གདན་ས་ཁྲི་བརྟན་ནོར་བུ་རྩེའི་སྒྲུབ་གྲྭའི་མཁན་རིན་པོ་ཆེའི་གསུང་དུམ་འགའ་ཞིག

[ཟླ་ཚེས། 2020-06-10 09:29:02][རྩོམ་པ་པོ། སྒྲུབ་གྲྭའི་མཁན་རིན་པོ་ཆེ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

     དགེ་དྲང་གཉིས་པོ་གང་རུང་ཡིན་ན་སྤང་ལམ་ཡིན་པའི་ཁྱབ་ལ། དགེ་བསྙེན་ཐེག་པ་ཡིན་ན་རྣམ་རྩོད་དང་རང་རྟོགས་གང་རུང་་ཡིན་པས་ཁྱབ་པ་དང་། དྲང་སྲོང་ཐེག་པ་ཡིན་ན་དབུ་མ་དང་ཐུགས་རྗེ་སེམས་དཔའ་གང་རུང་ཡིན་པའི་ཁྱབ་ཅེས་པ་དེ་ཟུར་གཅིག་ནས་བལྟས་ན་དེ་ལྟར་སྣང་ཡང་ཕྱོགས་གཞན་ཞིག་ནས་བལྟས་ན་ལུང་མང་པོ་ཞིག་འགལ་འགྲོ་གི་རེད། དྲང་སྲོང་རྣམ་རྩོད་ནང་ལ་ཡོད་པའི་ལུང་། དྲང་སྲོང་པ་ཡིན་མཁན་ལྟ་བ་གཟུང་འཛིན་དོན་དམ་བལྟ་མཁན་ཁྲིམས་ཉིས་བརྒྱ་ལྔ་བསྲུང་བསྡད་མཁན་ཡོད་པ་དང་། དེ་ཡང་ཐེག་དམན་པ་ལས་ཐེག་ཆེན་པ་མིན་པ་གསལ་པོ་གསལ་རྐྱང་རེད། སྒོ་བཞི་མཛོད་ལྔ་ནི་ཆབ་དཀར་ཆབ་ནག་འཕན་ཡུལ་དཔོན་གསས་སྣང་སྲིད་མཛོད་ཕུགས་བཅས་རེད། སྔགས་ཕྱི་པ་མན་ཆོད་ཚང་མ་འཕན་ཡུལ་དང་། རྒྱུ་བོན་བཞི་ཆབ་ནག ཨ་དཀར་ཡེ་གཤེན་གཉིས་ཆབ་དཀར། རྫོགས་ཆེན་གྱི་བོན་དཔོན་གསས། སྣང་སྲིད་མཛོད་ཕུགས་མཐོ་ཐོག་སྤྱི་རྒྱུགས་ཀྱི་བོན་། གཟི་བརྗིད་ལས་དངོས་སུ་བསྟན་པའི་ཨ་དཀར་དང་ཐེག་འགྲེལ་ལས་དངོས་སུ་བསྟན་པའི་དངོས་བསྐྱེད་པ་གཉིས་དོན་གཅིག་ལ་གོ་དགོས་ཏེ། ཐེག་པ་གཉིས་ཀ་བསྐྱེད་རིམ་གཙོ་བོ་བསྟན་པའི་ཐེག་པ་ཡིན་པས་སོ། གཟི་བརྗིད་ལས་དངོས་སུ་བསྟན་པའི་ཡེ་གཤེན་དང་ཐེག་འགྲེལ་ལས་དངོས་སུ་བསྟན་པའི་ཤིན་ཏུ་དོན་ལྡན་པ་གཉིས་དོན་གཅིག་ཡིན་པར་ཤུགས་ཀྱིས་གྲུབ་པ་རེད། གང་ཡིན་ཟེར་ན་གཉིས་ཀས་རྫོགས་རིམ་གཙོ་བོ་བྱེད་པ་ཡིན་པས་སོ། དགེ་བསྙེན་དྲང་སྲོང་གཉིས་རྣམ་རྩོད་ནས་བཟུང་སྟེ་སྤྱོད་རྒྱུད་བར་དུ་ཡོད་པས་རྒྱ་ཆེན་པོ་རེད། ཁྲིམས་ཉིས་བརྒྱ་ལྔ་བཅུ་བསྲུང་བའི་ཨ་དཀར་བ་དང་རྫོགས་ཆེན་པ་དེ་ཚོ་དྲང་སྲོང་ཐེག་པ་བ་མ་རེད། རྒྱུ་མཚན་གང་ཡིན་ཟེར་ན་དེ་དག་སྲུང་བྱའི་གཙོ་བོ་སོ་ཐར་གྱི་སྡོམ་པ་ཁྲིམས་ཉིས་བརྒྱ་ལྔ་བཅུ་ལྟ་བུ་མ་རེད། དཔེར་ན་སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་ལྟ་བུ་རེད། རྫོགས་ཆེན་གྱི་དམ་ཚིག་མེད་པ་ཕྱལ་བ་གཅིག་པུ་ལྷུན་འགྲུབ་བཞི་བསྲུང་བྱའི་གཙོ་བོ་ཡིན་པ་ལས་ཁྲིམས་ཉིས་བརྒྱ་ལྔ་བཅུ་བསྲུང་བྱའི་གཙོ་བོ་མ་རེད། གཞན་ལྷ་མི་གཞན་བརྟེན་པའི་ཐེག་པར་གནས་པའི་ཁྲིམས་ཉིས་བརྒྱ་ལྔ་བཅུ་སྲུང་བའི་གང་ཟག་དེ་ཡང་དྲང་སྲོང་ཐེག་པ་བ་མ་རེད། གང་ཡིན་ཟེར་ན་གཤེན་རབ་ཀྱི་སྤྱོད་པ་ལ་གནས་པ་དང་། སེམས་ཅན་གྱི་སྤྱོད་པ་ལ་གནས་པ་གཉིས་ཡོད་པས་སེམས་ཅན་གྱི་སྤྱོད་པ་ལ་གནས་པ་རེད། ཅེས་གསུངས་སོང་།
