རྗེ་མཉམ་མེད་པའི་ཡོན་ཏན་གྱི་ཆ་ཤས་ཙམ་མཐོང་བ་ལ་བསྔགས་བསྟོད་ཀྱི་ཚིག་ཕྲེང་།

[ཟླ་ཚེས། 2013-04-18 01:53:32][རྩོམ་པ་པོ། ཡོངས་འཛིན་བསྟན་འཛིན་རྣམ་དག][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

བདེར་གཤེགས་རྒྱལ་བ་སྲས་བཅས་ཀྱི། །
ལུང་བསྟན་ཁྱེད་ཉིད་འགྲོ་བའི་མགོན། །
མཆོག་གི་ཨ་བ་ཏར་ཞེས་ཏེ། །
སེང་གེའི་དབྱངས་ཀྱིས་ཡང་ཡང་བསྔགས། །
ངེས་པར་ཁྱེད་ལ་བསྟོད་པའི་སྒོ། །
ཐུན་མིན་རྒྱུ་མཚན་གྲུབ་པ་ནི། །
རྣམ་དག་སོ་སོར་ཐར་པ་ཡི། །
སྡོམ་པའི་མྱུ་གུ་བསིལ་རི་ལྗོངས། །
འགེང་མཛད་དྲང་སྲོང་ཁྱེད་ལ་བསྟོད། །
སྣང་སྲིད་ཡེ་སྟོང་ཆེན་པོའི་ཀློང་ཆེན་ལས། །
མ་གཡོ་སྟོང་གཟུགས་ཕྲ་མོའི་ལས་འབྲས་ཚོགས། །
སྤྱམ་རྡུལ་བག་ལ་བྱོལ་བཞིན་གདམས་པ་མཛད། །
དུས་འགྲོ་མགོན་ཁྱེད་ལ་ཅི་མི་བསྟོད། །
བསྟན་འགྲོར་ཕན་བདེའི་སྐྱེད་ཚལ་འཛུམ་བྱེད་པའི། །
འཆད་རྩོད་རྩོམ་པའི་རྟ་བདུན་འོད་འབུམ་བཀྱེས། །
རང་ཉིད་ཞི་བདེའི་གོ་འཕང་བསཉེག་པའི་དཔལ། །
ཐོས་བསམ་སྒོམ་གྲུབ་བྱ་བའི་སྙིང་པོ་མཛད། །
འགྲོ་བ་ཐུན་མོང་ཐར་བདེའི་སྒོ་གཅིག་པུ། །
དི་མེད་བསླབ་པ་ཚུལ་ཁྲིམས་བཅའ་གཞི་མཛད། །
དེས་ཀྱང་སྲིད་རྩ་གཅོད་ལ་མཐུ་ཆུང་བས། །
བདག་མེད་ལྟ་བ་གཞི་གནས་རྟ་ལ་བཀྱོན། །
དེ་ཉིད་སྐུ་གཉིས་རྒྱུ་ཚོགས་མ་ཚང་བས། །
ཕྱོགས་ཀྱི་ཕ་རོལ་ཕྱིན་བསྒུབ་གཙོ་མཛད། །
མི་མཐུན་ཕྱོགས་རྣམས་བཟོད་པའི་མཚོན་གྱིས་བསྲུངས། །
བདེ་ཆེན་ཐང་དུ་ཞི་བའི་ངལ་གསོ་མཛད། །
བློ་གྲོས་ཆེན་པོའི་སྤྱན་དཀྱུས་ཡོང་གསལ་ཚེ། །
གཉིས་སྟོང་ཟབ་མོས་སྒྲིབ་པའིགཡུ་ལས་རྒྱལ། །
ཕྱིན་བཅུའི་ལྗོན་བཟང་བྱང་སེམས་ཆུ་ཡིས་བརླན། །
