ཀུན་བཟང་བདེ་ཆེན་སྙིང་པོ་མཆོག་གི་ལོ་རྒྱུས་དང་ཁོང་གི་གསུང་རྩོམ་ཕྱོགས་བསྒྲིགས།
[ཟླ་ཚེས། 2024-09-22 10:15:35][རྩོམ་པ་པོ། ཀུན་བཟང་བདེ་ཆེན་སྙིང་པོ །][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
༧ རྫོགས་ཆེན་རྣལ་འབྱོར་ཚེ་དབང་ཕུན་ཚོགས་སམ་ཀུན་བཟང་བདེ་ཆེན་སྙིང་པོ་མཆོག་གི་ལོ་རྒྱུས་མདོར་བསྡུས།
རྩོམ་པ་པོ། དགེ་བཤེས་གཙུག་གཤེན་རྒྱལ་མཚན།
དམ་པ་ཁོང་ནི་བོད་ཡུལ་མདོ་དབུས་ཁམས་གསུམ་ལས་མདོ་ཁམས་སྟོད་ཀྱི་ཆར་གཏོགས། བོད་གླང་སྤེ་ནེ་རི་བཀྲའི་འདབས་རོལ། གནས་མཆོག་ཤེལ་ལེ་རྒྱ་སྐར་གྱི་བྱང་ཕྱོགས་ཝ་དགེ་དགོན་ཞབས་ཀྱི་གཡང་རེ་གྲོང་དུ་ཡབ་སྒ་རིགས་གཡུང་དྲུང་ཚེ་དབང་དང་ཡུམ་རག་དྷིས་བཟའ་ཆོས་སྐྱིད་སྒྲོན་མ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་དྲུག་པའི་ས་འབྲུག(༡༩༢༨)ལོར་ངོ་མཚར་དགེ་བའི་རྟགས་མཚན་དང་བཅས་སྐུ་འཁྲུངས། ཆུང་དུས་ནས་རབ་བྱུང་གི་སྡེ་ལ་དམིགས་བསལ་དགའ་དད་མོས་གསུམ་གནང་བའི་གྲྭ་བཙུན་གྱི་བག་ཆགས་བཟང་པོ་སད་པའི་ངང་ཚུལ་ཅན་ཞིག་ཡིན། ནམ་རྒྱུན་སྨྲ་བ་ཉུང་ལ་གང་ཞིག་སྨྲས་པ་དག་བབ་ཆགས་ཤིང་རྩ་དོན་ཡོད་པ་ཞིག་ཡིན། ཡི་གེ་སློབ་སྐབས་ཤེས་སླ་ལ་བརྗིད་དཀའ་བ་རིག་པ་བརྟན་པོ་ཡོད་པ་ཞིག་ཡིན་པར་བཤད། དགུང་ལོ་དགུ་ཡས་མས་ཐོག་ཏུ་རྒྱ་མཁར་ལྷ་བཟོ་ཚང་དུ་བཅར་ནས་ལྷ་བྲིས་ལ་སྦྱོང་བ་མཛད། དགུང་ལོ་བཅུ་གསུམ་ཐོག་རྟ་རེ་ཤེས་རབ་མཆོག་དང་ལྷན་དུ་རང་མོས་ཀྱིས་ལྐོག་ཏུ་བྲོས་བྱོལ་ཚུལ་དུ་རྩེ་དྲུག་དགོན་དུ་ཡོང་སྟེ་བླ་མ་ཚུལ་ཁྲིམས་དར་རྒྱས་མདུན་ནས་རབ་ཏུ་བྱུང་། སྐབས་དེར་ཁོང་གི་མཚན་ལ་ཚེ་དབང་ཕུན་ཚོགས་དང་རྟ་རེ་ཤེས་རབ་ལ་ཤེས་རབ་རྒྱལ་མཚན་ཞེས་བཏགས་གནང་མཛད། དེ་ནས་རྩེ་དྲུག་དགོན་དུ་སྒྲིག་ཞུགས་མཛད་དེ་མཆོད་དཔོན་སོགས་བྱས་ཏེ་དགོན་པའི་ཞབས་ཕྱི་ཞུས། དགུང་ལོ་བཅུ་དྲུག་ཐོག་ཏུ་རྩེ་དྲུག་སྒོམ་གྲྭར་ཞུགས་ནས་མཁན་པོ་སྨོན་ལམ་བསྟན་འཛིན་མཆོག་གི་མདུན་ནས་ཐུན་མིན་ནང་གི་སྔོན་འགྲོའི་ཟབ་གདམ་རྒྱས་པར་ཞུས། སྐབས་དེར་ཁོང་ལ་འཁོར་བར་སྐྱོ་ཤས་དང་ཐར་པར་ངེས་འབྱུང་། བཅོས་མིན་གྱི་དད་པ། བརྩོན་འགྲུས་ཁྱད་པར་ཅན་རྒྱུད་ལ་སྐྱེས། དངོས་གཞིའི་སྐབས་སུ་ལུས་ཆ་ལུགས་ལྔ་ལྡན་སོགས་ཐུན་མིན་གྱི་རྟུལ་ཤུགས་འཆང་སྟེ་ཉམས་ལེན་ལ་བརྩོན་པས་སྐྱབས་མཆོག་བླ་མ་དམ་པ་སྒྲུབ་མཁན་སྨོན་ལམ་རིན་པོ་ཆེ་མཆོག་གི་ཐུགས་དགྱེས་ནས་ཡང་ཡང་གཟེངས་སུ་བསྟོད་པར་མཛད། སྤྱིར་ན་ཁོང་ནི་རྩེ་དྲུག་དགོན་གྱི་བླ་གྲྭ་ཐུན་མོང་ལ་མཐུན་ལམ་ཟབ་པ་དང་སྒོས་སུ་མཆེད་གྲོགས་ཚུལ་ཁྲིམས་མཐར་ཕྱིན་དང་གཙུག་ཕུད་འོད་གསལ་གཉིས་དང་ཐུགས་ཡིད་གཅིག་འདྲིས་སུ་གྱུར། སྒྲུབ་གྲྭ་ནང་ལོ་བཞིའི་རིང་བཞུགས་མཛད་པ་དང་སྐབས་དེར་སྔོན་འགྲོ་བཀའ་ལུང་རྒྱ་མཚོ་དང་དངོས་གཞི་སྐུ་གསུམ་རང་ཤར་གཉིས་ཀྱི་ཁྲིད་རྒྱས་པ་ཐོབ་ཅིང་། ཤར་རྫའི་བཀའ་གཞན་དག་གི་ཁྲིད་བསྡུས་པ་ཐོབ། སྔོན་འགྲོ་འབུམ་དགུ་ཚར་གསུམ་བསགས་སྦྱངས་མཛད། རྩ་རླུང་ཚར་གསུམ་སྦྱངས། ཁོང་སྒྲུབ་གྲྭ་མཐར་ཕྱིན་རྗེས་བློ་ལྡན་ཐུན་ར་ནང་དུ་མཆེད་གྲོགས་ཚུལ་ཁྲིམས་མཐར་ཕྱིན་དང་གཙུག་ཕུད་འོད་གསལ་གཉིས་དང་མཉམ་དུ་ནམ་མཁའ་བཅུད་ལེན་ཞག་བདུན་རིང་སྦྱངས་པས་ལུས་ཀྱི་མདངས་ཤོར་དུག་ལྔའི་ཤེད་དམའ་བར་བྱས། སྐབས་དེར་ཁོང་རྣམ་གསུམ་ཐུགས་གྲོས་མཛད་དེ་བྱ་བཏང་ཚེ་དབང་འགྱུར་མེད་མཆོག་གི་མདུན་དུ་འགྲོ་ནས་དབྱིངས་རིག་མཛོད་ཀྱི་ཟབ་གདམ་ཞུ་རྒྱུར་གྲོས་འཆམ་བྱུང་།
དགུང་ལོ་ཉི་ཤུ་སྟེ་སྤྱི་ལོ༡༩༤༩ལོར་མཆེད་པོ་ཚུལ་ཁྲིམས་མཐར་ཕྱིན་དང་ལྷན་དུ་མདོ་ཁམས་ཤར་རྫ་རི་ཁྲོད་ལ་བྱོན་ནས་ཤར་རྫའི་རྒྱལ་ཚབ་ཚུལ་ཁྲིམས་དབང་རྒྱལ་མཆོག་གི་མདུན་ནས་རྒྱལ་བའི་བཀའ་རིན་པོ་ཆེའི་ལུང་ཆ་ཚང་གསན་བཞེས་མཛད། སྤྱི་ལོ༡༩༥༡ལོར་ཉག་རོང་གོང་རྒྱལ་རི་ཁྲོད་དུ་བྱོན་ནས་སྐྱེས་མཆོག་དམ་པ་བྱ་བཏང་ཚེ་དབང་འགྱུར་མེད་མདུན་དུ་བྱོན་ནས་ལོ་བཞི་རིང་བཞུགས་ཏེ་ཤར་རྫའི་མཛོད་ཆེན་སྡེ་ལྔ་ལས་དབྱིངས་རིག་རིན་པོ་ཆེའི་མཛོད་ཟབ་ཁྲིད་ཞུས་པ་དང་གཞན་ཡང་རྒྱུད་སྡེ་མང་པོའི་དབང་ལུང་གསན། སྤྱི་ལོ༡༩༥༥ལོར་ཉག་ཤོད་ནས་ཡར་བྱོན་ཏེ་སྐྱབས་མཆོག་བྱ་བཏང་མཆོག་གི་ལུང་བསྟན་ལྟར། གནས་མཆོག་ཤེལ་ལེ་རྒྱ་སྐར་གྱི་ཤར་ལྷོའི་མཚམས་ཤིང་རོང་བུ་སྡེ་རི་ཁྲོད་ལ་བཞུགས་ཏེ་སློབ་ཚོགས་བསྐྱངས། སྣོད་ལྡན་སློབ་མ་དགུ་ཙམ་ལ་དབྱིངས་རིག་མཛོད་ཟབ་ཁྲིད་མཛད་དེ་ལོ་བཞིའི་རིང་བཞུགས། སྤྱི་ལོ༡༩༥༩ལོར་ཤིང་རོང་ནས་ཡར་བྱོན་པ་དང་རྩེ་དྲུག་སོགས་སུ་བཞུགས། སྤྱི་ལོ༡༩༦༡ནས་སྤྱི་ལོ༡༩༦༦བར་དུ་ཝ་དགེ་དགོན་གྱི་ཤར་ཕྱོགས་སུ་རི་ཁྲོད་ཆུང་ངུ་ཞིག་ཡོད་པ་དེར་གབ་སྦས་ཚུལ་དུ་བཞུགས། དེའི་གནས་སྐབས་སུ་ཡུལ་ཕྱོགས་དེའི་གནས་བསྟོད་དང་གསོལ་ཡིག་ཀྱང་མཛད་གནང་ཡོད། སྤྱི་ལོ༡༩༦༦ནས་༡༩༦༩ལོའི་བར་རག་དྷིས་ཚང་ལ་བཞུགས། སྤྱི་ལོ༡༩༦༩ལོའི་མཇུག་ནས་སྤྱི་ལོ༡༩༧༠ལོའི་ལོ་སྟོད་བར་དུ་ས་སྒང་ཤང་དུ་སློབ་སྦྱོང་འཛིན་གྲྭར་ཚུད། སྤྱི་ལོ༡༩༧༡ནས་༡༩༧༣བར་རག་དྷིས་ཚང་དུ་བཞུགས་གནང་སྟེ། མཐར་སྤྱི་ལོ༡༩༧༣ལོའི་བོད་ཟླ་ལྔ་པའི་ཚེས་བཅུ་གསུམ་ཉིན་མཚམས་པ་ཡེ་ཤེས་རྒྱལ་མཚན་མཆོག་ལ་འདས་ཁའི་ཞལ་ཆེམས་གསུངས་ནས་ཐུགས་དམ་གཡོ་བ་མེད་པའི་ངང་དགོངས་པ་བོན་དབྱིངས་སུ་ཐིམས་སོ།། ཞག་བདུན་ལ་གསང་རྒྱ་ལྟ་བུར་བྱས་ཀྱང་གཟིམ་ཁང་ཐོག་ལ་འཇའ་འོད་ཤར་བ་དང་། བྱང་ངོས་ཀྱི་སྤྲིན་དཀར་པོ་ཤིང་ལོའི་རྣམ་པ་ཅན་ངོ་མཚར་ཅན་ཤར་བ་དང་། ཁོང་གི་གདན་ས་བུ་སྡེ་རི་ཁྲོད་ལ་ཡང་འཇའ་འོད་སྣ་ཚོགས་ཤར་བས་ཡུལ་མི་རྣམས་ཀྱིས་བླ་མ་དགོངས་པ་གཤེགས་པ་ཡིན་པའི་ངེས་ཤེས་རྙེད་པར་གྱུར་བའོ།། བོད་རབ་རྒྱན་ཆུ་སྟག(༢༠༢༢-༦-༢༤)ལོར་རྩེ་དྲུག་སྒོམ་མཁན་ཚུལ་ཁྲིམས་རབ་རྒྱས་རྣམ་དག་མཆོག་དང་རྒན་རབས་རྟ་མགྲིན་གཉིས་ལ་བཅར་འདྲི་ཞུས་ཏེ་ཟིན་བྲིས་བཏབ་ཅིང་། ཤིང་འབྲུག(༢༠༢༤)ལོར་གཙུག་གཤེན་རྒྱལ་མཚན་གྱིས་རང་ཤག་ནང་སྦྱར་བ་ལགས་སོ།།