དཀྱིལ་འཁོར་སྤྱི་དང་བྱེ་བྲག་ཏུ་མ་རྒྱུད་དཀྱིལ་འཁོར་གྱི་བཀའ་སློབ།
   སྤྱིར་བཏང་དཀྱིལ་འཁོར་སྐོར་བསམ་གྱིས་མི་ཁྱབ་པ་རེད། དེའི་ནང་ནས་དཀྱིལ་འཁོར་གྱི་སྒོ་དོད་ལུགས་དེའི་སྐོར་བགྲེས་པོའི་འབེལ་གཏམ་ཨང་དགུ་པའི་ནང་ལ་ཡོད་ས་ཡོད། ཡོངས་འཛིན་སྨྲ་བའི་སེང་གེའི་བཀའ་འབུམ་སྙིང་པའི་ནང་ལ་ཡོད་པ་མ་རེད། བཀའ་འབུམ་གསར་པའི་ནང་ཐོན་ཡོང་རྒྱུ་རེད། ང་ཚོ་ཚང་མས་གང་ཐུབ་ཐུབ་ལག་ལེན་བསྟར་ཐུབ་དགོས་རྒྱུ་གལ་ཆེན་པོ་རེད། གང་ཡིན་ཟེར་ན་རིན་པོ་ཆེས་དཀའ་ཚེགས་ལ་མ་འཛེམས་པར་ཡི་གེ་འདི་འདྲ་མང་པོ་ཞིག་ཕྱག་བྲིས་མཛད་པ་མ་གཏོགས་ལས་སླ་བོའི་ཐོག་ནས་གློག་ཀླད་ནང་བཅུགས་པ་དེ་འདྲ་མ་རེད། བསྟན་འགྲོའི་དོན་དུ་ངལ་བ་ཁྱད་དུ་བསད་ནས་མཛད་བཞག་པ་དེ་ཚོ་ཤོག་ཐོག་ཙམ་མ་ཡིན་པར་གང་ཐུབ་ཐུབ་ལག་ལེན་བསྟར་དགོས་པ་གལ་ཆེན་པོ་རེད། ཁྲི་བརྟན་ནོར་བུ་རྩེ་ནས་ཐོན་པའི་དགེ་དགེན་རྣམས་པའི་ངེས་པར་དུ་རིན་པོ་ཆེས་གང་གསུང་པ་དེ་རང་རང་གི་ཧ་གོ་བ་བྱས་ཏེ་གང་ཐུབ་ཅི་ཐུབ་ལག་ལེན་བསྟར་ཐུབ་ན་ཡག་པོ་ཡོང་གི་ཡོད་རེད། ད་འདི་ནས་ངའི་བཤད་རྒྱུ་མདོར་བསྡུས་ན་དཀྱིལ་འཁོར་གྱི་སྒོ་དོད་ལུགས་གཉིས་ཡོད་པ་གྲོད་སྐེད་དང་ཕག་སྒོ་གཉིས་རེད། ཡིན་ནའང་ཡོངས་འཛིན་སྨྲ་བའི་སེང་གེའི་རང་ལུགས་ལ་གྲོད་སྐེད་ཟེར་བ་ཞིག་རྩ་བ་ནས་མི་འདུག་གསུངས་པ་མ་ཟད། དེ་ཡང་ལུང་དང་རིག་པ་གཉིས་ཀྱི་ཐོག་ནས་གསུང་ཡོོད། དང་པོ་ལུང་ནི། འགྲོ་མགོན་བདུད་རྩིའི་ལུང་བཞག་སྟེ། ཁོང་གིས་མཛད་པའི་ཀློང་རྒྱས་དཀྱིལ་འཁོར་ལས། སྒོ་ཉིད་གྲོག་སྐེད་ཡོད་པ་མི་སྲིད་ཅིང་སྒོ་ཡི་བོན་བདུན་ཀྱང་བརྩིར་མེད་ཅིང་ ཞེས་གསུང་པ་འདི་རེད། ཕག་སྒོ་འདི་སྒོ་ཕྱེ་རྒྱུ་ཡོད་པ་དང་ཕར་རྒྱག་རྒྱུ་ཡོད་པ་དེ་རེད། སྤྱིར་དཀྱིལ་འཁོར་མང་ཆེ་བར་སྒོ་འདིར་འབྲི་གི་རེད། བྱམས་མ་དང་རྣམ་དག་གཉིས་འདྲ་བོ་ཡིན་པ་དང་ཀློང་རྒྱས་ཀྱི་དཀྱིལ་འཁོར་ཅུང་ཁ་ཁ་རེད། གྲོད་སྐེད་འདི་ཕྱེ་རྒྱུ་དང་རྒྱག་རྒྱུ་མེད་ཀྱང་འགའ་ཞིག་གིས་རྣམ་དག་དང་བྱམས་མའི་སྒོ་ལྟ་བུ་གྲོག་སྐེད་རེད་ཟེར་གྱི་ཡོད་ཀྱང་རྗེ་རིན་པོ་ཆེ་དང་ཁྱུང་སྤྲུལ་རིན་པོ་ཆེ་རྣམ་གཉིས་ཀྱིས་བྱམས་མ་དང་རྣམ་དག་གི་སྒོ་ཐིག་རྒྱག་སྟངས་ཀློང་རྒྱས་སོགས་ལས་ཅུང་ཙམ་མི་འདྲ་བ་གསུང་པ་མ་གཏོགས་དེ་གཉིས་ཀྱི་སྒོ་གྲོག་སྐེད་རེད་གསུང་ཡོད་མ་རེད། མ་གཞི་ཁོང་རྣམ་གཉིས་ཀྱིས་དཀྱིལ་འཁོར་ཐིག་རྩའི་ནང་དུ་གྲོག་སྐེད་ཅེས་པའི་ཐ་སྙད་དེ་ཡང་བེད་སྤྱོད་བྱས་པ་ངས་མཐོང་མ་སོང་། གཉིས་པ་རིག་པའི་ཐོག་ནས་བཤད་ན། གཞུང་ཚང་མ་ལ་སྒོ་དབྱེ་ཡོད་པས་སྒོ་ཕྱེ་རྒྱུ་ཡོད་དགོས་པ་ཡིན། གལ་ཏེ་སྒོ་ཕྱེ་རྒྱུ་མེད་ན་སྒོ་དབྱེ་བྱས་པ་ནི་དོན་མེད་རེད། སྒོ་ཕྱེ་རྒྱུ་མེད་ན་ཤར་གྱི་ཕྱོགས་ནས་སྒོ་འབྱེད་ཅེས་པ་དེ་དོན་མེད་རེད། གཞན་སྡེའི་དཀྱིལ་འཁོར་ནང་གི་སྒོ་ཕལ་མོ་ཆེ་དང་ཧིན་རྡུའི་ཆོས་ལུགས་ཀྱི་དཀྱིལ་འཁོར་ཚང་མ་གྲོད་སྐེད་རེད། འོ་ན་རྣམ་དག་དང་བྱམས་མའི་སྒོ་ཅི་འདྲ་ཞིག་དགོས་ཞེ་ན། རིན་པོ་ཆེའི་མཆོད་རྟེན་ཐིག་རྩའི་ནང་གསལ་པོ་བྲིས་བཞག་ཡོད། དཔེར་ན་ལི་ལི་བང་བང་མཆོད་རྟེན་གྱི་སྒོ་ལ་ལྟོས་དང་འདི་བཞིན་རེད། བྱས་ཙངས། སྒོ་དབྱེ་སྡོམ་བྱེད་རྒྱུ་མེད་པའི་ལྕགས་རིའི་སྒོ་ལྟ་བུ་གྲོག་སྐེད་ཡིན་ན་མ་གཏོགས་སྒོ་དབྱེ་ཡོད་ཕྱིན་ཆད་ཕག་སྒོ་འབྲི་དགོས་པ་འདི་གལ་ཆེན་པོ་རེད། དེར་བརྟེན་རྣམ་དག་དང་བྱམས་མ་གཉིས་ལའང་སྒོ་དབྱེ་ཡོད་པས་གྲོག་སྐེད་ཡོང་ཐབས་མེད། དེ་གཉིས་སྒོ་ཐིག་མཆོད་རྟེན་བཀོད་པའི་ནང་གསལ་བོ་བྱས་ནས་རིན་པོ་ཆེས་བྲིས་བཞག་པ་དེ་ག་ནང་བཞིན་རེད། དེ་གཉིས་གྲོད་སྐེད་བྲིས་པ་ཡིན་ན་སྒོ་དབྱེ་བྱེད་པ་དོན་མེད་བཱ། དེ་ནི་རིག་པ་རེད། མཆོད་རྟེན་ཞེས་པ་དེ་ལྷ་ཁང་རེད། ཕྱི་ནས་བལྟ་དུས་མཆོད་རྟེན་དང་ནང་ནི་གཞལ་ཡས་ཁང་རེད། བསང་འདོན་དུས་ཕྱི་ལྟར་ན་གཡུང་དྲུང་བཀོད་ལེགས་ཀྱི་མཆོད་རྟེན་ནང་བལྟས་ན་འབར་བ་མེ་ཡི་ཕོ་བྲང་ཞེས་པ་ནང་བཞིན་རེད།
མ་རྒྱུད་དཀྱིལ་འཁོར་འདི་དེ་སྔ་འདི་ལྟར་འབྲི་སྲོལ་ཡོད་པ་མ་རེད། འདི་རིན་པོ་ཆེ་ཁོང་གི་དམིགས་བསལ་མ་རྒྱུད་དཀྱིལ་འཁོར་འབྲི་སྟངས་ལུང་རིག་གཉིས་ཀྱི་ཐོག་ནས་བྲིས་པ་རེད། མ་རྒྱུད་ལ་རྒྱུད་གསུམ་དང་རྒྱལ་གཤེན་གྱི་འགྲེལ་བ་དེ་དག་དགུངས་ལོ་དགུ་བཅུ་གོ་ལྔ་མ་ཟིན་བར་དུ་ཉམས་ལེན་བྱས་པ་རེད། ཉམས་ལེན་དེ་ཡང་གྲོང་པའི་རྒད་པོའི་ཁྲོ་བོ་ཉིན་ཚར་མ་ཆད་ལྟ་བུ་ཞིག་མ་ཡིན་པར་རྒྱུད་ཀྱི་ཚིག་འབྲུ་རེ་རེ་བཞིན་ལ་རིན་པོ་ཆེའི་ཐུན་མིན་གྱི་རྣམ་དཔྱོད་དང་བླ་མ་གོང་མའི་ཞལ་རྒྱུན་སོགས་ལ་བརྟེན་ཏེ། བསྲེག་བཅད་བདལ་བའི་གསེར་བཞིན་དུ་འདི་ནི་ཐུན་མོང་མ་ཡིན་པ་ཞིག་རེད་བསམ་གྱི་འདུག དཀྱིལ་འཁོར་འདི་ནི་ཧ་ཅང་བལྟ་ན་སྡུག་པ་དང་ལྕགས་རིའི་སྒོ་དང་དཀྱིལ་གྱི་རང་རིག་གི་སྒོ་དང་བཅས་པ་ཕག་སྒོ་མཛད་འདུག་གཱ། སྔར་བརྩམས་ནང་གི་འབྲི་སྟངས་དང་ཁྱད་པར་ཆེན་པོ་རེད། སྔར་རྩམ་ནང་གི་མ་རྒྱུད་དཀྱིལ་འཁོར་དེ་སྔོན་མའི་ལུགས་སྲོལ་འབྲི་སྟངས་དང་དཔྱད་པ་རག་པ་ཙམ་ཞིག་གི་ཐོག་ནས་རེད། དེ་ནི་གཟི་བརྗིད་ཆེན་པོ་ཡིན་པས་སྔོན་མ་དེ་ཡང་མེད་པ་བཟོ་དགོས་དོན་མེད།སྔར་རྩོམ་དང་ཕྱིས་རྩོམ་ཞེས་ཏོག་ཙམ་མི་འདྲ་བ་གྲགས་ཅན་མཁས་པ་ཕལ་ཆེར་ལ་ཡོད། དེ་གཉིས་ལས་ཕྱིས་རྩོམ་གཟི་བརྗིད་ཆེ་བ་བརྩི་གི་ཡོད་རེད།
