༧སྐྱབས་རྗེ་མཁན་ཆེན་རིན་པོ་ཆེར་ཕུལ་བའི་བསྟོད་ཚིག
[ཟླ་ཚེས། 2013-04-18 01:56:40][རྩོམ་པ་པོ། སྐྱང་སྤྲུལ་དྲི་མེད་འོད་ཟེར།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
༧སྐྱབས་རྗེ་སྨན་རིའི་མཁན་ཆེན་རིན་པོ་ཆེ་དགུང་གྲངས་བརྒྱད་ཅུར་ཕེབ་པའི་དགའ་སྟོན་དུས་ཆེན་ལ་ཕུལ་བའི་བསྟོད་ཚིག་དང་
ཞབས་བརྟན་གསོལ་འདེབས་དམ་པ་མཉེས་པའི་མཆོད་དབྱངས་ཞེས་བྱ་བ།
ཀུན་ཁྱབ་ཐུགས་རྗེ་མ་དྲོས་མཚོ་ཆེན་ལས། །ཚེ་ཡི་དངོས་གྲུབ་བྱིན་རླབས་ཀླུང་ཆེན་བཞི། །འབབ་པས་རྒུད་པ་ཀུན་ཞི་འཆི་མེད་དཔལ། །སྟེར་མཛད་གཡུང་དྲུང་ཚེ་ལྷས་དགེ་ལེགས་སྩོལ། །རྒྱལ་བའི་སྟོན་གཙོ་མི་མཇེད་སྟོང་གསུམ་མགོན། །རྒྱལ་བ་གཉིས་པ་སྨན་རི་འཛམ་གླིང་མཁས་མང་གཙོ། །རྒྱལ་བསྟན་སྤེལ་མཛད་རྒྱུད་གསུམ་དཔོན་གསས་དང་། །རྒྱལ་བ་སྨན་རིའི་མཁན་རབས་ཚོགས་ལ་འདུད། །རྨད་བྱུང་ཐུགས་བསྐྱེད་གསེར་སྦྱངས་རི་དབང་སྤོར། །བསླབ་གསུམ་རྣམ་དག་མཚམས་སྤྲིན་བླ་བྲེས་འཁྱུད། །བསྟན་འགྲོའི་ཕྲིན་ལས་ཉི་ཟླའི་འོད་སྣང་འབར། །གཤེན་བསྟན་གླིང་བཞིའི་དཔལ་གྱུར་མཁན་ཆེན་རྒྱལ། །རིན་ཆེན་གསེར་ལྟར་དམ་པའི་རང་གཤིས་ངང་། །ཉི་ཟེར་བཞིན་དུ་མཛད་འཕྲིན་ཡོངས་ཁྱབ་ཀྱིན། །དགུང་ལོ་བརྒྱད་ཅུར་ཕེབས་པའི་དགྱེས་སྟོན་ལ། །རྟེན་འབྲེལ་ཞུ་ཚིག་རོལ་དབྱངས་སྙན་རྒུ་འཁྲོལ། །སྐུ་སྐྱེ་དུ་མར་འཕགས་པའི་གང་ཟག་གིས། །བསྟན་སྤེལ་འགྲོ་ཕན་བརྗོད་ལས་འདས་པ་མཛད། །ཁྱད་པར་སྐུ་སྔོན་མཁའ་ཡགས་མཁས་ཆེན་ནམ། །གསང་མཆོག་ཐུགས་སྤྲུལ་ངག་དབང་རྣམ་རྒྱལ་མཚན། །ཨ་མདོ་ཟིང་ཆུའི་གསང་མཆོག་གནས་ཞོལ་དུ། །འཆད་ཉན་སྒོམ་སྒྲུབ་སྲོལ་བཟང་རྒྱ་ཆེར་སྤེལ། །མདོ་སྔགས་གཤེན་བསྟན་ཡར་ངོའི་ཟླ་ལྟར་རྒྱས། །འཁོར་སློབ་སྐར་ཚོགས་བཞིན་དུ་འཕེལ་བར་གྱུར། །མཆོག་ཉིད་དུས་ངན་གཤེན་བསྟན་རྒུད་པའི་སྐབས། །ཉམས་པ་སླར་གསོ་ཕྱོགས་ཀུན་དར་སྤེལ་ཕྱིར། །གཤེན་བསྟན་སྨན་རིའི་མཁན་རབས་སོ་གསུམ་པར། །དགོངས་བཞིན་སྐྱེ་བ་བཞེས་པར་མཛད་ལ་བསྟོད། །འཇིག་རྟེན་སྣང་བྱེད་ཉི་ཟླའི་དཀྱིལ་འཁོར་ནི། །ཤར་ཕྱོགས་རི་བོའི་ཕྲག་ནས་འཆར་བ་ལྟར། །སྐྱབས་རྗེ་དམ་པའི་གཟུགས་སྐུའི་པད་མོ་ཡང་། །གངས་ཅན་ཤར་ཕྱོགས་ཟིང་ཆུའི་ཡུལ་དུ་བཞད། །སྐུ་ཡུལ་ཟིང་ཆུའི་དུང་རི་རྩེ་འདུས་དང་། །མཛེས་ལྗོངས་གསེར་མཚོས་འཛམ་གླིང་མི་རིགས་རྣམས། །རང་དགར་འགུག་ཅིང་ཡིད་དབང་འཕྲོག་ནས་ཀྱང་། །གྲགས་སྙན་རྒྱལ་སྤྱི་ཡོངས་ལ་ཁྱབ་དེ་མཚར། །དེ་བཞིན་རི་ཕྲན་དབུས་ནས་ལྷུན་པོ་དང་། །རྒྱུ་སྐར་ཁྲོད་ན་སྟོན་ཟླ་རྒྱས་པ་ལྟར། །འཛམ་གླིང་གཤེན་བསྟན་འཛིན་པ་ཡོངས་ཀྱི་གཙོ། །སྐྱབས་རྗེའི་མཚན་སྙན་འཛམ་གླིང་ཁྱབ་དེ་རྨད། །རྒྱལ་བ་མཉམ་མེད་ཤར་ཕྱོགས་རྒྱལ་རོང་དུ། །བལྟམས་ཤིང་མཛད་འཕྲིན་དབུས་གཙང་ཕྱོགས་སུ་རྒྱས། །མཁན་ཆེན་མཆོག་ཀྱང་ཤར་ཁོག་ཟིང་ཆུར་འཁྲུངས། །མཛད་འཕྲིན་འཕགས་ཡུལ་ཕྱོགས་ནས་རྒྱས་དེར་བསྟོད། །སྔོན་དུས་གཡས་རུ་དབེན་ས་འཇིགས་ན་ཡང་། །མཉམ་མེད་ཆེན་པོས་བཀྲ་ཤིས་སྨན་རི་བཏབ། །དེང་དུས་བོད་ཡུལ་གྱེར་བསྟན་ཉམས་ཞིག་དུས། །སྐྱབས་རྗེས་རྒྱ་གར་སྨན་རི་བཏབ་ལ་བསྔགས། །གང་ཁྱེར་ཆུང་ནས་ཞི་དུལ་བག་ཡོད་ངང་། །མཁས་བཙུན་བཤེས་གཉེན་མཉེས་པ་གསུམ་གྱིས་བསྟེན། །དབང་ལུང་མན་ངག་བདུད་རྩིའི་རྒྱུན་བཟང་གིས། །ཐུགས་རྒྱུད་བུམ་པ་ཡོངས་སུ་བཀང་ལ་འདུད། །ཁྱད་པར་སྨྲ་དབང་ཧོར་པ་དྲུང་རམས་མདུན། །བཀའ་པོད་ལྔ་དང་རིག་པའི་གནས་རྣམས་ལ། །ཤེས་བརྩོན་ཆེན་པོས་གསན་སྦྱངས་དཔྱིས་ཕྱིན་ཏེ། །རབ་འབྱམས་མཚན་སྙན་ཅོད་པན་བཞེས་ལ་བསྟོད། །འབྲེལ་ཐོགས་གཙོར་བྱས་རང་གཞན་སྒྲིབ་སྦྱང་ཕྱིར། །མདོ་དབུས་གཙང་དང་མངའ་རིས་བལ་ཡུལ་སོགས། །འཛམ་གླིང་གནས་རྟེན་བླ་མ་དགོན་སྡེ་ལ། །དད་མཛད་ཕྱག་བསྐོར་བསྙེན་བཀུར་མཛད་དེ་རྨད། །མཁས་པའི་ཡོན་ཏན་གྱིས་ནི་མ་ངོམ་པར། །དབུས་གཙང་ཡུལ་དུ་རང་གཞན་དགོན་སྡེ་འགར། །གྲྭ་སྐོར་ཞུགས་ནས་མཁས་དབང་བཤེས་གཉེན་དྲུང་། །ཐོས་བསམ་ཤེས་རབ་གདར་ཐག་བཅད་ལ་བསྟོད། །མི་ཡེངས་དོན་ལ་སྒྲུབ་པར་མི་བརྩོན་ན། །ཚིག་མཁས་དོན་ལ་རྨོངས་པས་ཅི་ཞིག་བྱ། །གསུང་ལྟར་སྒྲིབ་སྦྱོང་ཚོགས་གསོག་བསྙེན་སྒྲུབ་དང་། །ལྟ་སྒོམ་ཉམས་བཞེས་གནད་སྨིན་མཛད་ལ་བསྔགས། །ཁྱད་པར་བོད་ཡུལ་རྒྱལ་བསྟན་མར་མེ་ནི། །དུས་འགྱུར་རླུང་འཚུབ་ཉེན་ཁར་ཐུག་པའི་སྐབས། །རྒྱང་རིང་ཡུལ་དུ་རྟེན་དང་གསུང་རབ་རྣམས། །གནས་སྤོས་གཅེས་ཉར་མཛད་ལ་ཡི་རངས་སོ། །སྐད་དང་ཡིག་གེ་མི་རིགས་མི་འདྲ་བའི། །རྒྱལ་ཁབ་འགའ་ཡི་སློབ་གྲྭ་ཁག་རྣམས་སུ། །སོ་སོའི་སྐད་དུ་འཕྲུལ་ངག་བོན་སྒྲ་བསྒྲགས། །སྔོན་རབས་ལོ་པཎ་རྣམ་ཐར་འཆང་ལ་བསྟོད། །འདི་སྣང་འདོད་དགུའི་ལོངས་སྤྱོད་འཛོམས་ན་ཡང་། །བསྟན་པའི་སྒྲ་མེད་ཡུལ་མཐའི་འདམ་རྫབ་ཏུ། །ཚུལ་ཁྲིམས་དྲི་མེད་པད་ཚལ་མ་ཉམས་པར། །བྱང་སེམས་དྲི་བསུང་འཐུལ་བའི་ཚུལ་དེ་རྨད། །ལྷ་སྲུང་ལུང་དང་མཁན་སློབ་དགོངས་བཞེད་ལྟར། །དད་འབངས་ཚོགས་དང་འདུས་སྡེ་ལྷན་རྒྱས་ནས། །རྒྱལ་བ་གཉིས་པ་གསེར་ཁྲི་མངོན་མཐོ་བར། །མཁན་རབ་སོ་གསུམ་པ་རུ་བཀུར་དེར་འདུད། །བགྲང་བྱ་དུ་མར་དཀའ་སྡུག་བརྒྱ་ཕྲག་ཁྲོད། །བསྟན་པའི་དོན་ཆེན་འདོར་མེད་ལྷུར་བཞེས་མཐར། །གྲུབ་འབྲས་གཡུར་དུ་ཟ་བ་སྨིན་ནས་སུ། །གཤེན་བསྟན་སྨན་རི་གསར་བསྐྲུན་གནང་བར་བསྟོད། །རྒྱལ་ཁབ་དུ་མསི་དད་ལྡན་ཁྲི་དང་འབུམ། །ཁ་ལོ་གྱེན་བསྒྱུར་སྨིན་གྲོལ་ལམ་ལ་བཀོད། །དངོས་འབུལ་གང་བྱུང་ཚོགས་ཀྱི་ཞིང་སར་བཏང་། །འབྲེལ་ཚད་དོན་ལྡན་མཛད་པར་སྙིང་ནས་དད། །སློབ་གྲྭ་རྩོད་གྲྭ་སྒྲུབ་གྲྭ་ཁང་རྣམས་སུ། །གང་འཚམ་རིག་གཞུང་བཀའ་ལུང་ཁྲིད་ཆར་ཕབ། །ཐོས་བསམ་ཤེས་རབ་པད་ཚལ་ཆེར་བཞད་པས། །གྱེར་བསྟན་དབྱར་གྱི་དཔལ་ལ་འགྲན་དེར་སྤྲོ། །ཕྱི་ལྟར་བཀོད་ལེགས་བརྗིད་ཆགས་ཁང་བཟང་རི་བོའི་གཏོས། །ནང་ལྟར་རིག་གནས་དངོས་རྫས་སྣ་མང་ཕྱུར་བུར་གཏམས། །འབྱུང་འགྱུར་མི་ཡི་ཤེས་བྱའི་གཏེར་ཆེན་མཆོག་གྱུར་པའི། །འཛམ་གླིང་རྒྱན་གཅིག་དཔེ་མཛོད་ཆེན་མོ་བསྐྲུན་པར་མཚར། །ཚེ་ལུས་ལོངས་སྤྱོད་བསྟན་པའི་ཕྱོགས་སུ་བཏང་། །གོང་འོག་བར་གྱི་བྱ་བཞག་མ་ལུས་བསྒྲུབས། །ཉིན་མཚན་ཁོར་ཡུག་བསྟན་འགྲོའི་དོན་ལ་འབད། །མཆོག་གི་བཀའ་དྲིན་གཞལ་མཐའ་ཡས་པར་གྱུར། །
ཞབས་བརྟན་གསོལ་འདེབས། རྒྱ་ཆེ་ལུང་དང་རབ་ཟབ་རྟོགས་པའི་བསྟན། །བཤད་སྒྲུབ་འཁོར་ལོ་གསུམ་གྱིས་འཛིན་སྐྱོང་སྤེལ། །སྐྱེ་རྒུའི་ཕན་བདེའི་པད་ཚལ་བཞད་པའི་གཉེན། །མཁན་ཆེན་ཉི་མ་མཆོག་ལ་གསོལ་བ་འདེབས། །བསྟན་པའི་རྩ་བ་འདུལ་ཁྲིམས་རྣམ་པར་དག། བསྟན་པའི་གཞི་མ་ཉན་བཤད་སྲོལ་ཆེན་བཙུགས། །བསྟན་འཛིན་སྐྱེས་བུ་བརྒྱ་སྟོང་སྐྱེད་སྲིང་མཛད། །བསྟན་པའི་རྒྱལ་མཚན་འཛིན་ལ་གསོལ་བ་འདེབས། །གཞན་དག་འགྲོ་ཀུན་ཐུགས་རྗེས་ཉེར་བཟུང་ནས། །གཞན་དོན་ཕྱིན་དྲུག་བསྡུ་བཞིས་རྒྱ་ཆེར་མཛད། །གཞན་གཅེས་རྒྱལ་སྲས་སྤྱོད་བཟང་ལྷུར་བཞེས་པའི། །གཞན་ཕན་བྱང་ཆུབ་སེམས་དཔར་གསོལ་བ་འདེབས། །གསང་བ་སྔགས་འཛིན་དབང་ཐོབ་དམ་ཚིག་གཙང་། །གསང་ཆེན་རིམ་གཉིས་རྣལ་འབྱོར་གདེང་ཐོབ་ཅིང་། །གསང་སྔགས་བསྙེན་སྒྲུབ་གྲུབ་པའི་རྟགས་མཚན་ལྡན། །གསང་བདག་དཔའ་བོ་ཁྱེད་ལ་གསོལ་བ་འདེབས། །ཡང་རྩེའི་