༧ ཀུན་བཟང་བདེ་ཆེན་སྙིང་པོ་མཆོག་གི་མགུར་གླུ་དང་གསུང་རྩོམ་ཕྱོགས་བསྒྲིགས།
1. སྤྲུལ་པའི་སྐུ་མཆོག་བློ་ལྡན་སྙིང་པོའི་གསོལ་འདེབས་བྱིན་རླབས་གཏེར་མཛོད་ཅེས་བྱ་བ་བཞུགས་སོ། །ཨེ་མ་ཧོ། སྐྱེ་མེད་སྤྲོས་བྲལ་བོན་སྐུའི་མཁའ་དབྱིངས་ན། འགག་མེད་འོད་གསལ་ལོངས་སྐུའི་རྟ་ལྗང་རྒྱས། གཉིས་མེད་གང་འདུལ་སྤྲུལ་སྐུའི་ཟེར་འབུམ་སྤྲོས། སྐུ་གསུམ་རྣམ་རོལ་བླ་མར་གསོལ་བ་འདེབས། སྔོན་གོམས་ཐུགས་བསྐྱེད་ནམ་མཁའི་བླ་བྲེ་ལས། དགེ་མཚན་དུ་མའི་དབྱར་རྔ་སྒྲོག་དང་ལྷན། གསང་གསུམ་བདུད་རྩིའི་གྲུ་ཆར་འབེབས་མཁས་པ། འགྲོ་འདུལ་སྤྲུལ་པའི་སྐུ་ལ་གསོལ་བ་འདེབས། སྐུ་མཆོག་མཚན་དཔེ་རི་དབང་ལྷུན་ལྟར་བརྗིད། གསུང་མཆོག་ཚངས་དབྱངས་རྒྱ་མཚོའི་གཏིང་ལྟར་ཟབ། ཐུགས་ཉིད་མཁྱེན་བརྩེ་ནམ་མཁའི་ཁྱོན་ལྟར་ཡངས། སྐུ་གསུམ་བདག་ཉིད་བླ་མར་གསོལ་བར་འདེབས། འཕྲུལ་ངག་བོན་སྡེའི་གཞུང་ལ་མ་རྨོངས་མཁས། སྡོམ་པ་གསུམ་གྱི་བཅས་མཚམས་དག་པའི་བཙུན། བསྟན་འགྲོའི་ཕན་བདེའི་སྒོ་བརྒྱ་འབྱེད་པའི་བཟང་། དམ་པའི་རྣམ་ཐར་འཆང་ལ་གསོལ་བ་འདེབས། ཚུལ་ཁྲིམས་དྲི་མེད་ཤེལ་གྱི་བུམ་བཟང་དུ། ཏིང་འཛིན་གཡོ་མེད་ཉམས་མྱོང་བཅུད་ཀྱིས་བལྟམས། ཤེས་རབ་འཁྲུལ་མེད་རྟོགས་པའི་ཁ་རྒྱན་མཛེས། བསླབ་གསུམ་བློ་ལྡན་མཆོག་ལ་གསོལ་བ་འདེབས། བསྐྱེད་རིམ་གསལ་ཆའི་རླབས་དཀར་ཆེས་གཡོ་བ། རྫོགས་རིམ་སྟོང་ཆའི་མ་མ་ལས་གཞན་འདས། ཟུང་འཇུག་བདེ་ཆེན་ནོར་འཛིན་ཀླུ་དབང་རྒྱལ། གསང་ཆེན་སྙིང་པོ་རྟོགས་ལ་གསོལ་བ་འདེབས། སྐྱེ་འགག་གཉིས་མེད་གཞི་ཡི་མ་ནི་ཀ། རིག་སྟོང་ཡེ་གྲོལ་ལམ་གྱི་ལོངས་སྤྱོད་དབང་། དག་པ་གཉིས་ལྡན་འབྲས་བུ་དགོས་འབྱུང་ཚོགས། གནས་ལུགས་མངོན་དུ་གྱུར་ལ་གསོལ་བ་འདེབས། སུམ་ལྡན་རིག་འཛིན་མིག་བུ་མཁའ་ལ་བཀྲ། གཉིས་སྐྱེས་མ་རིག་མུན་སྨག་ཀློང་དུ་སངས། གཅིག་ཤེས་ཀུན་གྲོལ་སྣང་བྱེད་དབྱིངས་གྲལ་བཀོད། འབྲེལ་ཚད་དོན་ལྡན་མཛད་ལ་གསོལ་བ་འདེབས། རིག་གནས་ཀུན་མཁྱེན་གཟི་བྱིན་རྒྱས་པ་ལ། སྡེ་སྣོད་གཞུང་བརྒྱའི་གནད་ལ་མིག་གཡོ་ཞིང་། མཁས་པའི་དབང་པོ་བསྟན་འགྲོའི་དཔལ་ཤར་བ། ཡོངས་འཛིན་རྒྱ་མཚོའི་གཙུག་རྒྱན་གསོལ་བ་འདེབས། གཤེན་བསྟན་བཀའ་གཏེར་རིན་ཆེན་གླིང་ལ་སྤྱོད། མཆོག་ཐུན་དངོས་གྲུབ་གདུལ་བྱའི་རེ་བ་སྐོང་། གངས་ཆེན་ཞིང་འདིར་གྲུབ་པའི་ས་ཆེན་བརྡལ། གཏེར་སྟོན་བརྒྱ་རྩའི་གཙོ་ལ་གསོལ་བ་འདེབས། མཁྱེན་པའི་ཤེས་བྱ་མ་ལུས་དུས་གཅིག་གཟིགས། བརྩེ་བས་མཁའ་མཉམ་འགྲོ་ཀུན་གདུལ་བྱར་དགོངས། ནུས་པས་བདེ་ཆེན་ཐར་ལམ་འདྲེན་མཛད་པ། བཤད་གཉིས་མཆོག་གྱུར་ཁྱེད་ལ་གསོལ་བ་འདེབས། དེ་ལྟར་རྩེ་གཅིག་སྙིང་ནས་གསོལ་བཏབ་མཐུས། བདག་སོགས་ཐོག་མའི་དུས་ནས་མ་རིག་དབང་། གཟུང་འཛིན་འཁྲུལ་པའི་མཐའ་མེད་འཁོར་བ་རྣམས། སྐྱོ་ཤས་ངེས་འབྱུང་སྐྱེ་བར་བྱིན་གྱིས་རློབས། ཡང་དག་སྤྲོས་བྲལ་ལྟ་བའི་གཞི་རྩ་ཆོད། བདེན་གཉིས་མཉམ་རྗེས་བསྒོམས་པའི་བློ་རྩལ་རྫོགས། བསྡུ་བཞི་ཕྱིན་དྲུག་སྤྱོད་པས་འགྲོ་ཀུན་དྲངས། ས་ལམ་ཡོན་ཏན་རྫོགས་པར་བྱིན་གྱིས་རློབས། གཞོམ་མེད་གཡུང་དྲུང་གསུམ་གྱི་ལྟ་བའི་ངང་། རིམ་གཉིས་ཟུང་འཇུག་སྒོམ་པ་མཐའ་རུ་སོན། གྲུབ་གཉིས་དབང་ཐོབ་སྤྱོད་པའི་རྟུལ་ཤུགས་འཆང་། རྣམ་བཞིའི་གོ་འཕང་བསྒྲོད་པར་བྱིན་གྱིས་རློབས། ཀ་དག་ལྷུན་གྲུབ་གཞི་ཡི་གནས་ལུགས་དོན། ཁྲེགས་ཆོད་ཐོད་རྒལ་ལམ་གྱི་རྩལ་རྫོགས་ཤིང་། འབྲས་བུ་མཐར་ཐུག་གཞོན་ནུ་བུམ་སྐུའི་ཀློང་། མངོན་པར་བྱང་ཆུབ་ཐོབ་པར་བྱིན་གྱིས་རློབས། མདོར་ན་མདོ་སྔགས་རྫོགས་ཆེན་ལམ་རིམ་ལ། ལེགས་པར་ཞུགས་ནས་ཚུལ་བཞིན་དོན་རྟོགས་ཤིང་། བསྟན་འགྲོའི་དཔལ་ཡོན་ཆེན་པོར་བདག་གྱུར་ནས། དོན་གཉིས་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས། ཅེས་སྤྲུལ་པའི་སྐུ་མཆོག་བློ་ལྡན་སྙིང་པོའི་རྣམ་ཐར་མདོར་ཙམ་དང་འབྲེལ་བའི་གསོལ་འདེབས་བྱིན་རླབས་གཏེར་མཛོད་འདི་ཉིད་མཆེད་པོ་ཚེ་དབང་གིས་རྒྱུན་འདོན་དགོས་བསྐུལ་བཞེད་བསྐོང་དུ་དམ་པ་མཆོག་གི་གདན་སའི་ཞིང་དུ་དལ་རྟེན་རྙེད་པ་མིང་འཛིན་བདེ་ཆེན་སྙིང་པོས་ལེགས་པར་སྦྱར་བའོ།། མྒང་ལམ།
2. འབྲང་རྒྱལ་གསོལ་མཆོད་བདུད་རྩི་རྣམ་འཕེལ་བཞུགས་སོ། །ཨེ་མ་ཧོ། སྐྱེ་མེད་ངང་ལས་རང་བཞིན་ལོངས་སྤྱོད་རྫོགས། སྣ་ཚོགས་མ་ངེས་སྤྲུལ་པའི་རོལ་རྩལ་ལས། བྱིན་རླབས་རང་བྱུང་སྦས་གནས་གཡུ་མཛོད་དཔུང་། ལས་བཞི་རྒྱུན་གྱི་བརྡ་རྟགས་བཀོད་པ་བཀྲ། ངོ་མཚར་ཡིག་འབྲུ་བཀའ་རྟགས་བསམ་མི་ཁྱབ། རིག་འཛིན་མཁའ་འགྲོ་རྟག་ཏུ་འདུ་བའི་གནས། ཟབ་མོ་གཏེར་དང་འགྲོ་འདུལ་སྣང་བརྙན་ཚོགས། ཟུང་འབྲེལ་འབྱུང་བའི་གནས་མཆོག་དམ་པ་ཡི། གཞི་བདག་ཡུལ་ལྷ་འབྲང་རྒྱལ་གཉེན་པོ་ལ། ཟབ་མོ་བདུད་རྩི་བསང་གི་རྒྱུན་བཟང་པོ། ངོ་བོ་ཡེ་ཤེས་གཉུག་མའི་ངང་ཉིད་ལས། རྣམ་པ་འདོད་ཡོན་དྲུག་ཏུ་འབར་བའི་མཛོད། ཐུགས་མཆོག་བདེ་སྟོང་བསྐྱེད་པའི་མཆོད་སྤྲིན་གྱིས། གསོལ་ལོ་མཆོད་དོ་ཐུགས་དམ་གཉེན་པོ་བསྐང་། ཕྱི་ནང་གསང་བའི་བར་ཆད་ཞི་བར་མཛོད། ཉམས་རྟོགས་ཡོན་ཏན་ཚེ་བསོད་རྒྱས་པར་མཛོད། མཐུན་རྐྱེན་ལེགས་ཚོགས་དབང་དུ་འདུ་བར་མཛོད། མི་མཐུན་འགལ་རྐྱེན་ཆམ་ལ་ཕབ་པར་མཛོད། མཆོག་ཐུན་དངོས་གྲུབ་ཆར་ལྟར་འབེབ་པར་མཛོད། བོན་མཐུན་དགེ་བའི་སྡོང་གྲོགས་རྒྱ་ཆེར་མཛོད། སརྦ་དེ་ཝ་ར་ས་ཡ་ན་ལ་ཁཱ་ཧི། ཞེས་སྦས་གནས་གཡུ་མཛོད་གནས་སྲུང་འབྲང་རྒྱལ་གསོལ་མཆོད་འདི་ནི་དགོས་གལ་ཆེ་གནད་ཕྱིར་དུ་དམ་པ་གོང་མའི་ཞལ་ལུང་ལས་གསལ་བཞིན་ཚོགས་བསྡུས་སུ་ཀུན་བཟང་བདེ་ཆེན་སྙིང་པོས་སྤེལ་བའོ།། 3. བསླབ་གསུམ་ཕུལ་ཕྱིན་ཕྱིན་དྲུག་ལྗོན་བཟང་རྒྱས།། རིམ་གཉིས་རྣམ་འབྱོར་གསང་གསུམ་དྲི་བསུང་ཅན།། ཁྲེགས་ཆོད་ཐོད་བརྒལ་འབྲས་བུ་གཡུར་ཟ་བ།། རྒྱུད་གསུམ་དཔོན་གསས་བླ་མ་སྙིང་ནས་འདུད།། སྙིགས་གསུམ་རྦ་ལ་བྱིངས་པའི་ལུས་ཅན་རྣམས།། ཉེ་བར་སྒྲོལ་ཐབས་བླ་མའི་ཞལ་གསུང་བཞིན།། ཆ་ཙམ་སྟོན་ལ་ཡིད་ཁྲེལ་མེད་ངོས་སུ།། མོས་པའི་ལས་སྐལ་ལྡན་རྣམས་དང་དུ་ལོངས།། དལ་བ་བརྒྱད་དང་འབྱོར་བ་བཅུ་ཚང་པའི།། མི་ལུས་འདི་ནི་ཡིད་བཞིན་ནོར་ལས་ལྷག། ཅིས་ཕྱིར་ཞེ་ན་མངོན་མཐོ་ངེས་ལེགས་ཀྱི།། ཡོན་ཏན་ཀུན་འབྱུང་རྟེན་བཟང་འདི་ལས་སུ།། ཐོབ་དཀའ་དཀོན་པ་རྒྱུ་ཡི་ཁྱད་པར་སོགས།། བསམ་གཞིག་བྱས་ནས་ཆུད་ཟོས་མི་ཤོར་བ།། ལེ་ལོའི་དགྲ་བཅོམ་བརྩོན་འགྲུས་གོ་ཆ་བགོ། འདུས་བྱས་མི་རྟག་བསགས་བྱས་འཇིག་པའི་རྒྱུ།། སྐྱེ་བའི་ཐ་མ་འཆི་ལས་འགྲོ་ས་མེད།། གཤིན་རྗེའི་དབང་མ་བྱས་པའི་འགྲོ་བ་མེད།། དེ་བཞིན་རྒྱལ་འཕགས་རྣམས་ཀྱང་མྱ་ངན་འདས།། དཔེ་དོན་རྟགས་ཀྱིས་གྲུབ་པས་དོན་ལ་གཞིགས།། རང་ཡང་མི་རྟག་མ་ངེས་འབྱུང་ངེས་ཕྱིར།། ཚེ་འདིའི་འཁྲི་བ་ཆོད་ལ་ཕྱི་མའི་དོན།། དྲང་ངེས་བོན་གྱི་ནོར་རྫས་བསགས་ཐབས་འཚལ།། འཁོར་བའི་གནས་འདིར་བདེ་བའི་གོ་སྐབས་བྲལ།། མ་རིག་རྒྱུ་ལས་སྡུག་བསྔལ་དཔེས་མཚོན་པ།། མེ་ཡི་འོབ་དང་དུག་སྦྲུལ་གླིང་ལྟར་དུ།། མཐོང་ནས་དེ་ལས་ཐར་འདོད་ངེས་འབྱུང་བློ།། དུག་ཅན་ཁྱི་སྨྱོ་མཐོང་ཚེ་ཐར་ཐུབ་བཞིན།། འཁོར་བའི་རང་བཞིན་བསམ་ལ་སྐྱོ་དྲག་གིས།། ཆགས་ཞེན་ངན་བརྟུལ་ལུང་རྟོགས་ཡོན་ཏན་ཉིད།། ཆ་ཤས་ཙམ་ཞིག་རྒྱུད་ལ་ཐོབ་ཐབས་བྱ།། དགེ་སྡིག་རྒྱུ་ལས་སྨིན་པའི་འབྲས་བུ་བཞིན།། བདེ་སྡུག་མི་བསླུ་སོ་སོས་རང་བཞིན་འོངས།། སྡིག་བཅུ་སྤངས་ལ་དགེ་བཅུ་བླང་བྱའི་ཐབས།། འཁོར་བ་གྲུབ་པར་བྱེད་པ་དུག་ལྔ་སྟེ།། དེ་མ་གྲོལ་བར་ཐར་པ་འཐོབ་མི་སྲིད།། སྨན་པས་ནད་ངོ་བཟུང་ནས་འཆོས་པ་བཞིན།། དུག་ལྔའི་ཉེས་སྐྱོན་ཤེས་པ་བྱས་ལ་འདུལ།། གསུངས་པའི་དོན་དེ་རྒྱུད་ལ་འདོམས་པར་བྱ།། གང་ཞིག་མཚན་ཙམ་ཐོས་པའི་མོད་ཉིད་ནས།། སྲིད་པའི་གནས་ལས་བདེ་པར་དབུགས་འབྱིན་པ།། བསླུ་མེད་གཏན་ཁེལ་ངེས་པས་ཡུལ་མཆོག་ལ།། སྐྱབས་འགྲོའི་ཚུལ་ལ་རྣམ་པ་བཞི་རུ་བསྟན།། ཕྱི་ལྟར་གཡུང་དྲུང་གནས་བཞིའི་ལྷ་ཚོགས་ལ།། མོས་གུས་ཁྱེད་ཤེས་བློ་བཏང་སྐྱབས་སུ་འགྲོ།། ནང་ལྟར་དམིགས་པ་སྒོ་བཞིའི་མཚན་ཉིད་ལ།། བསྐྱེད་རིམ་གསལ་ཆ་མ་འདྲིས་སྐྱབས་སུ་འགྲོ།། གསང་བ་ཤེས་རབ་རྒྱུན་བཞིའི་རང་བཞིན་ལ།། རྫོགས་རིམ་སྟོང་ཆ་མ་སླད་སྐྱབས་སུ་འགྲོ།། ཡང་གསང་ཕྱག་རྒྱ་གཟེར་བཞིའི་ངོ་བོ་ལ།། བློ་འདས་བླ་མེད་དགོངས་པའི་སྐྱབས་སུ་འགྲོ།། དེ་ལྟར་ཕྱི་ནང་གསང་བ་ཡང་གསང་གི། ཁྱད་པར་སྐྱབས་འགྲོའི་བསླབ་བྱ་ཉམས་མེད་ངོས།། དུས་ཀུན་ཉམས་ལེན་སོམ་ཉི་བྲལ་བ་དགོས།། སྐྱབས་སུ་སོང་བས་ཡོན་ཏན་གནས་སྐབས་དང་།། མཐར་ཐུག་ཀུན་ལ་བསམ་ལས་འདས་པ་གསུངས།། སེམས་བསྐྱེད་དམིགས་རྣམ་རབ་འབྲིང་ཐ་མའི་དཔེ།། ལུག་རྫི་གྲུ་པ་རྒྱལ་པོ་ལྟ་བུ་སྟེ།། སྨོན་ལ་ཚད་མེད་བཞི་ལྡན་འཇུག་པ་ལ།། བསྡུ་བཞི་ཕྱིན་དྲུག་རྒྱལ་སྲས་སྤྱོད་པ་སློབས།། སེམས་བསྐྱེད་གོ་རིམ་མ་འདྲིས་ཉམས་ལེན་ཚུལ།། ཚོགས་སྦྱོར་གཉིས་ལ་གཞན་ཕན་ཁོ་ན་དང་།། མཐོང་བའི་ལམ་ལ་མི་ཆགས་བརྟུལ་ཞུགས་དང་།། སྒོམ་པའི་ལམ་ལ་རང་རིག་ཡེ་ཤེས་ཀྱིས།། ས་མཚམས་སྐབས་བསྟུན་བདེན་གཉིས་ཟུང་འབྲེལ་དོན།། རྣམ་པ་ཅི་བཞིན་རྒྱུད་ལ་ངེས་པའི་ཐབས།། བྱང་ཆུབ་སེམས་དཔའི་བསླབ་པ་ཉམས་མེད་ངོས།། ལམ་ལྔའི་འཕགས་ཚོགས་རྣམས་ལ་བདག་ཡིད་རངས།། གང་ཞིག་ནག་པོའི་བོན་བཞིའི་ཕྱོགས་དོར་ནས།། དཀར་པོའི་བོན་བཞི་སྤྱོད་པའི་ཡོན་ཏན་ནི།། གོམ་གསུམ་བོར་བའི་བསོད་ནམས་དཔག་མེད་གསུངས།། དོན་དེ་ངེས་ནས་ཐེག་ཆེན་བསླབ་པར་བྱ།། མདོར་ན་རྣམ་དཀར་དགེ་བ་ཅི་སྤྱོད་པ།། སྔོན་འགྲོ་སེམས་བསྐྱེད་དངོས་གཞི་དམིགས་མེད་དང་།། རྗེས་བྱ་བསྔོ་བ་དམ་པས་ཟིན་དགོས་ཕྱིར།། གནད་འདི་སློབ་གྲོགས་རྣམས་ཀྱིས་ངེས་པར་མཛོད།། ཚུལ་འདི་དྲང་དོན་གཙོར་བསྟན་བོན་སྒོ་རུ།། འཇུག་ཐབས་རིམ་པ་རགས་བསྡུས་ཙམ་ཞིག་ཏུ།།བདག་གཞན་ཀུན་ལ་ཕན་པའི་བློས་བསྐུལ་ནས།། བདེ་མཚན་ཀུ་ས་ལིས་སྦྱར་དགེ་གྱུར་ཅིག། འབྱོར་བ་ཐམས་ཅད་བད༵ག་གི༵་བློ༵ས་བླ༵ངས་ཏེ་སྐྱབས་གནས་ཡུལ་མཆོག་གནས་བཞིའི་ཞིང་ལ་འབུ༵ལ་ལོ༵།། ཐུགས་བརྩེ་བ་ཆེན་པོས་རྗེས་སུ་བཟུང་སྟེ་བཞེ༵ས་སུ༵་གསོ༵ལ་ལོ།།