ཆོ་ག་བཅུ་གཉིས་ཀྱི་སྐོར་གྱི་བཀའ་སློབ།
   ངའི་བསམ་ཚུལ་ཕྲན་བུ་ཞིག་ཞུ་རྒྱུར། རྒྱུད་སྡེ་བཞིའི་མཚན་གཞི་འཇོག་ཚུལ་སྐོར་མི་འདྲ་འགའ་ཡོད་པས་དེའི་སྐོར་ནས་རག་རིམ་ཙམ་ཞུས་ན། དེ་རིང་སྐབས་བབ་ཀྱི་གླེང་རྒྱུའི་བརྗོད་བྱ་དངོས་ནི་ཆོ་ག་བཅུ་གཉིས་དང་དེའི་ནང་ནས་ཀུན་རིག་སྒྲོན་མ་དང་རྣམ་པར་འཇོམས་པ་གཉིས་རེད། འགའ་ཞིག་གིས་ཀུན་རིག་སྒྲོན་མ་སྤྱོད་རྒྱུད་ཡིན་གསུང་གི་འདུག རྣམ་པར་འཇོམས་པ་དེ་ཨ་དཀར་ཐེག་པ་འཇོག་དགོས་གསུང་གི་ཡོད་ས་རེད་བསམ་སོང་། སྤྱིར་རྒྱུད་སྡེ་བཞིའི་མཚན་གཞི་འཇོག་ཚུལ་ཤར་རྫ་རིན་པོ་ཆེའི་བཞེད་སྟངས་གཅིག ཀུན་མཁྱེན་ཉི་མ་བསྟན་འཛིན་གྱིས་བཞེད་སྟངས་གཅིག སྨྲ་སེང་ཡོངས་འཛིན་རྣམ་གཉིས་ཀྱི་བཞེད་སྟངས་གཅིག་བཅས་བཞེད་སྟངས་མི་འདྲ་བ་གསུམ་བྱུང་ཡོད།  སློབ་དཔོན་སངས་རྒྱས་བསྟན་འཛིན་གྱི་དགོངས་པ་སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེའི་བཀའ་འགྲེལ་གསལ་བཤད་ནང་ཡིག་ཐོག་ལ་གསལ་བོ་བྱས་ནས་བཀོད་པ་དེ་རེད། མི་འདྲ་དེ་འདྲའི་གསུམ་མ་གཏོགས་གཞན་རྒྱུད་སྡེའི་ཁྱད་པར་འཇོག་ཚུལ་བྲིས་བཞག་པ་ད་ལྟ་བར་དུ་མཐོང་མ་སོང་།  མཁས་པའི་དབང་པོ་ཀུན་མཁྱེན་ཉི་མ་བསྟན་འཛིན་གྱིས་གང་གསུང་ཡོད་རེད་ཅེ་ན། གསང་སྔགས་བྱ་རྒྱུད་ཀྱི་མཚན་གཞི་དམིགས་བསལ་ངོས་བཟུང་མི་འདུག
   དེ་ནས་ཨ་དཀར་ཐེག་པ་དང་རྣམ་པ་ཀུན་ལྡན་མངོན་ཤེས་ཀྱི་ཐེག་པའི་མཚན་གཞི་གསུང་ཡོད་བསམ་སོང་། ཡེ་གཤེན་ཐེག་པའི་གཞུང་ཐུན་མོང་མ་ཡིན་པ་བྱམས་མ་ཡིན་གསུངས་ཡོད་རེད། བྱམས་མ་དེ་ལུང་འདྲེན་མང་པོ་གནང་ནས་ཐབས་ཀྱི་རྒྱུད་ཤེས་རབ་ཀྱི་རྒྱུད་ཐབས་ཤེས་གཉིས་སུ་མེད་པའི་རྒྱུད། དེའི་ནང་ནས་ཐབས་ཤེས་གཉིས་སུ་མེད་པའི་རྒྱུད་ཡིན་ཚུལ་དང་ཁོང་གིས་སྒྲུབ་ཐབས་མཛད་ཡོད་རེད་བ། མདོར་བསྡུས་ན་ཨ་དཀར་ལ་སོགས་ཐེག་པ་འོག་མ་བདུན་གྱི་ཡོན་ཏན་ཡར་ལྡན་དུ་ཚང་བའི་ཡེ་གཤེན་ཐེག་པའི་གཞུང་ཡིན་པ་གསུང་ཡོད། བྱམས་མའི་དབང་བཞི་དེ་ཚོའི་ནང་ལ་བྱམས་མ་དེ་ཧ་ལས་པ་ཟབ་མོ་ཡིན་པ། དེ་ཡང་ཕྱི་རྒྱུད་དང་ནང་རྒྱུད་གསང་རྒྱུད་གསུམ་ཡོད་པ་དང་། རྒྱུད་གསུམ་ནང་ནས་རྣམ་དག་པད་མ་ཀློང་ཡངས་ཧ་ཅང་བཤད་ཆེ་དྲག་ནས་མཐར་ལྷུང་བ། མ་རྒྱུད་དེ་གསང་དྲག་པ། བར་དུ་བྱམས་མ་རིན་པོ་ཆེ་དེ་ཡག་ཤོས་ཟབ་ཤོས་ཡིན་པ་གསུངས་ཡོད། ཁ་འབྱམས་གྱེར་འགྱིང་ཕྱི་ལ་དོར། ཨ་འཐས་རྩིག་ཀ་ནང་དུ་བཞག