རིན་སྤུངས་མཆོག་སྤྲུལ་ཤེས་རབ་རྣམ་རྒྱལ་གྱི་བསྟོད་ཚིག་གསོལ་འདེབས་བྱིན་རླབས་མྱུར་འཇུག

[ཟླ་ཚེས། 2013-04-18 01:50:33][རྩོམ་པ་པོ། སློབ་དཔོན་བསྐལ་བཟང་དར་རྒྱས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

2011012618175234.jpg
༧ རིག་འཛིན་སྟོང་རྒྱུང་མཐུ་ཆེན་གྱི་སྤྲུལ་བ། ༧རིན་སྤུངས་ཨ་ལགས་ཚང་ངམ་མཆོག་སྤྲུལ་ཤེས་རབ་རྣམ་རྒྱལ་རིན་པོ་ཆེ།
2011012618182789.jpg

༧ རིན་སྤུངས་ཨ་ལགས་ཚང་ཤེས་རབ་རྣམ་རྒྱལ་རིན་པོ་ཆེ་དང་ཁོང་གི་དངོས་སློབ་༧གཡུང་དྲུང་གླིང་གི་དགེ་སློང་ཤེས་རབ་བསྟན་འཛིན་རིན་པོ་ཆེ་སོགས་ལྷན་འཛོམས་ཀྱི་བྱིན་ཅན་འདྲ་པར།
༼འདྲ་པར་འདི་གཉིས་ལོ་ངོ་བཅུ་ཕྲག་དྲུག་ལྷག་གི་སྔ་རོལ་གྱི་ཡིན།༽

སྤྲོས་བྲལ་བོན་གྱི་སྐུ་ལས་མ་གཡོས་ཀྱང་། །དག་དང་མ་དག་གདུལ་བྱའི་དོན་གྱི་ཕྱིར། །
ལོངས་སྤྲུལ་བཀོད་པ་ཆུ་ཟླའི་རོལ་བ་ཅན། །སྐུ་གསུམ་ལྷུན་གྲུབ་བླ་མར་གསོལ་བ་འདེབས། །
སྙིགས་མའི་དུས་ཀྱི་བསྟན་དང་འགྲོ་བའི་མགོན། །རིག་འཛིན་གཙོ་བོ་སྟོང་རྒྱུང་མཐུ་ཆེན་སོགས། །
མཁས་དང་གྲུབ་པའི་སྐྱེས་རབས་ཕྲེང་འཛིན་པའི། །བླ་མ་འཛམ་གླིང་རྒྱལ་ལ་གསོལ་བ་འདེབས། །
སྐྱང་འཕགས་གདུང་ལས་བསྟན་པ་འབྲུག་གྲགས་མཚན། །རིན་སྤུངས་བླ་མ་བསོད་ནམས་དབང་གྲགས་ཞེས། །
ཤེལ་ཞིག་རྒྱུད་འཁྲུངས་མཁན་ཆེན་ཤེར་ཡེ་སོགས། །མདོ་སྨད་གཤེན་བསྟན་སྣང་བྱེད་གསོལ་བ་འདེབས། །
ཁྱད་པར་རང་གཞན་སྐྱེས་མཆོག་དུ་མ་ཡི། །སྤྲུལ་བའི་སྐུ་རུ་ལུང་གིས་མངའ་གསོལ་ལྟར། །
དམུ་དགེའི་ཡུལ་འཁྲུངས་བཀའ་དྲིན་མཚུངས་མེད་པ། །ཤེས་རབ་རྣམ་རྒྱལ་ཞབས་ལ་གསོལ་བ་འདེབས། །
ཤེས་བྱ་ཀུན་གཟིགས་བདེ་གཤེགས་སྲས་དང་བཅས། །རབ་འབྱམས་དཀྱིལ་འཁོར་ཡི་དམ་ཕྱི་ནང་གསང་། །
རྣམ་འདྲེན་ཡོངས་ཀྱི་ངོ་བོ་གཅིག་བསྡུས་གར། །རྒྱལ་མཆོག་བླ་མའི་ཞབས་ལ་གསོལ་བ་འདེབས། །
༼དང་བོ་མ་དག་པར་སྐྱེས་གྲངས།༽
གྲངས་མེད་དུས་ནས་ཐུགས་བསྐྱེད་རྒྱ་ཆེའི་མཐུས། །འགྲོ་ལ་བརྩེ་བས་རིགས་དྲུག་ཀུན་ཏུ་བརྒྱུད། །
དགེ་དང་སྡིག་པའི་རྒྱུ་འབྲས་བླང་དོར་ཚུལ། །མ་འདྲེས་འབྱེད་ཤེས་ཁྱེད་ལ་གསོལ་བ་འདེབས། །
༼གཉིས་པ་ཚོགས་བསགས་ཀྱི་རིམ་པ།༽
སྐྱེ་བ་དུ་མར་སྨོན་འཇུག་སེམས་ལ་གོམས། །ཕྱིན་དྲུག་བསྡུ་བཞི་རྒྱལ་སྲས་སྤྱོད་པར་བསླབ། །
གནས་ལུགས་དོན་རྟོགས་སྔགས་སེམས་དོན་དང་ལྡན། །ཚོགས་གཉིས་གཏེར་ཆེན་འཛིན་ལ་གསོལ་བ་འདེབས། །
༼གསུམ་པ་སློབ་ལམ་བྱས་ཚུལ།༽
མུན་སྒྲོན་བསྐལ་མང་ལས་ཀྱི་འཕྲ་མ་ཆད། །སྡོམ་གསུམ་བཅས་གཙང་རྒྱལ་སྲས་རྣམས་དང་འགྲོགས། །
ཤེས་བྱའི་གནས་ཀུན་མ་རྨོངས་ཐུགས་སུ་ཆུད། །མཁས་པའི་གྲགས་པ་འཛིན་ལ་གསོལ་བ་འདེབས། །
༼བཞི་བ་དཀའ་བ་སྤྱོད་ཚུལ།༽
ལུས་སྲོག་ལྟོས་མེད་དཀའ་སྤྱོད་སྣ་ཚོགས་ཀྱིས། །མདོ་སྔགས་སྒོམ་སྒྲུབ་སྐྱེ་བ་དུ་མར་བསྟེན། །
སྐྱེ་དང་རྫོགས་རིམ་རྫོགས་ཆེན་བླ་མེད་བོན། །སྦྱང་བའི་འཕྲོ་ཅན་བླ་མར་གསོལ་བར་འདེབས། །
༼ལྔ་བ་ས་ལམ་བགྲོད་ཚུལ།༽
དཀའ་བ་དང་བླང་སྒྲུབ་པ་ལྷད་མ་ཤོར། །ཐེག་གསུམ་གསུམ་ལམ་བཞུགས་ས་ལམ་རིམ་པས་བགྲོད། །
མི་གཡོ་མཉམ་གསལ་སྐུ་གསུམ་མངོན་དུ་གྱུར། །འགྲོ་བའི་མགོན་པོ་ཁྱེད་ལ་གསོལ་བ་འདེབས། །
༼དྲུག་པ་ཐེག་པ་བརྒལ་ཚུལ།༽
བོན་གྱི་སྒོ་མཐོང་ཐེག་དགུར་རིམ་ཞུགས་ཀྱིས། །གོང་ནས་གོང་འཕེལ་སྤངས་རྟོགས་ལྷུན་ཚོགས་པས། །
རང་བཞིན་ཀ་དག་ཆེན་པོའི་དབྱིངས་ཉིད་ལས། །ལྷུན་གྲུབ་ཡེ་ཤེས་རྒྱས་ལ་གསོལ་བ་འདེབས། །