4. ལས་དང་པོའི་སེམས་ངོ་སྐྱོང་ཐབས་བཞུགས། ཨ་ཧོ། ཐོག་མའི་དུས་ནས་རང་དང་ལྷན་ཅིག་ཏུ།། གནས་པའི་ཀུན་བཟང་དགོངས་པ་རྗེན་ཅེར་ཉིད།། སྟོན་མཛད་དྲིན་ཆེན་བླ་མ་སྙིང་ནས་འདུད།། རྗེས་བཟུང་ཉམས་རྟོགས་འཕེལ་བར་བྱིན་གྱིས་རློབས།། རིང་ནས་རྣམ་དཀར་རྣམ་དཀར་ཚོགས་གཉིས་བསགས་པའི་མཐུས།། དུས་འདིར་ངེས་པའི་དོན་ལ་གཞོལ་བ་ཡི།། ལྷ་གྲོགས་མཆོག་གི་སྒྲ་འཛིན་བུ་ག་རུ།། མན་ངག་སྙན་པར་འཁྲོལ་ལ་ཡིད་གཏོད་རིགས།། དེ་ཡང་སེམས་ཀྱི་ངོ་བོ་སྐྱོང་བའི་ཚེ།། གང་ཤར་རྣམ་རྟོག་སྔོན་མའི་རྗེས་མི་གཅོད།། ཕྱི་མ་གང་བྱུང་མདུན་བསུ་མི་བྱེད་པ།། ད་ལྟའི་ཤེས་རིག་སོ་མར་མ་བཅོས་ཤིང་།། དེ་གའི་ངང་ལ་ཡེངས་མེད་རང་བབ་ཀྱི།། དྲན་པས་རྒྱང་སོ་འཛུགས་པ་རྫོགས་ཆེན་གྱི།། ལྟ་བའི་ངོ་བོ་སྐྱོང་ཚུལ་འཁྲུལ་མེད་ཡིན།། དེའི་དུས་རྣམ་རྟོག་སྣ་ཚོགས་བྱུང་གྱུར་ན།།རྒོད་པ་ཡིན་ཏེ་དམིགས་པའི་འཕྲོ་བཅད་ནས།། རེ་ཞིག་ངལ་གསོ་སླར་ཡང་མ་བཅོས་པའི།། ངང་དུ་ཤེས་པ་དལ་བུར་འཇོག་པ་གནད།། ཡང་ན་ཅི་དྲན་མེད་པ་ལུང་མ་བསྟན།། ལུས་ན་རྨུགས་པ་ཡིན་ཏེ་ཤེས་པ་ཉིད།། ཡུལ་ལ་དཔྱད་ཅིང་སླར་ཡང་རང་བབ་ཀྱི།། གསལ་ངར་དང་བཅས་ཅེར་གྱི་མཐོང་བ་གནད།། རེ་འགའ་གནས་ཆ་ཆེ་ལ་དགའ་བ་དང་།། རེ་འགའ་འགྱུ་བ་མང་ལ་ཞུམ་པ་སོགས།། བྱུང་ན་མཁན་པོའི་ངོར་ལ་ཅེར་ལྟོས་ལ།། ངོས་བཟུང་བྲལ་བའི་གཤིས་ལ་འཇོག་པ་གནད།། རིག་པ་རང་བབ་སྐྱོང་དགོས་ཟེར་མོད་ཀྱང་།། ཇི་ཙམ་ཞིག་ལ་རང་བབ་ཟེར་བའང་།། ངོས་ཟིན་དཀའ་ཏེ་ཤེས་རིག་ཐད་ཀ་ལ།། ཅེར་གྱིས་བལྟས་ཏེ་གནས་པ་རང་བབ་ཉིད་མ་ཡིན།། ཧྲིལ་གྱིས་སྒྲིམས་ཏེ་གནས་པའང་རང་བབ་མིན།། ལྷན་གྱིས་གློད་པ་ཉིད་ཀྱང་རང་བབ་མིན།། རང་བབ་བཅོས་བསླད་མེད་པར་བཞག་ལུགས་དགོས།། གཏད་མེད་ངང་ལ་ཡེ་རེ་བཞག་ནས་དགོས།། དམིགས་མེད་ངང་དུ་ས་ལེ་བཞག་ནས་དགོས།། འཛིན་མེད་ངང་ལ་ཁྲོལ་ལེ་བཞག་ནས་དགོས།། བརྗོད་མེད་ངང་དུ་དུ་རེ་བཞག་ནས་དགོས།། གཞག་བྱ་འཇོག་བྱེད་ཐ་སྙད་ཟད་པར་དགོས།། མདོར་ན་ད་ལྟའི་ཤེས་རིག་ཟངས་ཀ་མ།། འདི་ཉིད་སྤྱོད་ལམ་ཀུན་ལ་རྒྱུན་མཐུད་ནས།། ཉམས་བསྡུར་བྱ་བ་ངེས་པའི་སྙིང་པོ་ཡིན།། རེ་ཞིག་སྨྲས་འདིས་རྒྱུན་ལ་གཏན་ཁེལ་ན།། སླར་ཡང་ཉམས་དང་མན་ངག་གཉིས།། གྲོས་འདེབས་བྱེད་པོ་བདག་ལ་ཅིས་མི་འོས།། ཚུལ་འདི་ཆུང་ནས་གྲོགས་མཐུན་ཚེ་དབང་གིས།། དགོས་བཞད་ལྟར་དུ་བདེ་ཆེན་སྙིང་པོས་སྤེལ།།
5. ཨེ་མ་ཧོ། བདག་མེད་སྟོང་པའི་ཀློང་ཡོངས་སུ།། སྒྲིབ་མེད་རང་རིག་སངས་རྒྱས་ལ།། འཛིན་མེད་ངང་ནས་གསོལ་བ་འདེབས།། འགྱུར་མེད་རྟོགས་པར་བྱིན་གྱིས་རློབས།། བོན་ལ་འཇུག་སྒོ་མང་མོད་ཀྱི།། བསྡུས་ན་སྤང་སྒྱུར་གྲོལ་གསུམ་སྟེ།། གང་ཟག་དབང་པོའི་ཁྱད་པར་ལས།། རིམ་བཞིན་དགོངས་པའི་དོན་དུ་ཤེས།། དེ་ལས་གྲོལ་ལམ་རྫོགས་པ་ཆེའི།། དགོས་སམ་འཚམ་པའི་མན་ངག་ལས།། རེ་འགའ་གནད་དུ་དྲིལ་བ་ནི།། དང་པོ་བདེ་བའི་གདན་གྱི་ཐོག། རང་མལ་ལུས་སེམས་ལྷོད་དེ་ཞོགས།། གཟུགས་འཛིན་འཁྲུལ་པའི་རྟོག་ཚོགས་ཀུན།། རང་སར་ཤིགས་ལ་རང་བབས་སུ།། ངོ་བོ་སྟོང་པ་ཧ་རེ་བ།། རང་བཞིན་གསལ་བ་ལྷོང་ངེ་བ།། ཀུན་བཟང་དགོངས་པ་དེ་ལ་ཟེར།། དེ་ཉིད་བསྒོམ་དུ་ཁྱེར་བ་ལ།། ལྟ་སྒོམ་རྩོལ་བ་མ་ཞུགས་དགོས།། བློ་ཡིས་བརྟག་དཔྱོད་མ་ཤོར་དགོས།། གཟུང་འཛིན་སྒྲོག་ཏུ་མ་བཅུག་དགོས།། བཟོ་བཅོས་སྤང་བླང་མ་བྱེད་དགོས།། ཡུལ་གྱི་སྟེང་ལ་མ་ཞེན་དགོས།། སེམས་ཀྱི་རྟོག་པས་མ་བསླད་དགོས།། གཉེན་པོ་བློ་ཡིས་མ་བཅོས་དགོས།། སྐྱེ་མེད་ངང་དུ་ཁྲོལ་ལེ་ཞོག། འགག་མེད་ངང་དུ་སང་ངེ་ཞོག། གཉིས་མེད་ངང་དུ་ལྷན་ནེ་ཞོག། རང་བཞིན་མེད་པ་ས་ལེ་ཞོག། ཕྱི་ནང་མེད་པ་ཧ་རེ་ཞོག། གསལ་སྒྲིབ་མེད་པ་ལྷང་ངེ་ཞོག། བཞག་པའི་གཞག་རྒྱུ་སྟོང་སང་ངེ་།། འཇོག་མཁན་ཡུལ་མེད་ཟང་ཐལ་ལེ།། གཞག་བྱ་འཇོག་བྱེད་མཐའ་དང་བྲལ།། མཐའ་བྲལ་ལྟ་བ་འཕོ་འགྱུར་མེད།། འཕོ་འགྱུར་མེད་ལ་རང་བཞིན་མེད།། ནམ་མཁའ་བཞིན་དུ་ཕྱམ་གྱིས་མཐོང་།། སྒོམ་བློའི་རྩོལ་བ་ཤིགས་སེ་ཤིག། རྣམ་རྟོག་དྲན་པ་ལྷོད་ཀྱིས་ལྷོད།། གཉེན་པོ་ཡེ་ཤེས་ཐུར་གྱིས་བཏོན།། ལར། མ་བལྟས་ལྟ་བའི་བྱེད་མི་མཐོང་།། དེ་ཕྱིར་ལྟ་བ་གནད་དུ་རིག། བལྟས་པས་ལྟ་བ་མཐོང་དུ་མེད།། གཞི་མེད་རྩ་བྲལ་ལྟ་བའི་གནད།། མ་སྒོམ་གནས་ལུགས་དོན་མི་རྟོགས།། དེ་ཕྱིར་སྒོམ་པ་རབ་ཏུ་གཅེས།། སྒོམ་པའི་སྟོང་ཉིད་ཟིན་པ་མེད།། དམིགས་མེད་ཟང་ཐལ་སྒོམ་པའི་གནད།། མ་སྤྱོད་རིག་པའི་རྩལ་མི་ཐོན།། དེ་ཕྱིར་སྤྱོད་པ་ཤིན་ཏུ་བསྔགས།། སྤྱད་པས་སྤྱོད་མཁན་རང་ངོ་སྟོང་།། བླངས་དོར་ཟད་པ་སྤྱོད་པའི་གནད།། མ་བསྒྲུབ་འབྲས་བུ་འཐོབ་ཏུ་མེད།། སྒྲུབ་པའི་འབྲས་བུ་ཐོབ་ཏུ་བྲལ།། ཡེ་ཐོབ་མཐའ་བྲལ་འབྲས་བུའི་གནད།། ཡིན་ལུགས་དོན་དེ་མ་ཤེས་ན།། གནས་ལུགས་དགོངས་པ་འཆར་དུ་མེད།། དེ་ཕྱིར་མན་ངག་གཙོ་རུ་ཆེ།། དེ་ཕྱིར་ཉམས་ལེན་གལ་རེ་ཆེ།། མན་ངག་སྙིང་པོ་དྲིལ་བ་ལ།། བརྗོད་མེད་གཤིས་ལུགས་རྟོགས་པ་གནད།། གཉུག་མའི་དྲན་ཐག་བསྲིང་བ་ལ།། བློ་ཡི་འཛིན་པ་མ་ཞུགས་དགོས།། རིག་པས་རང་སོ་འཛུགས་པ་ལ།། རྟོག་པའི་བྱ་ར་མ་ལངས་དགོས།། ལྟ་བའི་ཕ་མཁར་བཟུང་བ་ལ།། བློ་བྱས་སྒོ་ལྕགས་མ་བརྒྱབ་དགོས།། སྒོམ་པའི་རུ་དར་ཕྱར་བ་ལ།། འཁྲུལ་བའི་སིལ་བུ་མ་ལྡང་དགོས།། སྤྱོད་པའི་བྲོ་གར་འཁྲབ་པ་ལ།། ཞེན་པའི་སྒྲོག་གིས་མ་འཆིང་དགོས།། འབྲས་བུ་མྱུ་གུ་རང་སྨིན་ལ།། རེ་བའི་སད་ཀྱིས་མ་ཁྱེར་དགོས།། ཡེ་དག་སྟོང་ཆེན་མཐའ་བྲལ་གྱི།། ཀ་དག་ཀུན་བཟང་དགོངས་པ་ལ།། དགོས་གནད་སྒྲུབ་ལ་མ་མཆིས་ཀྱང་།། མ་རྟོགས་ལམ་དུ་དཀྲི་བ་ལ།། མཚོན་པའི་ཚིག་གི་ཐབས་ལས་དྲངས།། བརྡ་རྟགས་ཉམས་ལ་ཅེར་གྱིས་སྦྱར།། དོན་དམ་ཡེ་སངས་རྒྱས་པ་ཉིད།། རྣམ་ཐར་གསུམ་གྱི་ངོ་བོའི་ཀློང་།། སྒྲིབ་མེད་འོད་གསལ་ངང་གི་ཤར།། གྲོལ་བ་གཞི་ཡི་རང་བཞིན་ལ།། བྱ་རྩོལ་དུས་མིན་མཐའ་ལས་འདས།། འདས་ལས་མི་སྟོང་རང་གསལ་བ།། བརྗོད་མེད་བློ་འདས་གཤིས་ལུགས་ཉིད།། ཡེངས་མེད་རང་ཞལ་ཁུམ་པ་ལ།། སྣང་གྲགས་དྲན་རྟོག་ཅི་ཤར་ཡང་།། སྤང་བླང་བསལ་བཞག་བྲལ་བའི་ངང་།། དགོངས་ཉམས་འབྲལ་མེད་རྟོགས་གྱུར་ན།། ཉམས་ལེན་བྱ་བ་དེ་ལ་ཟེར།། གོང་མ་དག་གིས་འདི་གསུངས་ཏེ།། སྒོམ་པ་བྱ་བ་ཅི་ཡང་མེད།། མི་ཡེངས་ཙམ་ཞིག་བཞག་ཏུ་ཡོད།། གསུངས་པའི་དོན་དེ་འདིས་ངེས་སོ།། དེ་ཉིད་གོམས་པ་ཆེར་བསྐྱེད་པས།། གདོད་མའི་གཞི་ལ་ཉེ་རྒྱུག་ཆོག། དག་གཉིས་འབྲས་བུ་ལྷུན་གྱིས་གྲུབ།། གཞོན་ནུ་བུམ་སྐུའི་དབྱིངས་སུ་འཁྱིལ།། དེ་སྐད་བདེ་ཆེན་སྙིང་པོ་ཡིས།། ཟབ་ལམ་གསང་བའི་བོན་སྡེ་འདི།། དགེ་བཤེས་བསྟན་མིང་ཉིད་ལ་གདམས།། སྐལ་ཉམས་རྣམས་ལ་མ་སྤེལ་རྒྱ།། །།
6. བསྭོ་བསྭོ་མ་མ་ཛ་བྷྱོ་ས་མ་ཡ་ཛ་ཛ། བསྭོ་དབྱིངས་ཉིད་ངང་ལས་སྐུ་སྤྲུལ་པའི།། བདེ་འགྲོ་གསང་ཡུམ་སྲིད་པའི་རྒྱལ།། མ་ཁྱེད་ཐུགས་རྗེ་རྩལ་མཆིས་ན།། གདུང་བའི་སྨྲེ་ངག་འདི་ལ་གསོན།། སྔོན་གྱི་རྫོགས་ལྡན་དུས་ཤིག་ན།། འཆི་མེད་གསང་འདུས་གཤེན་གསུམ་གྱིས།། བསྟན་སྐྱོང་དམ་ཅན་རྒྱ་མཚོའི་སྡེ།། དབང་ལ་བསྒྱུར་ནས་དམ་དུ་བཞག། བཀའ་རྟགས་སྲོག་གི་སྙིང་པོ་ཕུལ།། ཁས་བླངས་ཅི་བཞིན་མ་གཡེལ་གྱི།། ད་ལྟ་རྩོད་ལྡན་སྐལ་ངན་འདིས།། མི་མཐུན་འགལ་ཟླ་བརླག་པའི་ཕྱིར།། རྫུ་འཕྲུལ་མངོན་རྟགས་མ་བསྟན་ན།། ཐུགས་རྗེ་མངའ་བས་ཅི་ལ་ཕན།། བདག་ཅག་སྒྲུབ་པའི་གཤེན་པོ་ཡི།། བཀའ་རྒྱུད་མན་ངག་ཟབ་མོ་འཆང་།། བསྟན་འགྲོའི་འཕྲིན་ལས་སྤེལ་བ་ལ།། མ་ཉེས་མུ་ཁ་ཅི་ལ་འབྱིན།། ཉེས་བྱེད་བསྟན་པའི་དགྲ་བགེགས་རྣམས།། ལུས་སྲོག་ཕྱེ་མར་འཐག་པ་དང་།། རྗེས་ཤུལ་རྨེང་མེད་མ་བཏང་ན།། རྫུ་འཕྲུལ་ནུས་པ་གང་ལ་ཕྱུངས།། ཁྱོད་ལ་ཐུགས་རྗེའི་སྟོབས་ཡོད་ན།། ཁྱོད་ལ་དཔའ་བའི་དཔུང་ཡོད་ན།། ཁྱོད་ལ་དྲག་རྩལ་ཤུགས་ཡོད་ན།། དགོས་པའི་དོན་གལ་མ་ལགས་སམ།། ངས་ཚེ་གཅིག་བསྒྲུབས་པའི་སྲིད་རྒྱལ་མོ།། ཁམས་གསུམ་དབང་ལ་བསྒྱུར་མཛད་མོ།། དོན་ལྡན་བུ་བཞིན་སྐྱོང་མཛད་མོ།། དམ་ཉམས་དགྲ་བགེགས་བརླག་མཛད་མོ།། ཡང་གསང་དོན་གྱི་མི་བསླུ་ན།། དེང་དུས་འཕོ་འགྱུར་ཆེ་བ་རྣམས།། དཀར་ནག་བདེན་རྫུན་མ་ནོར་ཅིག། རྫུ་འཕྲུལ་གར་སྒྱུར་མ་ནུས་ན།། རྒྱལ་བའི་བཀའ་ལུང་རྫུན་ནམ་ཅི།། ཁྱོད་ལ་མཐུ་རྩལ་མེད་དམ་ཅི།། དེ་ཕྱིར་སྒྲུབ་པའི་གཤེན་པོ་ཡི།། ཕྱི་ནང་གསང་བའི་བར་ཆོད་སེལ།། གང་དགོས་བསམ་པའི་རེ་བ་སྐོངས།། ཉེས་བྱེད་དགྲ་བགེགས་རྡུལ་དུ་རློགས།། གྱེར་བསྟན་སྨིན་གྲོལ་ཕྱོགས་བཅུར་སྤེལ།། བཅོལ་པའི་ལས་ཀུན་མྱུར་དུ་སྒྲུབས།། བསྭོ་མ་མ་ཛ་བྷྱོ་རྦད་གྱི་གྲན་རྣྲི་ཏྲི་མ་ར་ཡ་རྦད་རྦད་སོད་སོད།། །།
7. ཡེ་སྟོང་མཐའ་བྲལ་བོན་གྱི་སྐུ།། ཡེ་གསལ་ལྷུན་གྲུབ་རྫོགས་པའི་སྐུ།། ཡེ་ནས་ལྷན་སྐྱེས་སྤྲུལ་པའི་སྐུ།། ཡེ་གྲོལ་ཉག་གཅིག་ཀློང་དུ་འདུད།། གང་ཞིག་མ་རྟོགས་སེམས་ཅན་རྣམས།། ཁམས་གསུམ་འཁོར་བ་ལས་གྲོལ་ནས།། སྐུ་གསུམ་ཞིང་དུ་མྱུར་འགོད་ཕྱིར།། ཉེར་མཁོ་འཕོ་བའི་རིག་པ་བསྟན།། དེ་ལ་གང་ཟག་དབང་པོའི་ཁྱད།། རབ་འབྲིང་ཐ་མ་གསུམ་དུ་ངེས།། དང་པོ་རབ་ཀྱི་འཕོ་ཚུལ་ནི།། ཨེ་མ་ཧོ། རང་བྱུང་གཉུག་མ་སྟོང་སྒོའི་རྒྱུ་ལམ་ནས།། རིག་པའི་མི་ཕོ་འགག་མེད་རྟ་རུ་ཞོན།། སྐྱེ་མེད་དབྱིངས་སུ་རང་ས་ཟིན་པ་ནི།། འཁོར་འདས་དག་མཉམ་བོན་སྐུའི་ཀློང་གྲོལ་ཡིན།། གཉིས་པ་འབྲིང་གི་འཕོ་ཚུལ་ནི།། ཨེ་མ་ཧོ། ཐབས་ཤེས་ཟུང་འཇུག་བདེ་བའི་གསང་ལམ་ནས།། ཆགས་བྲལ་མི་ཕོ་སྟོང་ཆེན་རྟ་རུ་ཞོན།། ལྷན་སྐྱེས་ཡེ་ཤེས་རང་ས་ཟིན་པ་ནི།། རེ་དོགས་མཐའ་བྲལ་རྫོགས་སྐུ་རང་ཤར་ཡིན།། གསུམ་པ་ཐ་མའི་འཕོ་ཚུལ་ནི། ཨེ་མ་ཧོ། མཚན་ཉིད་བཞི་ལྡན་དབུ་མའི་ལམ་མཆོག་ནས།། སེམས་ཀྱི་མི་ཕོ་ཨ་ཡི་རྟ་ལ་ཞོན།། ཡི་དམ་ལྷ་ཡི་ཐུགས་ཀར་འཕོ་བ་ནི།། བསྡུག་བསྔལ་གཏན་བྲལ་སྤྲུལ་སྐུའི་ཞིང་འཁོད་ཡིན།། དེ་ལྟར་རབ་འབྲིང་ཐ་མ་གསུམ།། བར་དོ་གསུམ་ལ་སྦྱར་ཡང་རུང་།། ཡང་ན་སྐུ་གསུམ་གཅིག་བསྡུས་གནད།། ཡིན་ཚུལ་བླ་མའི་ཞལ་ལུང་ཉིད།། མ་ནོར་ཙམ་དུ་སྤེལ་བ་པོ།། བདེ་ཆེན་སྙིང་པོས་སྦྱར་བའི་དགེ། འགྲོ་ཀུན་སྡུག་བསྔལ་ལས་གྲོལ་ནས།། བླ་མེད་བྱང་ཆུབ་མྱུར་ཐོབ་ཤོག། མྒང་ལམ།།