བར་དུ་བྱམས་མ་རིན་པོ་ཆེ། ཞེས་གསུང་ཡོད་རེད།མ་རྒྱུད་དེ་ཚོ་ཨ་དཀར་ཐེག་པར་མར་བཞག རྣམ་དག་པད་མ་ཀློང་ཡངས་སྔགས་ཕྱི་མར་བཞག དེ་ཙམ་མ་ཟད་སྤྱི་སྤུངས་སྐོར་གསུམ་ལའང་དབལ་གསས་དང་ཁྲོ་བོ་དང་ལྷ་རྒོད་དེ་ཚོ་ཡེ་གཤེན་ཐེག་པའི་གཞུང་ལ་བཞག ཕུར་པ་དང་མེ་རི་དང་གེ་ཁོད་དང་གཤེན་དམར་སྤྱི་འདུལ་སོགས་ཨ་དཀར་ཐེག་པའི་གཞུང་བཞག ཕྱེ་སྟངས་དེ་འདྲ་གནང་ནས་རྣམ་པ་ཀུན་ལྡན་མངོན་ཤེས་ཐེག་པའི་གཞུང་ལ་ཀུན་འབུམ་སྒོ་འབྱེད་དང་གདུག་དཀར་གྱི་གཟུང་སོགས་བཞག། མཁས་པའི་དབང་པོ་ཀུན་མཁྱེན་ཉི་མ་བསྟན་འཛིན་གྱི་བཞེད་སྟངས་རོབ་ཙམ་ཞིག་ཞུས་ན་དེ་ཙམ་རེད། གཉིས་པ། ཤར་རྫ་རིན་པོ་ཆེས་ཡང་ཅུང་ཙམ་མི་འདྲ་བ་བཞེད་ཡོད་པ།  ཆོ་ག་བཅུ་གཉིས་ལ་དབྱེ་གཤག་མང་པོ་ཕྱེས་ཏེ་འགའ་ཞིག་སྤྱོད་རྒྱུད་པའི་གཞུང་རེད་གསུངས། འགའ་ཞིག་ཨ་དཀར་ཐེག་པའི་གཞུང་རེད་གསུང་སྟེ། དཔེར་ན། རྣམ་འཇོམས་དེ་ཨ་དཀར་ཐེག་པའི་གཞུང་ལ་བཞག ཞི་ཁྲོ་གཉིས་ཁ་ཁ་ཕྱེས་ནས་ཁྲོ་བོ་དེ་ཨ་དཀར་ཐེག་པར་བཞག་ཞི་བ་དེ་ཚོ་ཤིན་ཏུ་དོན་ལྡན་པར་བཞག ཞི་ཁྲོ་གཉིས་ཁ་ཁ་ཕྱེ་ནས་ཐེག་པའི་ཁྱད་པར་འཇོག་སྟངས་མང་པོ་ཞིག་བཞག་ཡོད་རེད། དེ་བཤད་སྟངས་གཉིས་པ་རེད། བྱུང་རིམ་གྱི་དབང་དུ་བྱས་ན་ཀུན་མཁྱེན་ཉི་མ་སྔ་གི་ཡོད་རེད། དེ་རྗེས་ཤར་རྫ་རེད། དེའི་རྗེས་ནས་ཡོངས་འཛིན་རྣམ་གཉིས་རེད། དེ་ནས་སྨྲ་སེང་ཡོངས་འཛིན་རྣམ་གཉིས་ཀྱིས་གསུང་དུས་ཆོ་ག་བཅུ་གཉིས་ཆ་ཚང་བྱ་རྒྱུད་ཀྱི་གཞུང་ལ་བཞག བྱམས་མ་དང་ཀུན་འབུམ་སྒོ་འབྱེད་དང་དེ་ལ་སོགས་པ་རྣམ་དག་པད་མ་ཀློང་ཡངས་ཀློང་རྒྱས་རྣམ་པ་ཀུན་ལྡན་མངོན་ཤེས་ཀྱི་ཐེག་པའི་གཞུང་ལ་བཞག ཁྲོ་བོ་སོགས་གསས་མཁར་མཆོག་ལྔ་དང་མ་རྒྱུད་དེ་ཚོ་ཨ་དཀར་ཐེག་པའི་གཞུང་ལ་བཞག ཤིན་ཏུ་དོན་ལྡན་པའི་ནང་ལོག་ལ་རིག་འཛིན་བོན་སྐོར་ཏེ་མཁའ་འགྲོའི་སྐོར་དང་རིག་འཛིན་སྐོར་སོགས་རེད། དེ་ལྟར་འཇོག་སྟངས་མི་འདྲ་བ་གསུམ་འདྲ་ཞིག་ཡོད་རེད། གོང་གི་བཞེད་སྟངས་མི་འདྲ་བ་གསུམ་ཀ་རང་རང་སོ་སོའི་ངོས་ནས་བསམ་ན་རྒྱུ་མཚན་རེ་རེ་ཡོད་པ་གཏན་འཁེལ་རེད།  གཞུང་ཁོ་རང་ནང་ལ་བརྟགས་ཅིང་དཔྱད་དེ་རིག་པའི་ངོས་ནས་བསམ་བློ་ཞིབ་ཕྲ་ཞིག་བཏང་ན་སྨྲ་སེང་ཡོངས་འཛིན་རྣམ་གཉིས་ཀྱི་བཞེད་སྟངས་དེ་རྣམ་དཔྱོད་ཀྱི་རིག་པའི་རྩལ་ལས་ཐོན་པའི་དགོངས་ཚུལ་ཟབ་ཤོས་དེ་གྱུར་ཡོད། རྒྱུ་མཚན་གང་ཡིན་ཟེར་ན། ཞི་ཁྲོ་གཉིས་རྒྱུད་གཅིག་གི་བསྡུས་པ་ཡིན་པས་དེ་ཐེག་པའི་གཏོགས་ཕྱོགས་ཁ་ཁ་ཕྱེས་ན་རྒྱུ་མཚན་ཆེན་པོ་མེད། དེ་བཞིན་མཁས་པའི་དབང་པོ་ཀུན་མཁྱེན་ཉི་མ་བསྟན་འཛིན་གྱིས་གསུངས་པ་ལྟར། གསས་མཁར་མཆོག་ལྔ་ཐེག་པའི་དབྱེ་གཤག་བྱེད་རྒྱུ་མེད། གསས་མཁར་མཆོག་ལྔ་ཨ་དཀར་ཐེག་པའི་གཞུང་ཡིན་པ་རྒྱལ་གཤེན་མི་ལུས་བསམ་ལེགས་ཀྱིས་གསལ་བོ་གསུང་སྟེ་བསྟན་ཚུལ་ལ་ཟབ་ཞན་ཡོད་པ་ལས་ཐེག་པའི་གཏོགས་ཕྱོགས་གཅིག་དང་། མ་རྒྱུད་ཐུགས་ཀྱི་ཡང་གབ་ཉི་མའི་རྒྱུད་ཨ་དཀར་དངོས་ཡིན་ཀྱང་འབྲས་བུ་སྟོན་པའི་ཐབས་མ་ཟབ་པ་ཞེས་སྐྱོན་བརྗོད་ཅིག་བྱས་རེད། ཨ་དཀར་དངོས་ཡིན་ཞེས་པ་གཞན་དེ་ཚོ་ཨ་དཀར་གྱི་སྒོ་མཐོང་བ་ཙམ་སོགས་ཀྱི་སྐྱོན་རེ་རེ་འཕང་།  གསང་བ་དབྱིངས་རོལ་གྱི་རྒྱུད་ཏོག་ཙམ་ཡར་ཨ་དཀར་དངོས་ཀྱི་བསྟན་ཚུལ་ཡོད་ཀྱང་ད་དུང་འབྲས་བུ་སྟོན་པའི་ཐབས་མ་ཟབ་ཅེས་སྐྱོན་བརྗོད་བྱས། མ་རྒྱུད་ཐུགས་ཀྱི་ཡང་གབ་ཉི་མའི་རྒྱུད་ལས། བྱ་རྒྱུད་སྤྱོད་རྒྱུད་ཡེ་གཤེན་རྒྱུད་ཡེ་གཤེན་བླ་ན་མེད་པའི་རྒྱུད།  མ་རྒྱུད་ཐུགས་ཀྱི་ཡང་གབ་ཉི་མའི་རྒྱུད་དེ་ཡེ་གཤེན་བླ་ན་མེད་པའི་རྒྱུད་ཡིན་ཟེར། མཐོ་ཤོས་དེ་ཡིན་ཟེར། མ་རྒྱུད་ཀྱིས་ཁྱོད་བརྗོད་བྱ་བསྟན་ཚུལ་གྱི་དབང་དུ་བྱས་ན་མ་རྒྱུད་འདྲ་བར་སྣང་ཡང་འབྲས་བུ་སྟོན་པའི་ཐབས་ལ་སྐྱོན་ཡོད་ཟེར། 
   དཔེར་ན་རྒན་མོ་ཞིག་གིས། སྐྱེ་སྒོའི་ཕན་ཡོན་ལ་བསམ་བློ་བཏང་ན་བླ་མ་ཁྱེད་ལྟ་ཞོག་རྒན་མོ་ང་ཡང་སངས་རྒྱས་ལ་ཁད་པ། ཐར་མདོའི་ཉེས་མིག་ལ་བསམ་བློ་བཏང་ན་རྒན་མོ་ང་ལྟ་ཞོག་བླ་མ་ཁྱེད་ཀྱང་དམྱལ་བ་ལྟུང་ལ་ཁད་ཅེས་པ་ལྟར། དཔེ་དེ་ནང་བཞིན་འདྲེ་མོ་བཀར་བ་ཚུན་ཆད་ཁོ་རང་གི་ཟབ་ཅིག་མེད་རབས་ཁོ་རང་གི་ཡག་ཅིག་མེད་རབས་བཤད་ཀྱིན་ཡོད་རེད། རྒྱུད་སྡེ་བཞི་ཕྱེ་ལུགས་མི་འདྲ་བ་བཞི་རང་བཞིན་གྱིས་ཆགས་བསྡད་ཡོད་རེད། ཡོངས་འཛིན་རྣམ་གཉིས་ཀྱི་དགོངས་པ་ལྟར་ན།
   གཞུང་རང་རང་གི་བབ་བརྗོད་བྱ་བསྟན་ཚུལ་ལ་བརྟག་དགོས། རྣམ་འཇོམ་འདྲ་བོ་ཚིན་ཟིན་ལ་ཨ་དཀར་ཐེག་པར་གཏོགས་ཟེར་བ་ལྟ་བུ་དང། ཆབ་དཀར་ཡིན་ཟེར་བ། ཤ་ཁྲག་གི་མཆོད་པ་དང་ཚོགས་མཆོད་བསྡུས་བསྡུས་ཞིག་ཡོད་པ་རྒྱུ་མཚན་གྱིས་ཨ་དཀར་ཐེག་པའི་གཞུང་རེད་ཟེར་ན། རྣམ་འཇོམས་ཀྱིས་བརྗོད་བྱ་བསྟན་ཚུལ་གྱི་དབང་དུ་བྱས་ན་ཨ་དཀར་བའི་གཞུང་འཇོག་པར་དཀའ་ངལ་ཆེན་པོ་འཕྲད་ཡོང་གི་ཡོད་རེད། ཀུན་མཁྱེན་ཉི་མས་ཀུན་འབུམ་གོ་འབྱེད་དེ་མར་སྔགས་ཕྱི་བའི་བོན་ལ་བཞག་ནས་སྤྱོད་པའི་རྒྱུད་ཀྱི་གྲལ་ལ་བཞག་རེད། ཀུན་འབུམ་གོ་འབྱེད་ནང་ལ་ཚོགས་ཡོད་རེད། རྣམ་འཇོམ་འདྲ་བོ་རེད། དེ་ནས་རག་ཏ་དང་ཤ་ཁྲག་གི་མཆོད་པ་ཚོགས་དང་རྣམ་འཇོམ་ནང་ལ་གང་ཡོད་ཕལ་ཆེར་ཡོད་རེད། རྣམ་འཇོམ་དང་ཀུན་འབུམ་གོ་འབྱེད་གཉིས་ཧ་ཅང་འདྲ་བོ་རེད། ཀུན་མཁྱེན་ཉི་མའི་བཞེད་པ་ལྟར་ན་ཁྲོ་བོ་ཡེ་གཤེན་ལ་ཡར་འཇོག་མ་རྒྱུད་དེ་ཨ་དཀར་ལ་མར་བཞག