སྐུ་གསུམ་འབྲས་བུ་འགྲོ་བའི་གསོས་སུ་གྱུར། །
རླབས་ཆེན་སྙིང་རྗེ་བྱང་སེམས་ནོར་འཛིན་སྟོར། །
བདེན་སྟོང་ཉལ་འགྲོ་ཀུན་རྫོབ་རླབས་འཕྲེང་གཡོ། །
བསླུ་མེད་ལས་འབྲས་ལན་ཀར་ཅི་ཡང་འཆར། །
ཚུལ་འདི་རྟེན་འབྲེལ་རྟགས་ལས་ཁྱེད་ཀྱིས་བསྒུབས། །
གངས་ཀྱི་རི་ཡི་ཁོངས་གསེང་པོན་ལྗོངས་སུ། །
བསླབ་གསུམ་ས་པོན་གྲུང་པོ་ཡོངས་སུ་སྦས། །
ཕན་བདེའི་མྱུ་གུ་སྣུམ་པོ་རྒྱལ་བའི་རྩེར། །
སྤངས་རྟོགས་ལོ་འབྲས་གཡུར་བ་ཁྱེད་ཀྱི་དྲིན། །
གང་རྟོགས་པའི་ཡོན་ཏན་ཆེས་མཐོང་ཡང་། །
བརྩེ་བའི་བསིལ་ཟེར་དམ་བའི་འགྲོ་ལ་དྲིན། །
མཁས་པའི་གཟི་བརྗིད་ཁ་ལྔས་བཏེགས་བཞིན་ཡང་། །
ཞིབ་གསལ་ངག་གི་ཟླ་བས་སློབ་ཚོགས་བསྐྱངས། །
ཁྱེད་ཀྱི་དགོང་མཛོད་རྣམས་རིག་ཡུལ་ལས་འདས། །
སྟོང་གཟུགས་སྲིད་གཞིའི་སྣང་བ་བཀྲ་ལ་གསལ། །
སྒྲིབ་མེད་རིག་པའི་རང་མདངས་མངོན་དུ་ཤར། །
མགཟིགས་གཟིགས་པའི་སྤྱན་མངར་ཕྱག་འཚལ་ལོ། །
སྣང་སྲིད་བཀོད་པ་ཇི་བཞིན་བཅོས་མེད་པར། །
ཡེ་གཞི་སྟོང་གཟུགས་རང་མདངས་མངོན་པར་གསལ། །
ཀ་དག་རིག་པའི་་རང་མདངས་ཤར་བའི་མོད། །
ཆེས་འཐུག་སྒྲིབ་པའི་སྨག་ཚོགས་དྲུངས་ནས་དག །
སྟོང་ཉིད་སྙིང་རྗེའི་སྙིང་པོ་ལྟར་བཞེངས་པ། །
ཁྱེད་ཀྱི་ངཚན་དཔེའི་དཀྱིལ་འཁོར་ཆ་རེས་ཀྱང་། །
སྲིད་དང་ཞི་བའི་མཐའ་རྣམས་ཡོངས་སུ་བཀྲུས། །
དེ་ཕྱིར་ལམ་གྱི་མཆོག་ཅེས་ཀུན་གྱི་བསྔགས། །
ཀུན་རྟོག་གཡོ་བའི་རྣམས་འགྱུར་ཆ་རེ་ལ། །
གཞི་ཡི་སྐུ་གསུམ་གདམ་པའི་དོན་རེ་རྫོགས། །
དེ་རྟོགས་ཕྱིར་ན་གསང་ལམ་སྒྱུར་ཞེས་འབོད། །
དེ་དོན་གཉེར་གང་གསང་བདག་རིག་པ་འཛིན། །
མཐའ་བྲལ་ཡེ་གཞི་ཀ་དག་ལྷུན་གྲུབ་སྐུ། །
སྨས་བསམ་བརྗོད་མེད་རང་འབྱུང་ཡེ་སངས་རྒྱས། །