8. ཡུལ་བདེ་སྣང་བྱ་རུ་རྒྱལ་པོ་བསམ་པ་དང་བློན་པོ་སྤྱོད་པ་ཞེས་པ་གཉིས་ཡོད་དོ།། དེ་གཉིས་ཡེ་སྔོན་ཕ་བཞག་ལ་བསྡུ་སྒོ་ཅན་ཡིན་པས་ཕྱོགས་གཉིས་སུ་འཛིན་པའི་འཁོར་ལྔ་བཅུ་རྩ་གཉིས་དང་བཅས་ཏེ། ནོར་རྫས་བཟང་ངན་སོགས་མི་བལྟ་བར་ཚོགས་དྲུག་གི་བསྡུ་སྒོ་སྣ་ཚོགས་ལ་གཉིས་ཆར་དབང་བར་བྱེད་དོ།། དུས་རེ་ཤིག་ན་འགོ་ཁྲིད་བཟང་པོ་ལ་བརྟེན་ནས་རྒྱལ་གྱིས་བཅིང་དཀྲོལ་གྱི་བློ་རྙེད་དེ། བསྡུ་སྒོ་དང་རྙེད་ཚོལ་སྤངས་བར་སེམས་ཏེ། བློན་ལ་སྨྲས་པས་བློན་པོ་ཡིད་མ་ཚིམ་ནས་མ་བཞེད་དོ།། སླར་རྒྱལ་གྱིས་སྨྲས་པ། དེ་སྔ་བཙན་དང་རང་ཆེ་བྱས་ནས། རང་སྟེ་རང་སྣང་ཤེས་པས་མ་ཟིན། མཁོ་དང་མི་མཁོ་ཡོད་མེད་མ་སེམས། ཕན་གནོད་གཉིས་འཛིན་སྣང་བའི་རྗེས་སུ། ཞེན་པའི་བསྡུ་སྒོ་གཞི་ལ་སྦགས་ཏེ། གཡེང་བཅས་འབྲས་བུ་མི་སྡུག་པ་དེ། འུ་བུའི་སྟེང་ལས་གཞན་ལ་མི་འགྲོ། དེས་ན་རྒྱལ་འབངས་སྙོམ་པར་བཞག་ན། རིག་མཆོག་རྒྱལ་ས་དབང་བར་ངེས་སོ།། ཅེས་སྨྲས་སོ།། དེ་ལ་བློན་པོས་གསོལ་པ། ཀྱེ་ཧོ་གསོན་དང་རྒྱལ་པོ་ལགས། ཁྱེད་སྐྱེས་ས་རྒྱལ་དུ་སྐྱེས། དབང་བ་ཡུལ་ལ་དབང་། སྡོད་པ་ཕུག་ཏུ་སྦགས། བྲན་འཁོར་ལ་ལས་བཅོལ་མའི་མོད་ལ། མི་ཆེན་བློ་ཉེས་ན་བྱེ་མའི་གླིང་བརྡབ། ཟེར་བའི་དཔེ་ལྟར། ཡུལ་ལྔའི་རང་ཁྲེལ་འགག་ན་བཟོ་མེད་ཀྱི་ལས་ཡིན་མོད། དེ་མིན་དེ་སྔ་ལྟར་འགྲོ་སྡོད་ཤེས་ན་མཁས་པའི་རབ་ཡིན། ཞེས་ཟེར་རོ།། ཡང་རྒྱལ་གྱིས་སྨྲས་པ། དེ་འདྲ་མ་ཟེར་ང་ཡིས་འདྲ་ཅིག་བཤད། སྒོ་ལྔའི་བློན་གྱིས་ཡུལ་ལ་ལོངས་སྤྱོད་པ། ཅི་ལྟར་སྔོན་ལམ་ཡིན་ཡང་ཞེན་ཆེ་ནས། ཞེ་འདོད་མི་ངོམ་སླར་ལ་བག་ཆེ་ན། ཐ་མ་གཏད་མེད་སྤྲང་པོ་མགོན་མེད་འགྱུར། དེ་ཕྱིར་ཞེན་བློ་འདུལ་ན་བློན་གྱི་རབ། ཞེས་གསུངས་སོ།། དེ་ལ་བློན་སྤྱོད་པ་གཟབ་པ་དེས། མདོ་མེད་དཔོན་པོའི་རང་ཆུད་ལ། ཤེས་མེད་བློན་པོའི་ཡུལ་སྣང་འགག། མ་བསགས་ནོར་ལ་དབང་བསྒྱུར་དཀའ། ཁྱོད་གབ་པའི་གཏམ་དེ་ངས་མི་ཉན། ང་ཡུལ་ལ་འབྱམས་པར་བྱེད་པའི་སྐབས། ལུས་ལ་གོན་པའི་གོས་བཀྲག་དགོས། མིག་ལ་མཛེས་པའི་རྒྱན་ཅིག་དགོས། སྣ་ལ་ཞིམ་པའི་དྲི་ཞིག་དགོས། རྣ་བར་སྙན་པའི་སྒྲ་ཡང་དགོས། ལྗགས་ལ་གདའ་རྒྱུའི་རོ་ཞིག་དགོས། ཡིད་ལ་སྤྲོ་བའི་དགའ་མཛའ་དགོས། ཞབས་ལ་ཆིབས་ཀྱི་རྟ་མཆོག་དགོས། རྟ་ལ་མཛེས་པའི་སྒ་ཆས་དགོས། མི་མང་དཀྱིལ་དུ་འགྱིང་ཅིག་དགོས། མཁོ་སྤྱད་བྱེད་ལ་ཡོ་བྱད་དགོས། ཁྱོད་ཀྱི་རྒྱལ་གྱི་རང་ཚོད་བཟུང་ཤེས་ན། ཤེས་བློན་ང་འདྲ་སྡུག་ཆུང་། ཟེར་ཏེ་ཞུས་སོ།། དེ་ལ་རྒྱལ་གྱིས་བཀའ་སྩལ་པ། ཉོན་དང་རང་འབངས་རྒྱལ་གྱི་བློན། ང་རང་མལ་བསྡད་ཀྱང་ཀུན་ལ་ཁྱབ། རང་ཚོད་ཟིན་ན་ཀུན་གྱིས་བཀུར། འདི་ལྟར་ཡུལ་གྱི་ནོར་འབངས་རྣམས། བླང་མེད་རང་གི་ལོངས་སྤྱོད་ཡིན། ཁྱོད་གཞི་ཕྱིར་ཕན་པའི་དོན་བསྒྲུབས་ན། ཡུལ་ལ་འདོད་སེམས་མ་བྱེད་པར། རང་མལ་ཅོག་གེར་སྡོད་ཀྱིས་དང་། མིག་ལ་མཛེས་པའི་གཟུགས་དགོས་ན། འོད་གསལ་ཟ་འོག་གླིང་སྤྱོད། ལུས་ལ་འཇམ་པའི་གོས་དགོས་ན། མ་བཟོས་བདེ་དྲོད་དཔྱངས་བུ་གོན། རྣ་བར་སྙན་པའི་སྒྲ་འདོད་ན། འགག་མེད་སྒྲ་ཡི་པི་ཝང་ཁྲོལ། སྣ་ལ་ཞིམ་པའི་དྲི་དགོས་ན། ངང་རིང་བྱམས་པའི་དྲི་སྤོས་འཐུལ། ལྕེ་ལ་བདའ་རྒྱུའི་རོ་དགོས་ན། བརྗོད་བྲལ་ཏིང་འཛིན་རོ་མཆོག་མྱོང་། ཡིད་ལ་སྤྲོ་བའི་གྲོགས་དགོས་ན། སྤང་བྲལ་སྟོང་པའི་བུ་མོ་ཚོལ། ཞབས་ལ་ཆིབས་ཀྱི་རྟ་དགོས་ན། མ་བགྲོད་ཡིད་ཀྱི་རྟ་མཆོག་དགོས། རྟ་ལ་རྒྱན་གྱི་ཆས་དགོས་ན། མ་འབད་སྣང་བའི་སྒ་ཆས་གཟོབས། མང་པོའི་དཀྱིལ་དུ་འགྱིང་དགོས་ན། གཡོ་སྤྱོད་མེད་པའི་ཚུགས་གཅིག་དགོས། མཁོ་སྤྱོད་བྱེད་ལ་རྒྱུ་དགོས་ན། ཟད་མེད་རིག་པའི་གཏེར་གཅིག་དགོས། རང་ཡུལ་རང་གིས་སྤྱོད་ཤེས་ན། གཞན་ལ་འདོད་པའི་ཞེན་མི་དགོས། རང་ཁྲིམས་བཅས་ན་གཞན་ཁྲིམས་འདུད། དེ་ཕྱིར་བློན་པོ་བདེ་བར་བཞུགས། དེ་ལ་ཡང་བློན་པོ་དེས་ཞུས་ཏེ་སྨྲས་པ། རྒྱལ་གྱིས་གསུངས་པ་བདེན་ཀྱང་བདེན། བདེན་ལ་ངེས་མེད་འདྲ་ཞིག་ཞུ། རང་སྣང་བྱམས་པའི་དྲིན་ཤེས་ན། ཐབས་ཀྱི་བདེ་བ་དེ་ལགས་ཀྱང་། མ་རིག་དབང་ཆེན་རྒྱལ་པོ་ཁོ། གཏི་མུག་ཁྲབ་རྨོག་ལུས་ལ་བཙན། ཞེ་སྡང་མཚོན་འཁོར་རྣོ་ཟང་ངེ་། འཕྲག་དོགས་བཙན་པོའི་མཁར་ཁང་བཟུང་། འདོད་ཆགས་བུ་མོ་གཉེན་དུ་བརྫངས། ང་རྒྱལ་དམན་སྡེ་ཞབས་སུ་བཅུག། ཉོན་ཡིད་འཁོར་མང་ཡུལ་དུ་བཀྲམས། སྣ་ཚོགས་ཡུལ་སྣང་ཞེན་པའི་བསྡུད། རང་སྣང་བློ་ཡི་དུས་བཏབ་ནས། བདེ་བའི་གོ་སྐབས་འཕྲོག་ཉེ་ན། དེ་ལ་བྱ་ཐབས་ཅི་ཞིག་གཉེར། ཞེས་ཞུས་སོ།། དེ་ལ་རྒྱལ་བསམ་པ་ལེགས་པ་དེས་སྨྲས་པ། བློན་པོ་གྱ་གྱུའི་བློ་མ་མང་། ང་ཡིས་ཅི་སྨྲས་ལེགས་པར་ཉོན། མ་རིག་རྒྱལ་པོ་དབང་ཆེ་ཡང་། མ་རྟོགས་ཡུལ་ལ་དབང་བཙན་ཀྱང་། དེ་ཡང་ང་ཡིས་བཏུལ་བར་སླ། གཏི་མུག་ལྕགས་ཀྱི་གོ་བཙན་ཀྱང་། ཤེས་རབ་མདུང་མོ་ཐལ་འབྱིན་བསྣུན། ཞེ་སྡང་མཚོན་ཆའི་རྣོ་དབལ་ལ། བྱམས་དང་སྟོང་པའི་ཕུབ་མོ་བཟུར། ཕྲག་དོགས་མཁར་ཁང་བཙན་རྫོང་དེ། བྱ་གྲུབ་ཡང་པའི་འཕྲུལ་གྱིས་བཤིག། འདོད་ཆགས་བུ་མོ་ཡིད་འཕྲོག་དེ། སོར་རྟོགས་སྐྱེས་བུ་བརྩེ་གྲོགས་འགུགས། ང་རྒྱལ་དམན་གྱི་ཁོལ་པོ་དེ། མཉམ་ཉིད་སྦྱིན་པའི་འཁོར་དུ་བསྡུ། འོན་ཀྱང་ཡེ་ནས་མ་བཅོས་པའི། གོ་རྟོགས་ད་ལྟ་འཛིན་ཤེས་ན། བུད་ཤིང་མང་ན་མེ་ཆེ་ཞིང་། ཉོན་མོངས་མང་ཡང་དགེ་བའི་གྲོགས། མ་རིག་རྒྱལ་པོ་རིག་པའི་ཀློང་། ཐ་དག་ང་ཡི་ཀློང་ཤེས་ན། ལས་འབྲས་དཀར་ནག་ཡུལ་གང་ཡང་། ཐམས་ཅད་ང་ཡི་མངའ་འབངས་ཡིན། ཞེས་སྨྲས་པ། ཀྱེེ། སྐལ་བཟང་ལས་ཀྱིས་འབྲེལ་བའི་བུ་སློབ་ཡོད་ན། བསམ་སྤྱོད་དག་པ་དགེ་བའི་གཞི་མ་རང་ཡིན་པ། ལུས་ཀྱི་ཕྱག་སྐོར་ཕྲེང་བ་ལག་སྐོར་ལ་བརྩོན་ཅིག། ངག་ལ་གང་བབ་སྙིང་པོ་རྣམ་གསུམ་རེ་བགྲངས་ལ། སེམས་ལ་མ་བརྗེད་བླ་མ་དཀོན་མཆོག་དེ་དྲན་དགོས། ཨ་རེ། དཀོར་འབྱམས་ང་ཡང་དོན་མེད་ཀྱི་ངང་ནས། མི་ཚེ་སྟོང་ཟད་སོང་ཡང་ང་རང་གིས་མ་ཚོར། དུག་ལྔའི་གཉེན་པོ་མེད་པའི་རང་སྣང་གི་བླ་གཟུགས། ལྔ་ཤོག་འགྲོ་དོན་རློམ་ནས་གསོན་གཤིན་གྱི་འབུལ་བསྡུད། ཡུལ་ལྔ་ཚིམ་པ་མེད་པས་སྟོང་འབུལ་རེ་བཟའ་བསམ། རེ་བློ་རྩེ་གཅིག་བྱེད་པའི་ཡོན་བདག་ཚོས་ཅི་མནོ། ངུར་སྨྲིག་གསེར་མདངས་ཅན་གྱི་རྨད་གོས་ཀྱི་ཟོལ་དང་། དྷ་སིལ་གླིང་བུའི་སྒྲ་ལ་དད་སྣང་རེ་ཆེ་ཡང་། ཡིད་ཆེས་རྩེ་གཅིག་སྒོ་ནས་གསོལ་འདེབས་རེ་མེད་ན། ལག་སོར་སྙིང་ཁར་ཟླུམ་པའི་དད་གཟུགས་དེས་ཅི་བྱ། ཡོན་བདག་མགོ་བསྐོར་བླ་མས་སྲུང་སྐྱོབ་རེ་བྱེད་མདོག། བླ་མ་མགོ་སྐོར་མི་ངོ་ཡོན་འབུལ་ཞིག་བྱེད་པས། ཡོན་མཆོད་གཉིས་ཀས་གཅིག་མགོ་གཅིག་གཡོག་ཏུ་སོང་ན། འདི་ཕྱི་གང་ལ་བློ་ཡི་གཏད་པ་རེ་དཀོན་ནོ།། །། ཅེས་པ་ཡང་རི་བོ་གནས་རྒྱལ་གྱི་མདུན་ཞོལ་དད་སྦྱིན་བླ་མའི་ཞལ་རས་ལྷང་ངེར་ཡིད་ལ་མོས་བཞིན་པའི་སྐྱོ་སེམས་དང་བཅས་ཏེ་སྐུ་རིས་བཅགས་ནས་ལག་རྩེད་དུ་བྱེད་པོ་རྩེ་དྲུག་མཁན་པོ་གསོབ་འཆང་སྨོན་ལམ་ཚུལ་ཁྲིམས་བསྟན་པ་རབ་རྒྱས་པས་བྲིས་པ་དགེའོ།།
9. མཁྱེན་རབ་ཡོན་ཏན་རྫོགས་པའི་མཐུ་ཉིད་ལས། མ་འོངས་སྐལ་ཁུག་གསོ་བའི་སྟོན་པ་ཆེ། བསྟན་འགྲོའི་ཕན་བདེ་མ་ལུས་འབྱུང་བའི་གནས། སྦས་པའི་གྲུབ་ཐོབ་གསུམ་ལ་གསོལ་བ་འདེབས། ཐུགས་བསྐྱེད་སྐབས་དོན་སྨིན་པའི་བོད་ལ་དགོངས། མེད་ཁམས་གདུག་པའི་བསམ་སྦྱོར་བརླག་པའི་ཕྱིར། མཐུ་སྟོབས་ནུས་པའི་རྫུ་འཕྲུལ་རྩལ་ཕྱུངས་ལ། ནད་མུག་མཚོན་གྱི་བསྐལ་ངན་སྒྱུར་ཏུ་གསོལ། སྙིགས་མའི་དུས་འདིར་གདུལ་བྱ་བོན་ལ་དབང་། གཤེན་བསྟན་སྨིན་གྲོལ་འཕྲིན་ལས་ཕྱོགས་བཅུར་སྤེལ། མི་མཐུན་རྒུད་པའི་ཕྱོགས་ལས་རྣམ་པར་རྒྱལ། རྫོགས་ལྡན་གསར་པའི་དགའ་སྟོན་ཐོབ་གྱུར་ཅིག། ཅེས་པ་འདི་ནི་ཀུན་བཟང་བདེ་ཆེན་སྙིང་པོས་རྩེ་གཅིག་གསོལ་བ་བཏབ་པའོ།།
10. དགོས་འབྱུང་གྲུབ་པའི་མདངས་ཆགས་པ། གསེར་ལྡན་ཡང་པའི་ཐོག་ཏུ་གནས། བསྟན་སྲིད་མི་འགྱུར་འོད་སྣང་ཅན། སླར་སྐྱེས་མཁའ་ལ་འདྲེན་པར་ངེས། དུས་ཀྱི་ཕོ་ཉའི་གསུང་དབྱངས་ཉིད། ལ་ཚིག་སྐབས་དང་སྒྲོག་མྱུར་ཆེ། ༡༡ བཟའ་བཏུང་རིག་སྟོང་ངང་ནས་རོལ། ཉལ་ན་འོད་གསལ་ངང་དུ་ཉོལ། འགྲོ་ན་འཛིན་མེད་མཉམ་ནས་སོང་། འདུག་ན་བློ་འདས་ཀློང་དུ་སྡོད། དུས་ཀུན་མ་བཅོས་སོ་མའི་ངང་། གཉུག་མའི་རང་ཞལ་མཇལ་བ་ལ། ཉམས་ཀྱིས་གོམས་པའི་ཟིལ་ཤུགས་ཀྱིས། རང་གཞན་རྟོག་པ་འཆར་དུ་མེད། ༡༢ བཟའ་བཏུང་རིག་ལ་ཞེན་པའི་འཁྲིས་མི་བདག། བདག་བྱར་ཡེ་ཟད་རིག་པའི་རྒྱལ་པོ་ལ། ལ་ཚིགས་དུས་ལས་མ་ཡོལ་ངང་ནས་སོ། སོ་མ་རང་ལུགས་རྒྱུན་ལས་རོལ་ན་བསམ། ཉལ་བའི་གཉིད་ལ་འདི་བཞིན་བསམ་ངོ་སྟོང་། སྟོང་རིག་གཉུག་མའི་མདངས་ལ་སུས་མ་བསྒྲིབས། སྒྲིབ་གཡོག་བྲལ་བའི་གཤིས་ལ་རང་མལ་བདེ། བདེ་གསལ་མི་རྟོག་ངང་ནས་ཉལ་ན་བསམ། འགྲོ་བའི་ཡུལ་ལ་གཞན་སྣང་ཆ་མི་རྟོག། རྟོག་མེད་བབ་བཞིའི་གནས་ལུགས་རྗེན་ཅེར་ཤར། ཤར་གྲོལ་རིས་མེད་འགྲོ་འོང་བྲལ་བའི་གཤིས། གཤིས་ལས་མ་གཡོ་ངང་ནས་ཕྱིན་ན་བསམ། འདུག་པའི་དུས་སུ་དངོས་མཚན་གྲུབ་པ་མེད། མེད་པ་ལྔ་ལྡན་གདོད་མའི་ངོ་བོ་ཉིད། ཉིད་ལས་མི་གཞན་རང་ཞལ་མཇལ་བའི་ངང་། ངང་ལས་མ་གཡོས་དོན་ལ་གནས་ན་བསམ། བསམ་དཀར་བློ་ཡི་བསྐུལ་བའི་ཁ་ཏ་ལ། ལྷོད་གཡེང་མེད་པར་རྒྱུད་ལ་ངེས་ཐབས་ཞུ། ༡༣བདེ་ཆེན་རྒྱལ་པོ་པདྨ་འབྱུང་། བེེ་རོའི་རྣམ་པ་སྣང་བྱེད་གར། ཨོ་རྒྱན་སངས་རྒྱས་གླིང་པ་མཁྱེན། བདག་ལ་དབང་དང་དངོས་གྲུབ་སྩོལ། ༡༤ བསླུ་མེད་དཀོན་མཆོག་རྣམས་ཀྱི་ཐུགས་རྗེ་ནི། ནམ་ཡང་འགྲོ་ལ་མི་བསླུ་ངེས་པས་ན། གནས་སྐབས་མཐར་ཐུག་ཀུན་གྱི་འཇིགས་པ་སེལ། དེ་ཕྱིར་བསམ་པ་ལྷུན་གྱིས་འགྲུབ་པར་མཛོད། ཅེས་པ་འདི་རྟ་མགྲིན་གྱི་ཐུགས་བསྐང་སླད་འོད་གསལ་པས་སོ།། ༡༥ཨ་ཧོ། ཕ་བླ་མ་ཀུན་བཟང་ཡེ་ཤེས་སྙིང་། བུ་བདག་གི་སྤྱི་བོའི་རྒྱན་དུ་རོལ། དུས་ནམ་ཡང་འབྲལ་མེད་ཁྱེད་རྗེས་སྙེག། ཉམས་དམར་ཐག་ཆོད་པར་བྱིན་གྱིས་རློབས། ལས་ཟིན་མེད་འཁོར་བའི་བརྩོན་ར་འདིར། བདུད་འགྲན་མེད་ཆུ་བཞི་རྦ་ངོག་གཟེར། རྒྱུ་བཟོད་མེད་དུ་ཁའི་སྐྱར་ལ་བུད། དུས་མཐའ་མེད་བྱིངས་འདི་ཁེ་ཤ་ཅི། རྟེན་དར་བའི་རང་བཞིན་ཁུལ་ཚུད་ཡང་། དགོས་འབྱོར་བའི་གཏན་འབེབ་མ་སོང་བ། རྐྱེན་མི་རྟག་ཀུན་ཀ་ངེས་བཞིན་དུ། བློ་རིང་གྱོང་གྱུར་འདི་ཨེ་རེ་སྡུག། ལས་དགེ་སྡིག་གཉིས་ཀ་ཕྲ་བཞིན་དུ། འབྲས་བདེ་སྡུག་འདམ་ཀ་རག་ན་ཡང་། དོན་སྤང་བླང་གནད་ལ་མ་ཞིབ་པར། རྒྱུད་དྲེད་པོ་བཏང་འདི་ཞེ་རེ་ཁྲེལ། གཉེན་དྲན་ཤེས་སོ་པའི་སྒོ་དྲུང་དུ། དགྲ་ཉོན་མོངས་བྱུང་ནས་དགག་པ་ལ། སྐྱབས་བསླུ་མེད་དཀོན་མཆོག་དཔུང་ཟླ་འཚོལ། གྲོགས་མཚུངས་མེད་སྨོན་འཇུག་བསླབ་པ་གཉེར། གཡུལ་འཇིགས་པའི་ཕྱོགས་ལས་རྒྱལ་བའི་ཐབས། མཆོག་རིག་པའི་གསང་ལམ་འཇུག་ལ་སྤྲོ། ཡིད་སྤྲོ་བའི་མཚན་འཛིན་རྡུལ་རྙེད་ཀུན། དབྱིངས་སྤྲོས་བྲལ་ཉག་གཅིག་ཀློང་དུ་སངས། བློ་གཏད