོག །གལ་ཏེ་ཤེས་རིག་དམན་པོ་དེས། །རང་སྣང་མ་ཤེས་གཉིས་འཛིན་གྱིས། །ལོག་པའི་ལམ་དུ་འཕྱན་པ་ན། །ཞིང་དག་གནས་སུ་ལུས་བཟང་རྙེད། །བླ་མ་དམ་པའི་ཞལ་མཇལ་ཏེ། །གསུང་གི་བདུད་རྩིའི་བཅུད་མྱོང་ཞིང་། །དབང་བཞི་ཟབ་མོས་རྒྱུད་སྨིན་ཏེ། །རྟོགས་དང་གྲོལ་བ་དུས་མཉམ་ཤོག །འདི་ལྟར་འཁོར་དང་མྱང་འདས་བོན། །ཀུན་ཏུ་བཟང་བོ་ང་ཡིས་བྱས། །ང་ལ་གཞི་དང་རྩ་བ་མེད། །ཡེ་ནས་གཞི་མེད་ཆེན་པོར་གནས། །གཞི་མེད་རྩལ་ལས་འགག་མེད་དུ། །བོན་ཀུན་སྒྱུ་མའི་རོལ་བར་ཤར། །ཁམས་གསུམ་སེམས་ཅན་ཐམས་ཅད་ཀུན། །ཀུན་བཟང་ང་དང་འབྲལ་བ་མེད། །དང་པོའི་སངས་རྒྱས་ང་ཡིན་ནོ། །སེམས་ཅན་ཀུན་གྱིས་རྟོགས་པར་ཤོག །ཀུན་བཟང་ང་ཡིས་བྱས་པའི་བོན། །སྣང་དང་མི་སྣང་ཐམས་ཅད་ཀུན། །གདོད་ནས་རང་བཞིན་མ་གྲུབ་སྟེ། །གཉིད་དང་ཤེས་པའི་རྟེན་འབྲེལ་ལས། །འཁྲུལ་སྣང་རྨི་ལམ་ཇི་བཞིན་དུ། །མེད་བཞིན་སྣང་བ་སྲིད་པའི་བོན། །ཆུ་དང་འཁྱགས་པ་དབྱེར་མེད་བཞིན། །འདི་དང་ང་ལ་དབྱེ་བ་མེད། །ཡེ་ནས་རོ་གཅིག་མཉམ་པ་ཉིད། །ཀུན་ཏུ་བཟང་བོ་ང་ཡིས་གསུངས། །འདི་ནི་ཀུན་གྱིས་རྟོགས་པར་ཤོག །དེ་ཕྱིར་བོན་ཀུན་ང་ཡི་རྩལ། །འཁོར་དང་མྱང་འདས་དབྱེ་བ་མེད། །སངས་རྒྱས་སེམས་ཅན་གཉིས་སུ་མེད། །དུག་དང་ཡེ་ཤེས་སྤང་ལེན་མེད། བདེ་དང་སྡུག་བསྔལ་སོ་སོ་མེད། །ཐམས་ཅད་ང་ཡི་ངང་ལ་མཉམ། །དགག་སྒྲུབ་བྲལ་བའི་རིག་པ་འདི། །ཀུན་ཏུ་བཟང་བོ་ང་ཡིས་བསྟན། །ང་ཡིས་བསྟན་བཞིན་རྟོགས་པར་ཤོག །འདི་ལྟར་བོན་རྣམས་ཐམས་ཅད་ཀུན། །གཞི་རྩ་མེད་པ་ངང་གིས་ཤར། །ཤར་ཚད་རང་གི་ངོ་བོས་གྲོལ། །སྣང་སྲིད་བོན་རྣམས་བཀོད་ལེགས་ཀྱང་། །འདི་ཀུན་སྲོག་ཏུ་ནམ་མཁར་བཞུགས། །བདེན་པར་གྲུབ་པ་ངས་མ་བཤད། །ཡེ་ཤེས་ཆེན་པོའི་ལྟ་བ་འདིས། །སེམས་ཅན་ཐམས་ཅད་གྲོལ་བར་ཤོག །སྣང་ཞིང་སྲིད་པའི་བོན་རྣམས་ཀུན། །རྒྱ་མཚོར་གཟའ་སྐར་ཤར་བ་བཞིན། །བྱང་ཆུབ་སེམས་ཀྱི་རྩལ་ལས་བྱུང་། །བསལ་བཞག་བྲལ་བའི་སྒོམ་པ་འདི། །ཀུན་བཟང་ང་ཡི་སྨོན་ལམ་གྱིས། །ཀུན་གྱིས་རྟོགས་ནས་གྲོལ་བར་ཤོག །འཁོར་བ་མྱང་འདས་བོན་རྣམས་ཀུན། །བཞེངས་པ་མེད་ལ་གཞིར་བཞེངས་པ། །རང་བྱུང་ཡེ་ཤེས་མཐོང་བརྡོལ་བས། །རིན་ཆེན་གསེར་གླིང་ཕྱིན་པ་འདྲ། །བོན་ཉིད་གཞིར་བཞེངས་སྤྱོད་པ་ཡིན། །སེམས་ཅན་རྣམས་ཀྱིས་རྟོགས་པར་ཤོག །བོན་སྐུ་ང་ཡི་གནས་ལུགས་ལ། །བདག་དང་གཞན་དུ་མ་གྲུབ་ཅིང་། །ཕྱི་དང་ནང་དུ་མ་ཆད་པས། །ཉོན་མོངས་ཡེ་ཤེས་གཉིས་སུ་མེད། །དམ་ཚིག་བསྲུང་མཚམས་བྲལ་བ་འདི། །ཡེ་སྲུང་ཆེན་པོར་ང་ཡིས་བཤད། །ཁམས་གསུམ་སེམས་ཅན་ཐམས་ཅད་ནི། །སྲུང་མེད་དོན་ལ་གནས་པར་ཤོག །ད་ལྟའི་སྣང་སེམས་མ་བཅོས་པ། །ཡེ་ཤར་ཡེ་གྲོལ་ཟང་ཀ་མ། །རང་བྱུང་ཡེ་ཤེས་ངོ་བོ་ཡིན། །མ་སྤངས་མཚན་མ་རང་སར་དག །མ་བླངས་ཡེ་ཤེས་ངང་གིས་གསལ། །གཉུག་མ་འོད་གསལ་རྒྱུན་ཆད་མེད། །འབྲས་བུ་ཡེ་ཐོབ་ཆེན་པོ་ཞེས། །ཀུན་བཟང་ང་ཡིས་བཤད་པ་ཡིན། །སེམས་ཅན་ཀུན་གྱིས་རྟོགས་པར་ཤོག །སོ་སོའི་སྙིང་ཀའི་ཕོ་བྲང་གི རང་བྱུང་འོད་ལྔའི་གུར་ཁང་ན། །ཀུན་ཏུ་བཟང་བོ་ལྷང་ངེར་བཞུགས། །ངོ་བོ་རང་བཞིན་ཐུགས་རྗེ་གསུམ། །དབྱེར་མེད་ཆེན་པོ་གཅིག་ཏུ་གནས། །ཕྱི་ནང་མེད་པར་ཀུན་ལ་ཁྱབ། །དངོས་པོ་མེད་པར་ཡེ་ནས་གནས། །སྐུ་དང་ཡེ་ཤེས་འདུ་འབྲལ་མེད། །རྫོགས་པ་ཆེན་པོའི་མན་ངག་གིས། །སོ་སོའི་སྒྲོན་མའི་སྒོ་ནས་འཆར། །དང་བོ་སངས་རྒྱས་དངོས་མཐོང་ཡིན། །སེམས་ཅན་ཀུན་གྱིས་རིག་པར་ཤོག །རིག་པ་ང་ཡི་རྩལ་ལས་ནི། །འོད་དང་ཟེར་དང་ཐིག་ལེ་དང་། །དབྱིངས་དང་དབྱིངས་ལས་སྣང་བ་ནི། །བསམ་གྱིས་མི་ཁྱབ་མངོན་སུམ་དུ། །ཉི་མ་དང་ནི་ཟེར་བཞིན་དུ། །འབད་མེད་ལྷུན་གྲུབ་ངང་གིས་ཤར། །ཁམས་གསུམ་སེམས་ཅན་མ་ལུས་ཀུན། །ཡེ་ཤེས་རྩལ་སྣང་རྒྱས་པར་ཤོག །བོན་སྐུ་དང་ནི་གཟུགས་ཀྱི་སྐུ། །སྐུ་གསུམ་དག་ཏུ་སྣང་བ་ཡང་། །རིག་པ་ང་ཡི་རྩལ་ལས་བྱུང་། །འཁོར་བའི་སེམས་ཅན་ཐམས་ཅད་ཀྱིས། །སྐུ་གསུམ་མཐོང་སྒོར་མཇལ་གྱུར་ནས། །ལམ་གྱི་སྣང་བ་ཆོད་གྱུར་ཅིག །ང་ཡི་སྨོན་ལམ་ཐོས་པ་ཀུན། །དངོས་ཀུན་འོད་གསལ་ངང་དུ་དེངས། །གཟུགས་ཕུང་འོད་ཀྱི་ལས་སུ་དེངས། །སེམས་ནི་རིག་པའི་ངང་དུ་དེངས། །དེངས་པ་གསུམ་དུ་འབྱུང་བ་ནི། །བློ་ཟད་བོན་ཟད་ཆེན་པོ་ཡི། །གཡུང་དྲུང་འཕོ་བ་ཆེན་པོའི་སྐུ། །ལུས་འདི་མ་སྤངས་ངང་དུ་བཞེངས། །དེ་བཞིན་སེམས་ཅན་ཐམས་ཅད་ནི། །གཡུང་དྲུང་སྐུ་རུ་གྲོལ་བར་ཤོག །དེ་ནས་འཁོར་བ་གནས་ཀྱི་བར། །སྲོག་མེད་ཡེ་ཤེས་རྫོགས་པའི་སྐུས། །སྐྱེ་དང་འཇུག་པས་སེམས་ཅན་དོན། །བསམ་གྱིས་མི་ཁྱབ་འབྱུང་གྱུར་ནས། །འགྲོ་དོན་མཐའ་རུ་ཕྱིན་གྱུར་ཏེ། །བདག་གཞན་མ་ལུས་ཐམས་ཅད་ཀུན། །གཞོན་ནུ་བུམ་པའི་སྐུ་བརྙེས་ཤོག །གལ་ཏེ་ལས་དང་བརྩོན་པ་དམན། །ཚེ་འདིར་གྲོལ་བ་མ་གྱུར་ཚེ། །ལུས་དང་སེམས་སུ་བྲལ་བ་ན། །མངོན་ཤེས་རྗེས་དྲན་རྐྱེན་ལས་སུ། །བར་དོའི་གྲོལ་བའི་མཐུ་རྙེད་ནས། །ཀུན་བཟང་རྒྱལ་ས་ཟིན་པར་ཤོག །དེ་ཚེ་བཞི་བཅུ་རྩ་ལྔའི་ལྷ། །ཁྲག་འཐུང་ཁྲོ་བོ་བརྒྱད་ཅུ་ཡང་། །རིག་པའི་རྩལ་ལས་ལྷུན་གྱིས་གྲུབ། །ལྷུན་གྲུབ་ཆེན་པོའི་དཀྱིལ་འཁོར་འདི། །སེམས་ཅན་ཀུན་གྱིས་མཐོང་ནས་ནི། །རང་རིག་རྩལ་དུ་ཤེས་པར་ཤོག །དེ་དུས་ཟག་བཅས་གཟུགས་ཕུང་ལས། །ཤ་རི་རཾ་དང་བ་རི་རཾ། །ཆུ་རི་རཾ་དང་པཉྩ་རཾ། །ཉ་རི་རཾ་སོགས་ལྔ་འབྱུང་ནས། །སྒྲ་དང་འོད་དང་ས་གཡོས་པས། །འགྲོ་བའི་སྣང་བ་འགྱུར་བྱས་ཏེ། །མཐོང་གྲོལ་ཐོས་གྲོལ་དྲན་གྲོལ་གྱིས། །སེམས་ཅན་དོན་ཀྱང་མཐའ་ཡས་ཤོག །དེ་ནས་ཡང་ནི་མ་གྲོལ་ཚེ། །སྲིད་པའི་བར་དོའི་ངོ་ཤེས་ནས། །སྲིད་པ་ཕྱི་མར་མི་འཇུག་པར། །རིགས་དྲུག་སྐྱེ་བས་བག་ཆགས་ཟད། །སྤྲུལ་བའི་སྐུ་རུ་དབུགས་འབྱིན་ནས། །ལོ་ནི་ལྔ་བརྒྱའི་བར་དག་ཏུ། །རང་གི་རིག་པ་བསྐྱེད་ནས་ནི། །ཕྱིར་མི་ལྡོག་པའི་ས་གནོན་ཤོག །གང་ཞིག་ང་ཡི་སྨོན་ལམ་ཟབ་མོ་འདི་ནི་ཐོས་ཙམ་གྱིས། བོན་ཀུན་ཡིན་ལུགས་ཤེས་ནས་རྩོལ་མེད་རང་གྲོལ་ལྟ་བ་ནི། །སེམས་ཅན་ཀུན་གྱི་རྒྱུད་ལ་འབད་མེད་ལྷུན་གྲུབ་སྐྱེས་གྱུར་ནས། །འདི་འམ་བར་དོ་ཡང་ནི་སྤྲུལ་བའི་ཞིང་དུ་བྷུངྔྷ་ཤོག །འདི་ནི་སྨོན་ལམ་ཀུན་གྱི་རྒྱལ་པོར་ཀུན་བཟང་ང་ཡི་གསུངས། །ཉི་ཟླ་གཟའ་ཡིས་ཟིན་དང་སྒྲ་དང་ས་གཡོས་བོན་འཁོར་བསྐོར། །རྫོགས་ཆེན་རྣམ་འབྱོར་འདིར་སྣང་སྐུ་ཡི་བཀོད་པ་བསྡུས་པའི་ཚེ། །ཀུན་གྱིས་ངག་ཏུ་བརྗོད་པས་ཐོས་ཀུན་གྲོལ་བ་ང་ཡིས་བཤད། །བོན་ཀུན་གནས་ལུགས་ཟབ་མོའི་དོན་ནི་སྨོན་ལམ་འདི་ཡིས་བསྟན། །ཤེས་བྱ་ཆིག་ཆོད་སྨོན་ལམ་འདི་ནི་ཀུན་གྱིས་དབྱངས་སུ་བརྗོད། །བོན་སྒོ་མ་ལུས་དུས་གཅིག་བརྗོད་དང་ཕན་ཡོན་མཉམ་པ་ཐོབ། །འདི་ནི་འཁོར་བ་མཐའ་ཅན་བྱས་ནས་འཇིག་རྟེན་སྟོང་བར་ཤོག །འདི་ནི་ཡང་དག་དོན་གྱི་འོག་མིན་གྱི། །མཆོང་གུར་སྨུག་པོ་ཤེལ་གྱི་ཁ་པད་ཅན། །ཅིར་ཡང་འཆར་བའི་གནས་སུ་ཀུན་བཟང་གིས། །རིག་པའི་ཁྱེའུ་ཆུང་གང་ལ་དགོངས་པ་བརྒྱུད། །རིག་པའི་ཁྱེའུ་ཆུང་ཚད་མེད་འོད་ལྡན་གྱིས། །རིག་པ་རང་ཤར་བདག་ལ་བཤད་ནས་བརྒྱུད། །བདག་ལ་དད་ལྡན་སློབ་མས་རབ་བསྐུལ་ནས། །མ་བཅོས་རང་ལུགས་ངང་ནས་ཡི་གེར་བཀོད། །

ཅེས་བོན་སྐུའི་སྨོན་ལམ་འདི་ནི་བྱ་བཏང་མཆོག་སྤྲུལ་བསྟན་པའི་ཉི་མ་དང་། དགེ་བཤེས་ནོར་བུ་རྒྱལ་མཚན་གཉིས་ཀྱིས་བསྐུལ་བའི་མོད་ལ། ཤར་རྫའི་བྱ་བྲལ་བཀྲ་ཤིས་རྒྱལ་མཚན་རིག་པ་རང་ཤར་གྱིས་དགོངས་པའི་ཀློང་ནས་ཀུན་ཏུ་བཟང་བོ་འོད་ཀྱི་སྐུ་ཚོན་གང་བ་སྤྱན་ཅེ་རེ་གཟིགས་པ་ཅིག་གིས་གསུངས་པ་བཞིན་དུ་མ་བཅོས་རང་ལུགས་སུ་ཡི་གེར་བཀོད་པས་འགྲོ་ཀུན་བོན་སྐུའི་རྒྱལ་སྲིད་ཐོབ་པའི་རྒྱུར་འགྱུར་བར་གྱུར་ཅིག སརྦ་མངྒལཾ།
 

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།