ཡོངས་འཛིན་རྣམ་གཉིས་ཀྱི་དགོངས་པ་ལྟར་ཨ་དཀར་ཐེག་པའི་དགོངས་པ་གཞི་བཞག་ན་གསས་མཁར་མཆོག་ལྔ་ཆ་ཚང་ཨ་དཀར་ཐེག་པའི་ལྟ་སྤྱོད་སྒོམ་པ་བསྟན་བཞག་པ་གཅིག་མཚུངས་རེད། བརྗོད་བྱ་བསྟན་ཚུལ་གྱི་དབང་དུ་བྱས་ན་ཁྲོ་བོ་རྒྱུད་དྲུག་ལས་ཀྱང་མ་རྒྱུད་ཟབ་པས་དེ་ཐེག་པ་འོག་མར་འཇོག་ཁྲོ་བོ་ཡར་ཐེག་པ་གོང་མར་བཞག་དུས་རིག་པའི་ཐོག་ནས་ཏག་ཏག་ཅིག་མེད། མཁས་པའི་གསུང་ལ་རྒྱུ་མཚན་རེ་རེ་ཡོད་ཀྱི་རེད། སྤྲུལ་སྐུ་ཁྲོ་ཚང་འབྲུག་ལྷའི་གཏེར་ནས་བཏོན་པ་བྱམས་མ་དེ་ཡེ་གཤེན་པ་ཕར་ཞོག་ཨ་དཀར་ལ་སླེབ་ཐུབ་ཀྱི་མེད་པས་སྤྱོད་རྒྱུད་དང་ཆ་འདྲ་བ་ཞིག་རང་བཞིན་གྱིས་སླེབ་ཡོད། བྱམས་མའི་རྩ་བའི་བརྗོད་བྱ་བསྟན་ཚུལ་ལ་མ་བརྟག་པར་བྱམས་མ་ཁོ་རང་གིས་ཁོ་རང་ཡག་རབས་དང་བཟང་རབས་མ་རྒྱུད་དང་རྣམ་དག་ལས་ཀྱང་ཁོ་རང་ཟབ་པ་ཡིན་ཞེས་པའི་ཚིག་འགའ་ཤས་ཞིག་ལ་བསམ་ནས་བྱམས་མ་ཡར་ཐེག་པ་གོང་མར་བཞག་ན། བྱམས་མ་འབུམ་ལྔ་དང་མ་རྒྱུད་གཉིས་གང་ཟབ་འདུག་བལྟ་དུས་སྦད་དེ་ཁ་ཁ་དེ་འདུག་གཱ། བྱས་ཙངས། གཞུང་རང་རང་ནང་ལ་རང་ཉིད་ཐེག་པ་མཐོ་རབས་ཀྱི་ཚིག་འགའ་ཞིག་ལ་བརྟེན་ནས་རྒྱུད་སྡེའི་ཁྱད་པར་དབྱེ་དགོས་ན་རྩ་བའི་རྒྱུད་སྡེ་དབྱེ་ཚུལ་དེ་འཆུག་འགྲོ་འདུག་བསམ་གྱི་འདུག ཡོངས་འཛིན་རྣམ་གཉིས་ཀྱིས་རྒྱུད་སྡེ་དབྱེ་སྟངས་དེ་རིག་པ་ཟབ་ཅིང་ཆ་ཕྲ་བའི་སྒོ་ནས་དཔྱད་པ་བྱས་ནས་འཇོག་ཚུལ་ཡག་ཤོག་དེ་རེད་བསམ་གྱི་འདུག མཁས་རྣམས་མི་མཐུན་བདེན་དོན་ཀུན་ལ་ཡོད་ཅེས་པ་ལྟར་མཁས་པ་ཚང་མར་རྒྱུ་མཚན་རེ་རེ་ཡོད་ངེས་རེད། སྨོན་ལམ་མཐའ་ཡས་དང་ཀུན་དབྱིངས་བྱ་རྒྱུད་ཡིན། ཀུན་རིག་སྒྲོན་མ་སྤྱོད་རྒྱུད་ཡིན་པའི་རྒྱུ་མཚན་གང་རེད་ཟེར་ན། བྱང་ཆོག་ཡོད་པ་རྒྱུ་མཚན་བཀོད་རྒྱུ་ལས་གཞན་གང་ཡང་ལྷག་མེད། བྱེ་བྲག་སྨྲ་བས་ང་དབུ་མ་ཡིན་གསུང་པ་ནང་བཞིན་གཞུང་རང་རང་གི་རང་རང་ཟབ་རབས་ཞིག་བཤད་ཀྱིན་ཡོད་རེད། དཔེར་ན་ཀུན་རིག་སྒྲོན་མ་དང་ཀུན་དབྱིངས་གཉིས་ལ་རྩ་བའི་བརྗོད་བྱ་བསྟན་ཚུལ་ལ་ཁྱད་པར་མེད་ནའང་ཀུན་རིག་ལ་བྱང་ངུ་ཡོད་པས་འགའ་ཞིག་གིས་ཐེག་པ་གོང་མར་བཞག་གི་ཡོད་རེད། བྱང་ཆོག་ཡོད་པས་ཁྱད་པར་འཕགས་དགོས་ན་སྲིད་གཤེན་ལ་བྱང་ཆོག་ཡོད་པ་ནང་བཞིན་ཐེག་པ་མང་པོ་ལ་བྱང་ཆོག་ཡོད། རྣམ་འཇོམ་ལ་བསམ་བློ་བཏང་ན་ཤ་ཁྲག་གི་མཆོད་པ་ཡོད་པས་ཐེག་པ་གོང་མར་བཞག་པ་ཡིན་ན་འགྲིག་ཐབས་མེད།