་མེད་ལྟ་བའི་ཉི་གཞོན་ཉིད། ཉམས་མྱོང་བའི་ཤིང་རྟས་དྲངས་འདིར་མཚར། འོད་གསལ་ངར་ཅན་གྱི་སྣང་ཆའི་གར། རྐྱེན་བྱིངས་རྒོད་མུན་པ་རང་དག་ནས། དོན་དམིགས་མེད་སྒོམ་པའི་གཟི་བྱིན་ཉིད། དུས་ནམ་ཡང་འབྲལ་མེད་འཆར་འདི་རྨད། གཤིས་རིག་པའི་ཡིན་ལུགས་ཟང་ཀའི་ངང་། དོན་སྤང་བླང་དབྱེར་མེད་རོ་གཅིག་ཏུ། སྨྲ་བསམ་བརྗོད་བྲལ་བའི་སྤྱོད་པ་ཉིད། རྩལ་ཤུགས་ལས་འབྱུང་བ་ཨེ་མ་ཧོ། ངང་བདག་ཉིད་ངོ་བོ་ཀུན་ཁྱབ་བརྡལ། ཁྱད་མངོན་གྱུར་དབྱིངས་ལ་གནས་གཞི་རུ། ཟོལ་རེ་དོགས་བྲལ་བའི་འབྲས་བུ་ཉིད། གདིང་ཁོང་ནས་ཐོབ་འདི་རྣམ་པར་རྒྱལ། བློ་མོས་པའི་སྐད་ཅིག་མཚམས་སྦྱར་ངོས། རྒྱུ་ཐེག་པའི་ཡིན་ལུགས་བབ་ཚུལ་དང་། འབྲས་ཐེག་པའི་ཡིན་ལུགས་ཉམས་གླུ་རུ། མཆོག་ཀུན་བཟང་བདེ་ཆེན་སྙིང་པོས་སྤེལ། ༡༦གཞི་མ་བཅོས་ཀ་དག་ཀློང་ཡངས་ནས། ལམ་འོད་གསལ་ལྷུན་གྲུབ་རིག་པའི་མདངས། འབྲས་གཞོན་ནུ་བོན་སྐུའི་སྦུབས་སུ་ནུབ། དབྱིངས་རིག་པའི་གཏན་སྲིད་ཟིན་པར་ཤོག། ཅེས་དམ་པའི་དངོས་སློབ་ཁྱུང་བཙུན་པས་བྲིས་པའོ།། ༡༧ རྣམ་པར་རྟོག་པས་མ་བསླད་པ། དེ་ཉིད་ངེས་ལ་སྙིང་ནས་འདུད། གང་ཞིག་ལས་སྐལ་ལྡན་པ་ཉིད། ཡང་དག་དོན་ལ་བརྩོན་པའི་ཐབས། དང་པོ་ཞི་གནས་གོམ་དགོས་ཕྱིར། དེ་ལ་འཇིག་རྟེན་བྱ་བྱེད་དང་། མི་ཁྱི་རྒྱུག་འདུར་དབེན་པའི་སར། དང་པོ་བདེ་བའི་གདན་གྱི་ཐོག རང་ལུས་ཆ་ལུགས་ལྔ་ལྡན་བྱ། སྐྱབས་སེམས་གསོལ་འདེབས་དབང་བཞི་ལེན། བླ་མ་འོད་ཞུ་རང་ལ་ཐིམ། དེ་ནས་སྔ་རྗེས་ཕྱི་མནོ་རུ། བསམ་པའི་འབྲེལ་ཐག་གཅོད་ལ་གཞག། རྣམ་རྟོག་རང་སར་ཞི་བའི་ངང་། གནས་ཆ་ལ་བསྟུན་དྭངས་ཆ་དང་། གསལ་ཆ་ལ་བསྟུན་ངར་ཆ་བཞི། མཚན་ཉིད་མ་འདྲིས་ཤེས་བཞིན་དུ། རྩེ་གཅིག་དོན་ལ་ལྷོད་མེད་པར། ཡང་ནས་ཡང་དུ་གོམས་བྱས་ན། རྒྱུད་ལ་རྟགས་བཞི་འཆར་བར་འགྱུར། གཡེང་སྐྱོན་མེད་པའི་བརྩོན་འགྲུས་གཅེས། ཉེར་ལེན་བསམ་གཏན་གྲོགས་སུ་བཙལ། མན་ངག་གནད་དང་མ་བྲལ་དགོས། གང་ཞིག་གཡུང་དྲུང་བོན་སྤྱོད་ཚེ། ཡོན་ཏན་ཀུན་ལྡན་ཡིན་མོད་ཀྱང་། ཁྱད་པར་གནད་དོན་སྒྲུབ་མཁས་ན། དེ་ཉིད་དམ་པའི་ངེས་པར་བསྔགས། རྗེས་སུ་བསྔོ་བ་སྨོན་ལམ་བྱ། གོང་མའི་ཞལ་ནས་ཐོས་བཞིན་ནོ།། ཚུལ་འདི་སྤུན་ཟླ་རྣམ་རྒྱལ་ལ། དགོས་ཕྱིར་བདེ་མིང་པ་དེས་སོ།། ༡༧ཐོག་མའི་དུས་ནས་ཚོགས་གཉིས་བསགས་པའི་མཐུས། བློ་གསལ་ཁོང་དགེ་ལྷ་གྲོགས་མཆོག་གི་དྲུང་། ཉིད་ཀྱིས་རྗེས་འབྲེལ་དགོས་ཞེས་བསྐུལ་བ་ལས། ཆེད་དགོས་མེད་པ་རྒྱུ་མཚན་ང་ཡིས་བཤད། དང་པོ་བློ་ལྡོག་རྣམ་བཞི་ཡོད་པ་དེ། ངག་འདོན་ཤིང་རྟའི་ཟུར་རྒྱན་གསལ་བ་ལ། བདེ་སྡུག་ཕྱོགས་ཙམ་གསལ་བའི་གོ་བ་འོག། དེ་ནས་སྐྱབས་སེམས་ཡིན་ལུགས་ཙམ་གྱི་དོན། འབྱུང་བ་དེ་ཡང་གཞན་ལོག་གསལ་ཕྱིར་དང་། རང་ལ་ཡིད་ཆེས་ཐོབ་པའི་ཆེད་དུ་ལགས། དོན་དགོངས་མ་ལོན་ཆ་ཤས་བྱུང་ན་ཡང་། དྲིས་ལན་ངག་ལས་ཚུལ་བཞིན་གོ་བར་ངེས། ཁྱད་པར་དུས་དབང་བཙན་པས་དགོས་པ་ཟད། ཡང་ཁྱད་གཞན་དུ་གཞུང་མང་བཞུགས་པས་ཆོག། ལུང་རྟོགས་ཡོན་ཏན་ཆ་ཤས་འདོམས་པ་ལ། ཚུལ་དེར་བདག་གིས་ཡི་རངས་ཅི་འོས། སླར་ཡང་དེ་བཞིན་བརྩོན་འགྲུས་ལྷོད་མེད་ཞུ། བོན་དྲེད་ཐ་ཤལ་བདེ་མིང་པ་དེས་སོ།། ༡༨ ཀུ༵ན་མཁྱེན་ཡེ་ཤེས་ངང་གི་ཀློང་གྲོལ་བ། བཟ༵ང་པོར་སྤྱོད་ལ་གདུལ་བྱའི་དཔལ་ཡོན་དུ། ར༵ང་གཞན་བདེ་ཆེན་ས་ལ་འགོད་མཛད་རྗེ། གྲོ༵ལ་ཐོབ་དཔོན་གསས་མཆོག་ལ་གསོལ་བ་འདེབས། ཅེས་པ་འདི་ཡང་མཆེད་པོ་རྣམ་དག་ནས་དགོས་བཞེད་དང་མཚུངས་ལྡན་མོས་པའི་སྒོ་ནས་བདེ་ཆེན་སྙིང་པོ་གང་དེས་གསོལ་བ་བཏབ་པའོ།། ༡༩ ཨེ་མ་ཧོ། རང་དོན་བཤད་སྒྲུབ་སྒོམ་པའི་སྲོལ་ཆེན་འཆང་། གཞན་དོན་འཆད་རྩོད་རྩོམ་པའི་རྒྱལ་བསྟན་སྤེལ། གཉིས་དོན་འཛིན་སྐྱོང་སྤེལ་བའི་བསྟན་འགྲོའི་མགོན། མཁན་རབས་ཉེ་ལྔའི་ཞབས་ལ་གསོལ་བ་འདེབས། བསླབ་གསུམ་ཕུལ་ཕྱིན་རིམ་གཉིས་གསང་ལམ་འབྱོངས། དགོངས་རྒྱུད་ཉག་གཅིག་རྟོགས་པར་བྱིན་གྱིས་རློབས། ཅེས་པ་འདི་ཡང་བདེ་ཆེན་སྙིང་པོས་སྤེལ་བའོ།། ༢༠ ཨེ་མ་ཧོ། རབ་འབྱམས་བོན་གྱི་གཏེར་མཛོད་མངའ་དབང་ཆེ། ས་ལམ་ཡོན་ཏན་རྒྱ་མཚོ་ཕ་མཐར་སོན། མཉམ་མེད་གཡུང་དྲུང་བོན་གྱི་གཙུག་གི་རྒྱན། བློ་ལྡན་སྙིང་པོའི་ཞབས་ལ་གསོལ་བ་འདེབས། ཅེས་པ་འདི་ཡང་ཚུལ་མཐར་མིང་པས་སོ།། རྩ་གསུམ་ལྷ་དང་སྲུང་མ་དགོངས་སུ་གསོལ། རྩ་གསུམ་གནས་མཆོག་ས་ལ་འཕོས་པའི་གཟུགས། རྩ་སྲོག་གྱེར་རི་ཤེལ་བྲག་དྲི་མེད་གླིང་། རྩ་ལག་བསྟན་སྙིང་བཤད་སྒྲུབ་སྒོམ་པའི་སྲོལ། རྩ་བ་ལས་ཀྱི་ནུབ་དུས་བབ་མེད་ན། རྩ་འཛིན་གཤེན་སྡེ་མྱུར་དུ་འཕེལ་གྱུར་ཅིག། འདིའང་རྩེ་དྲུག་མཁན་མིང་འཆང་སྨོན་མིང་པས་སོ།། ༢༡ ཐོག་མའི་དུས་ནས་རང་ཉིད་དང་། ལྷན་ཅིག་གནས་པའི་རང་བྱུང་གི། སྐྱེ་འགག་བྲལ་བའི་གཤིས་ལུགས་ལ། དགག་སྒྲུབ་མེད་པར་གསོལ་བ་འདེབས། ཡེ་སྟོང་མཐའ་བྲལ་ཆེན་པོ་ཡི། ཀ་དག་གཞི་ཡི་ངོ་བོ་ཉིད། སྐུ་དང་ཡེ་ཤེས་མ་འགག་པའི། ལྷུན་གྲུབ་ལམ་གྱི་རྟོགས་པ་ཤར། འཁོར་འདས་གཉིས་ཀྱི་བསྡུས་པའི་བོན། དབྱིངས་ཉིད་སྟོང་ཆེན་ངང་དག་པའི། བོན་ཟད་རིག་པའི་ཀློང་ཆེན་དུ། འཕོ་མེད་ཡེ་ཤེས་རྫོགས་པའི་སྐུ། གཉུག་མ་བློ་འདས་ཆེན་པོ་ཡི། རིས་མེད་རྒྱལ་ཁམས་ཕྱམ་བརྡལ་བའི། རེ་དོག་མཐའ་བྲལ་འབྲས་བུ་ཉིད། གཞོན་ནུ་བུམ་སྐུའི་ཀློང་དུ་ཨང་།