ལྟ་བ་སྤྲོས་མཐའ་ཀུན་བྲལ་རྟོགས། །ཡང་ཟབ་སྒོམ་པ་མ་བཅོས་གཉུག་མའི་ངང་། །ཡང་དག་སྤྱོད་པ་ཚངས་སྤྱོད་ཞི་དུལ་ལྡན། །ཡང་རབ་རྫོགས་ཆེན་རྣལ་འབྱོར་གསོལ་བ་འདེབས། །རྒྱལ་རིགས་བྲུ་ཡི་རིང་ལུགས་གཙོར་གྱུར་བའི། །རྒྱལ་བསྟན་ཉམས་པ་སླར་གསོ་མཛད་ནས་ཀྱང་། །རྒྱལ་ཁབ་དུ་མར་བསྒྱུར་ཅིང་རབ་སྤེལ་བའི། །རྒྱལ་ཚབ་ཆེན་པོའི་ཞབས་ལ་གསོལ་བ་འདེབས། །སྐྱབས་གནས་བྱིན་མཐུ་ལེགས་བྱས་བདེན་སྟོབས་ཀྱིས། །གང་གི་ཞབས་པད་མི་འཇིགས་གདོང་ལྔའི་ཁྲིར། །བསྐལ་བརྒྱའི་བར་དུ་གཡོ་མེད་རབ་བརྟན་ནས། །བཞེད་དགོངས་མཛད་འཕྲིན་གེགས་མེད་མཐར་ཕྱིན་ཤོག།
ཅེས་བོན་གྱི་འདུས་སྡེ་དམ་པ་གཤེན་བསྟན་སྨན་རིའི་ཁྲི་འཛིན་སོ་གསུམ་པ་མཁན་ཆེན་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་ཉིད་དགུལ་ལོ་བརྒྱད་ཅུར་ཕེབས་པའི་དགྱེས་སྟོན་གྱི་མཛད་སྒོ་ལ་རྟེན་འབྲེལ་ཞུ་ཚིག་དམ་པ་མཉེས་པའི་མཆོད་དབྱངས་ཞེས་པ་འདི་ནི། ཐོབ་རྒྱལ་གསར་བའི་དཔལ་གཤེན་བསྟན་སྨན་རི་བའི་འདུས་སྡེ་སྤྱི་ནས་བསྐུལ་བརྡ་གནང་བ་དང་དུ་བླངས་ནས། གངས་ཅན་བོད་ཡུལ་མདོ་སྨད་ཀྱི་འདྲེན་མཆོག་འཕགས་པ་གསུམ་གྱི་ནང་ཚན་གཏེར་སྟོན་གྲུབ་དབང་སྐྱང་འཕགས་ཆེན་པོའི་གདན་ས་ཁག་གི་ཡ་གྱལ་འཕན་ཆུའི་ཡུལ་གྱི་ཨ་སྐྱིད་སྐྱང་ཚང་གི་གདན་ས་འཛིན་ཁུལ་བ་དྲི་མེད་འོད་ཟེར་མིང་ཅན་གྱིས་རང་ལུགས་འབྱུང་ལྡན་སུམ་བརྒྱ་དང་གཅིག་གི་ནང་ཚན་བགྲང་བྱ་ཉེར་ལྔ་བ་རབ་རྒྱལ་ཞེས་པའམ། ཡོངས་གྲགས་སུ་རབ་གནས་༡༧བགྲང་བྱ་ཉེར་གཉིས་པ་ཀུན་འཛིན་ཞེས་པ་ས་ཕོ་བྱི་བའི་ལོ་གཤོལ་ཟླ་དང་བཅས་པའི་ཟླ་བ་བརྒྱད་པའི་ཚེས་༢༢ཡས་མས་སུ་དད་མོས་སྤྲོ་བ་དང་བཅས་པའི་ངང་ནས་ཡིད་ངོར་གང་ཤར་ཡི་གེའི་རིས་སུ་ཕབ་སྟེ་ཕུལ་བ་ལགས་སོ། །མུ་ཙུག་སྨྲར་རོ། །