   ཨ་དཀར་ཐེག་པའི་གཞུང་ཡིན་ན་དམ་རྫས་ཁྱད་པར་ཅན་ཡོ་བྱད་རྣམ་པ་ལྔ་ལ་སོགས་པ་ཏིང་འཛིན་རྣམ་པ་དྲུག་གི་སྒོ་ནས་གྲོལ་པའི་ལམ་དུ་སྒྲུབ་པ་དང།  ཡུམ་མཚན་དང་ལྡན་པ་ལ་བརྟེན་ནས། རྩ་དང་ཐིག་ལེ་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་གསལ་བར་བྱ་སྟེ་ཐབས་ཀྱི་ལམ་དུ་བསྒྲུབ་པའོ། །ཞེས་པའི་བསྐྱེད་རིམ་གཙོ་བོ་བསྟན་པ་དང་རྫོགས་རིམ་གཙོ་བོ་བསྟན་པ་ཞེས་ཀུན་མཁྱེན་ཉི་མའི་བཞེད་པ་ལྟར་རྣམ་འཇོམས་ནང་བསྐྱེད་རིམ་འདིས་བསྟན་པ་དང་རྫོགས་རིམ་འདིས་བསྟན་ཞེས་བཤད་ཐུབ་དགོས། གཞན་ཚོགས་འཁོར་གྱིས་བསྐྱེད་རྫོགས་བསྟན་རྒྱུ་དང་ཡང་ན་ཤུགས་བསྟན་འདྲ་ཞིག་ཡིན་ལབ་ན་མ་གཏོགས་གཞན་བསྟན་ཐུབ་ཀྱི་མེད། གལ་ཏེ་རྣམ་འཇོམས་ཀྱིས་བསྐྱེད་རྫོགས་བསྟན་གསུང་གི་ཡོད་ན། ཀུན་དབྱིངས་དང་ཀུན་འབུམ་གོ་འབྱེད་གཉིས་ཀྱང་ཨ་དཀར་ཐེག་པའི་གཞུང་བཞག་ན་མི་ཆོག་པའི་རྒྱུ་མཚན་མེད། དེས་ན་ཡོངས་འཛིན་རྣམ་གཉིས་ཀྱིས་རིག་ལམ་ཕྲ་མོའི་སྒོ་ནས་དཔྱད་པ་མཐར་ཕྱིན་པ་བྱས་ཏེ་ཆོ་ག་བཅུ་གཉིས་བྱ་རྒྱུད་ལ་བཞག་པ་འདི་ཤིན་ཏུ་འཐད་པ་ཡིན། གཞན་ཡང་ཞི་ཁྲོ་གཉིས་རྒྱུད་གཅིག་ཡིན་པས་ཐེག་པ་ཁ་ཁ་ཕྱེ་ན་རྩ་བའི་གཞུང་དོན་འཆུག་འགྲོ་གི་ཡོད་རེད། གཞན་ཡང་སྤྱི་སྤུངས་ཞེས་པ་འདི་ཐེག་པ་དགུ་ཀ་ཚང་ཡོད་ཅེས་གསུང་འདུག་པས་ཐེག་པ་དགུ་ཀ་ཡིན་ལབ་དགོས་ཆགས་ཀྱི་རེད། འགྲོ་མགོནབདུད་རྩིས་མཛད་པའི་ཀློང་རྒྱས་འགྲེལ་ནང་ཐེག་པ་དགུ་ཀ་ཚང་ཡོད་ཅེས་བཞེད་འདུག་པས་ཐེག་པ་དགུ་ཀ་ཡིན་ལབ་དགོས་འགྱུར་བ་དང་། གལ་ཏེ་ཀློང་རྒྱས་ཐེག་པ་དགུ་ཀ་ཡིན་གསུང་ན་སྔགས་གཞུང་ཡིན་ན་རྒྱུད་སྡེ་བཞི་ཀའི་གཞུང་ཡིན་པས་ཁྱབ་ཅེས་བརྗོད་དགོས་འགྱུར་གྱི་རེད།  བྱང་ངུ་དང་ཚོགས་འཁོར་གཉིས་ལས་ཚོགས་ཡིན་པ་ལས་གཞུང་གི་གཙོ་བོའི་བརྗོད་བྱ་མིན་པས། གཞུང་དོན་གཙོ་བོ་དེ་ལ་བལྟས་ནས་ཐེག་པ་གང་ཞིག་ལ་འཇོག་མིན་བལྟ་དགོས། ལས་ཚོགས་དེ་ཕར་ཕུད་པའི་གཞུང་དོན་གཙོ་བོ་བལྟས་པ་ཡིན་ན་ཆོ་ག་བཅུ་གཉིས་ཐེག་པ་ཁ་ཁ་ཕྱེ་རྒྱུ་ཡོད་པ་མ་རེད། རྩ་བའི་གཞུང་གི་བརྗོད་བྱ་ཀུན་དབྱིངས་དང་སྨོན་ལམ་མཐའ་ཡས་སོགས་གཅིག་པ་ཡིན་ཡང་བྱང་ངུ་ཡོད་པས་ཐེག་པ་གོང་མར་ཡར་འཇོག་ཐུབ་ན། ཀུན་རིག་སྒྲོན་མ་ཨ་དཀར་ཐེག་པའི་གཞུང་བཞག་ན་མི་འགྲིག་པའི་རྒྱུ་མཚན་མི་རྙེད། དེ་ལྟར་ན་བྱང་ངུས་ཨ་དཀར་ཐེག་པ་ལ་འཇོག་ཆོག་ན། རྣམ་འཇོམས་ཡེ་གཤེན་ལ་འཇོག་མི་ཐུབ་པའི་རྒྱུ་མཚན་མི་རྙེད་དེ་ཚོགས་འཁོར་ནི་གཉིས་ཀ་ལ་ཡོད་པས་སོ། །
གང་གི་བུ་སློབ་ཡོངས་ཀྱི་ཐ་ཤལ་བ་དགེ་བཤེས་བསྟན་པ་དར་རྒྱས་ཀྱིས།
སྤྱི་ལོ། ༢༦་༥་༢༠༢༠་ཉིན་གློག་ཀླད་དུ་བཅུགས།
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།