ངོ་བོ་རང་བཞིན་ཐུགས་རྗེ་བདག་ཉིད་ཅན། །
སྐྱེ་མེད་པོན་སྐུའི་བླ་མར་ཕྱག་འཚལ་ལོ། །
འགག་མེད་རྡུལ་བྲལ་རྣམས་བཀྲའི་རི་མོ་ཚོགས། །
ཇི་ལྟར་གསལ་མདངས་དབྱིབས་དང་བཀོད་པའི་ཁྱོན། །
རོ་ལེན་རྩོལ་བའི་ཡུལ་གྱི་ཕ་མཐར་བྱས། །
འོད་གསལ་སྣང་ལྔའི་བླ་མའི་ཕྱག་འཚལ་ལོ། །
གང་ཞིག་འདོད་དང་ཞིང་ཁམས་བཀོད་པའི་ཚོགས། །
ཇི་ལྟར་གསལ་མདངས་དབྱིབས་དང་བཀོད་པའི་ཁྱོན། །
རོ་ལེན་རྩོལ་བའི་ཡུལ་གྱི་ཕ་མཐར་བྱས།
འོད་གསལ་སྣ་ལྔའི་བླ་མར་ཕྱག་འཚལ་ལོ། །
གང་ཞིག་འདོ་དང་ཞིང་ཁམས་བཀོད་པའི་ཚོགས། །
རྣམ་དཔྱོད་གསལ་རིག་ཡུལ་ལས་བརྒལ་གྱུར་ཀྱང་། །
ཡེ་ཤེས་སྤྱན་ལ་སྒྲིབ་མེད་འཆར་གྱུར་པ། །
ཡེ་ཤེས་འོད་གསལ་བླ་མར་ཕྱག་འཚལ་ལོ། །
འཁོར་དང་འདས་པ་ཡོངས་ཀྱི་རྟེན་པའི་གཞི། །
སྨྲ་བརྗོད་གསལ་རིག་ཡུལ་ལས་འདས་གྱུར་ཀྱང་། །
སྟོང་གསལ་གི་རང་བཞིན་གསལ་ལོ་ཞེས། །
གདམ་པ་འདི་ཉིད་ཁྱེད་ལ་བསྟོད་པའི་གཙོ། །
ད་དུང་གསལ་སྟོང་དབྱེར་མེད་གཞི་འདི་གསལ། །
ཚོགས་གཉིས་གཞི་བོ་ཕྱིན་བཅུ་རྫོགས་སོ་ཞེས། །
སེང་གེའི་སྒྲ་ཡིས་ཡང་ཡང་གསལ་གསུང་པ། །
ཡ་མཚན་ཆེ་བའི་ཁྱེད་ལ་ལྷག་པར་བསྟོད། །
སྣང་སྲིད་བརྟན་གཡོའི་བཀོད་པ་བཅོས་མེད་བཞིན། །
ཡེ་སྟོང་གཞི་ཡི་རང་བཞིན་རང་གསལ་ཞེས། །
གསུང་བའི་ཚུལ་གང་རྟོགས་མཐར་ཕྱིན་ཚེ། །
རྫོགས་སངས་རྒྱས་པར་གྱུར་ལ་ཕྱག་འཚལ་ལོ། །

ཞེས་འབོལ་རྩོམ་གྱི་ཚིག་བཅད་འགའ་ཞིག་རྗེ་བླ་མའི་ཡོན་ཏན་གྱི་ཆ་ཤས་ཙམ་ལ་བསྟོད་པ་བསྟན་རྣམ་པས་ཕུལ་བའོ། །

རྒྱལ་རོང་བ་རྒྱལ་མཚན་དྲི་མེད་ནས་༼བགྲེས་པོའི་འབེལ་གཏམ༽སྤྱི་དེབ་དང་བོ་ལས་བཤུས་ཏེ་གནང་བའོ
 

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།