༼བདུན་པ་དག་པའི་ཞིང་ཁམས་བརྒལ་ཚུལ།༽
རིགས་ལྔའི་སངས་རྒྱས་ཞིང་ཁམས་མངོན་དུ་བསྒྲོད། །གདོས་བཅས་ཞིང་དང་གདོས་མེད་ཅིང་རྣམས་ཀུན། །
སྐུ་གསུམ་ལྷུན་རྫོགས་བདེ་ཆེན་ཞིང་དུ་རྟོགས། །འཁོར་འདས་མཉམ་པ་ཉིད་ལ་གསོལ་བ་འདེབས། །
༼བརྒྱད་པ་ཡང་དག་གི་ལུང་ཐོབ་ཚུལ།༽
འོལ་མོ་གླིང་དང་རྩ་གསུམ་ཤེལ་བྲག་གནས། །བོད་དང་རྒྱ་ཞང་སྒྲུབ་སྡེ་མཐའ་དག་ནས། །
བོན་རྣམས་མ་ལུས་གསན་ཅིང་བཀའ་གཏད་ཐོབ། །མདོ་སྔགས་བསྟན་པའི་བདག་པོར་གསོལ་བ་འདེབས། །
༼དགུ་བ་སྔགས་ཀྱི་གྲུབ་པ་ཐོབ་ཚུལ།༽
བསྟན་ལ་རིམ་ཞུགས་ཚུལ་བཞིན་བསྒྲུབ་པའི་མཐུས། །མཆོག་དང་ཐུན་མོངས་གྲུབ་པ་མངོན་དུ་གྱུར། །
མཁའ་ཀློང་བདེ་ཆེན་བགྲོད་མེད་ས་ལ་གནས། །དོན་གཉིས་ལྷུན་གྲུབ་བླ་མར་གསོལ་བ་འདེབས། །
༼བཅུ་བ་གཞན་དོན་དུ་བསྟན་པའི་ལུང་ཐོབ་ཚུལ།༽
ཐ་དད་གདུལ་བྱའི་བློ་དང་འཚམས་པ་ཡི། །རྒྱུ་འབྲས་ཐེག་པ་རྣམ་པ་སྣ་ཚོགས་ཀྱིས། །
འགྲོ་རྣམས་སྨིན་གྲོལ་ལམ་ལ་བཀོད་མཛད་པའི། །ཕྲིན་ལས་འོད་སྟོང་འབར་ལ་གསོལ་བ་འདེབས། །
༼བཅུ་གཅིག་པ་གདུལ་ཞིང་གི་ཁྱད་པར།༽
བོན་ལོངས་སྤྲུལ་སྐུའི་གདུལ་བྱའི་ཞིང་མཐའ་ཡས། །ཁྱད་པར་རྒྱ་གར་རྒྱ་ནག་བོད་ཡུལ་སོགས། །
ལྷག་པར་བརྩེ་བའི་བསྡུ་བའི་དངོས་པོ་བཞིས། །གདུལ་བྱའི་ཞིང་དུ་གཟིགས་ལ་གསོལ་བ་འདེབས། །
༼བཅུ་གཉིས་པ་གདུལ་བྱ་སེམས་ཅན་གྱི་ཁྱད་པར།༽
འགྲོ་ཀུན་ཚད་མེད་བཞི་ཡི་ཡུལ་གྱུར་ཀྱང་། །སྣོད་དང་མི་ལྡན་རེ་ཞིག་འོས་མིན་ཞིང་། །
དད་དང་དམ་ཚིག་གཙང་ཞིང་སྐལ་བ་ཅན། །དམ་པའི་གདུལ་བྱར་གྱུར་ལ་གསོལ་བ་འདེབས། །
༼བཅུ་གསུམ་འདུལ་བྱེད་བོན་གྱི་ཁྱད་པར།༽
མདོ་མཛོད་འདུལ་སོགས་ཐེག་དགུའི་བོན་རྣམས་ཀྱི། །སྡེ་སྣོད་གསུམ་སོགས་རྒྱུད་སྡེའི་སྐོར་གྱིས་ནི། །
ཐ་དད་གདུལ་བྱའི་རེ་བ་ཡོངས་སྐོང་བའི། །བསྟན་པའི་སྒྲོན་མེ་ཁྱེད་ལ་གསོལ་བ་འདེབས། །
༼བཅུ་བཞི་གང་ཟག་མཆོག་དམན་གྱི་ཁྱད་པར།༽
ཇི་སྲིད་འཁོར་བའི་ཞིང་འདི་མ་སྟོང་བར། །དག་དང་མ་དག་གདུལ་བྱའི་དོན་གྱི་ཕྱིར། །
གཟུགས་སྐུའི་བཀོད་པ་ཆུ་ཟླའི་རོལ་བ་ཅན། །བསྟན་དང་འགྲོ་བའི་མགོན་ལ་གསོལ་བ་འདེབས། །
༼བཅོ་ལྔ་བ་དེ་ནས།༽
དཔལ་ལྡན་བླ་མ་ཁྱེད་སྐུ་ཅི་འདྲ་བ། །༼སོགས་ཤོ་ལོ་ཀ་གཉིས་དང་། རྣམ་ཐར་བདུད་རྩི་ཐིགས་པའི་མཇུག་གི་༽
མཆོག་གསུམ་སྐྱབས་གནས་བསླུ་མེད་བྱིན་རླབས་དང་། །དུས་གསུམ་རྣམ་དཀར་བསགས་པའི་ནུས་སྟོབས་ཀྱིས། །
ཐེག་གསུམ་བསྟན་པའི་སྙིང་བོ་གཡུང་དྲུང་བོན། །སྲིད་གསུམ་འགྲོ་བའི་གཙུག་ན་འབར་གྱུར་ཅིག །
ཁྱད་པར་སྙིགས་དུས་ལྷ་མིའི་མཆོད་སྡོང་ཆེ། །གཡུང་དྲུང་རབ་བརྟན་དཔག་བསམ་ཡོངས་འདུས་ལྗོན། །
བསླབ་གསུམ་འདུས་སྡེ་ཡལ་འདབ་རབ་རྒྱས་ཤིང་། །བཤད་སྒྲུབ་བསྟན་པའི་འདབ་སྟོང་བཞད་གྱུར་ཅིག །
བསྟན་འཛིན་སྐྱེས་བུ་ཤེས་རབ་རྣམ་རྒྱལ་གྱི། །བསྟན་པ་སྲིད་མཐའི་བར་དུ་རབ་བརྟན་ནས། །
བསྟན་འགྲོར་ཕན་བདེའི་ཕྲིན་ལས་རྩེ་བརྒྱ་བ། །ས་གསུམ་ལུས་ཅན་དཔལ་དུ་འཛིན་གྱུར་ཅིག །
ཐོས་བརྩོན་བློ་གསལ་འདུས་པའི་གྲྭ་སློབ་རྣམས། །སྨྲ་བའི་སེང་གེའི་བྱིན་རླབས་སྙིང་དབུས་བཞུགས། །
ཐེག་ཆེན་རིག་གསལ་བློ་གྲོས་སྤོབས་པ་རྒྱས། །གཞུང་ལུགས་ཀུན་རྟོགས་རྣམ་མཁྱེན་གཡུར་ཟ་ཤོག །
དེ་ལ་བརྟེན་ནས་མངའ་རིས་ཞིང་ས་རུ། །དགེ་ལེགས་འབུམ་གྱི་གྲུ་ཆར་རྒྱུན་འབབས་ནས། །
མི་མཐུན་དོགས་པའི་ཐལ་བ་ཡང་རླན་ཞིང་། །བསྐལ་བཟང་རྫོགས་ཆེན་སྙེ་མ་འཁྲུངས་པ་ཤོག །དགེའོ། །
 

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།