ཞུ་བཀྲ་ཤིས་བྱམས་མའི་ཉམས་མགུར།

[ཟླ་ཚེས། 2016-02-22 11:41:45][རྩོམ་པ་པོ། ཞུ་བཀྲ་ཤིས་བྱམས་མ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

DSCF0879.JPG

ཞུ་བཀྲ་ཤིས་བྱམས་མའི་ཉམས་མགུར་ཞེས་བྱ་བ་བཞུགས་སོ།།

     ཨེ་མ་ཧོ། སྐྱབས་བླ་མ་ཡི་དམ་མཁའ་འགྲོ་གསུམ།། མི་འབྲལ་སྤྱི་བོའི་གཙུག་ཏུ་བཞུགས།། འབྲལ་མེད་ཐུགས་རྗེས་རྒྱུན་དུ་བཟུང་།། ང་ཡི་དྲིན་ཅན་རྩ་བའི་བླ་མ་ནི།། ཞུ་སྟོན་རྒྱལ་མཚན་ཉི་མ་ཡིན།། མི་འབྲལ་རྟག་ཏུ་གསོལ་བ་འདེབས།། འབྲལ་མེད་ཐུགས་རྗེས་རྒྱུན་དུ་བཟུང་།། དས་རང་ངོ་རང་གིས་མ་ཤེས་དུས།། ཕ་བླ་མ་མེད་པའི་གོང་རོལ་དུ།། སངས་རྒྱས་བྱ་བའི་མིང་མ་གྲུབ།། དེ་ཕྱིར་བླ་མ་གཙོར་ཆེའོ།། ཚུར་གསོན་དང་འགྲོ་བ་སེམས་ཅན་རྣམས།། ང་རང་བཀྲ་ཤིས་བྱམས་མ་ཡིན།། ཕ་ཚན་གྱི་ཁེ་གྲགས་དེ་དང་གཅིག། མི་དམངས་ཀྱི་འཚོགས་དཔོན་དེ་དང་གཉིས།། གཉན་འདུས་ཀྱི་གཤོལ་འདེབས་དེ་དང་གསུམ།། འབང་གི་ག་དལ་དེ་དང་བཞི།། རྗེ་ཡི་ཆེ་ཆུས་དེ་དང་ལྔ།། རུས་ཀྱི་ཤགས་འདེབས་དེ་དང་དྲུག། དེ་རྣམས་མཉམ་པ་ཉིད་དུ་བཞག། དས་རོ་གཅིག་ངང་དུ་བསྡད་པ་ལ།། ཕོ་མ་ཚར་ཟེར་བའི་མིང་གཅིག་ཐོགས།། དས་སེར་སྣ་ཅན་གྱི་སྦྱིན་པ་དེ།། གཡོག་ཁུངས་ཚུད་པའི་གཡོག་པོ་འདྲ།། ང་རྒྱལ་ཅན་གྱི་སྙན་གྲགས་དེ།། གཅན་གཟན་གྲ་ལོ་རྒྱས་པ་འདྲ།། ཕ་ཞིང་ཡུལ་མཁར་གྱི་བདག་པོ་དེ།། བྱིས་པས་འཇའ་ཚོན་དེད་པ་འདྲ།། རྩ་བའི་བླ་མའི་ཐུགས་དཀྲུག་དང་།། དྲིན་ཅན་ཕ་མའི་སེམས་འགལ་གཉིས།། དེ་གཉིས་སྡིག་པ་དོ་མཉམ་ཡིན།། ངན་སྔགས་མཁན་གྱི་སྔགས་པ་དང་།། སྐྱེ་བརྒྱ་གཅོད་པའི་བཤན་པ་གཉིས།། དེ་གཉིས་སྡིག་པ་དོ་མཉམ་ཡིན།། དེ་མཚམས་ལེའུ་དང་པོའོ།།
     དས་འབྲུག་དང་གློག་དང་སྤྲིན་དང་གསུམ།། བྱུང་ཡང་ནམ་མཁའི་ངང་ལས་བྱུང་།། ཐིམ་ཡང་ནམ་མཁའི་ངང་ལ་ཐིམ།། གནས་པ་འགྱུ་བ་རིག་པ་གསུམ།། བྱུང་ཡང་ཀུན་གཞིའི་ཀློང་ནས་བྱུང་།། ཐིམ་ཡང་ཀུན་གཞིའི་ཀློང་ན་ཐིམ།། རང་རིག་རང་རྩལ་རང་གྲོལ་གསུམ།། བྱུང་ཡང་རིག་པ་རང་ལས་བྱུང་།། ཐིམ་ཡང་རིག་པ་རང་ལ་ཐིམ།། དས་སྔོན་བསུ་རྗེས་སྤྱོད་མེད་པ་དེ།། སྔ་བསམ་ཕྱི་བློ་བྲལ་བ་ཡིན།། རྐྱེན་གྱི་ཚོར་བ་རྣམ་དྲུག་དེ།། མིག་གིས་གཟུགས་རྣམས་མཐོང་བ་དེ།། ཀུན་གཞིའི་རྩལ་ལས་བྱུང་བ་ཡིན།། རྣ་བས་སྒྲ་རྣམས་གོ་བ་དེ།། ཀུན་གཞིའི་རྩལ་ལས་བྱུང་བ་ཡིན།། སྣ་ཡིས་དྲི་རྣམས་ཚོར་བ་དེ།། ཀུན་གཞིའི་རྩལ་ལས་བྱུང་བ་ཡིན། ལྕེ་ཡིས་རོ་རྣམས་མྱོང་བ་དེ། ཀུན་གཞིའི་རྩལ་ལས་བྱུང་བ་ཡིན།། ལུས་ཀྱི་རེག་བྱ་འཇམ་རྩུབ་དེ།། ཀུན་གཞིའི་རྩལ་ལས་བྱུང་བ་ཡིན།། ཡིད་ཀྱི་དྲན་རྟོག་གང་ཤར་དེ།། ཕྱི་སྣོད་ནང་བཅུད་འདུས་བྱས་དང་།། ཡུལ་དང་སྣང་ས་བོན་དང་གསུམ།། ཀུན་གཞིའི་རྩལ་ལས་བྱུང་བ་ཡིན།། རྩལ་ཞེས་བྱ་བ་གསལ་བ་ཡིན།། གསལ་བའི་ངོ་བོ་སྟོང་པ་ཡིན།། དེ་བཞིན་མཚན་མ་ཀུན་ཀྱང་སྟོང་།། གསལ་སྟོང་དབྱེར་མེད་དོན་རྟོགས་ན།། ཐམས་ཅད་ཀུན་གཞིའི་ཀློང་རྫོགས་ཤིང་།། གཉིས་འཛིན་མཐའ་དང་བྲལ་བས་ན།། བོན་སྐུ་སྤྲོས་དང་བྲལ་བའོ།། སངས་རྒྱས་ལག་ཏུ་འོང་བའོ།། དེ་མཚམས་ལེའུ་གཉིས་པའོ།།
     དས་འདྲེན་སྟོན་མཛད་པའི་བླ་མ་སོགས།། ཕྱི་འདུལ་བའི་སྡོམ་པ་སྲུང་མི་རྣམས།། སེམས་ངོ་བོ་མ་རྟོགས་ང་བོ་འཆང་།། རང་ཆེ་ས་དང་རུས་རིགས་ཀྱི་རུ་ཏྲ་འཛིན།། གཤིན་རྒྱུ་ཆས་མང་པོ་གྲམ་ལྟར་བཀྲམ།། གསུང་སྙན་མོའི་གླུ་དབྱངས་ཚངས་སེ་ཚང་།། གསོན་འདི་གཏད་ཀྱི་དོ་མ་གང་གྲགས་ཟ།། གཤིན་ཚེ་འདས་ཀྱི་རྣམ་ཤེས་བར་དོར་འཁྱམས།། སེམས་འཆར་མེད་ཀྱི་ཚུལ་ཁྲིམས་མ་སྲུང་ན།། མཚོ་སྔོན་མོ་ནང་གི་ངང་པ་དེ་དང་མཚུངས།། ནང་གསང་བ་སྔགས་ཀྱི་བླ་མ་རྣམས།། གཞི་སྙིང་རྗེ་ཆེན་པོ་མི་དྲན་ཞིང་།། སེམས་ཞེ་ངམ་གྱི་བསྒྲལ་སྲེག་འཕང་གསུམ་བྱེད།། ཡིད་མ་དག་པ་འཐུར་བུའི་སྲོག་ལ་འབགས།། སྤྱིར་མ་གྱུར་ཕ་མ་ཡིན་པ་ལ།། རང་བུ་རྒྱུད་བསད་དང་ཁྱད་ཅི་ཡོད།། ནང་གསང་སེམས་ཟུང་དུ་མ་འབྲེལ་ཞིང་།། གསང་སྔགས་པ་གསང་སེམས་མེད་པ་དེ།། མི་གསོད་ཀྱི་བཤན་པ་དེ་དང་མཚུངས།། གསང་གྲོལ་ལམ་གྱི་རང་འདྲའི་གྲུབ་ཐོབ་སོགས།། སེམས་ཡེ་ནས་དགག་སྒྲུབ་མེད་པ་ལ།། རྟག་པ་དང་ཆད་པའི་མཐར་མ་ལྷུང་།། མུ་བཞི་དང་མཐའ་བརྒྱད་མ་བྲལ་ན།། སེམས་གང་ཤར་གྱི་བྱ་སྤྱོད་ཅི་བྱས་ཀྱང་།། དོན་ཀུན་བཟང་དང་འབྲལ་མེད་ག་ལ་ཡོད།། མཐའ་མ་ཆོད་ན་དེ་དོན་ག་ལ་རྟོགས།། དོན་རོ་གཅིག་ངང་ལ་མ་ཞོག་ཅིང་།། གསང་གྲུབ་ཐོབ་ཡིན་ཟེར་རིག་པ་མ་ཟིན་ན།། གཞན་མགོ་སྐོར་གྱི་ལོག་བསླུ་མཁན་དང་འདྲ།། དེ་མཚམས་ལེའུ་གསུམ་པའོ།།
     དས་ཡང་དག་དོན་དེ་མ་རྟོགས་ན།། ཞེ་སྡང་ཅན་དེ་དགྲ་ལ་ཆགས།། འདོད་ཆགས་ཅན་དེ་རྒྱུ་ལ་ཆགས།། བརྩེ་དུང་ཅན་དེ་གྲོགས་ལ་ཆགས།། བག་ཆགས་ཀུན་གཞི་ཟད་པ་ན།། མཚན་མའི་ཕོ་རྟགས་ལང་མི་སྲིད།། ཡང་ད་རེས་ལན་གཅིག་འཆི་བའི་དུས་བྱུང་ཚེ།། དཔའ་བོས་རལ་ཁ་སྐྱེ་ས་མེད།། འཛངས་མའི་ནོར་གྱིས་བསླུ་ས་མེད།། མཛེས་མས་ཆུ་ཁྲུས་བྱེད་ས་མེད།། མཁས་པས་ལྕེ་བདེ་བཤད་ས་མེད།། དས་ཤི་བའི་དུས་ལ་བབ་པའི་ཚེ།། མགྲོན་ཕྱི་མའི་བར་མ་སྡུག་བསྔལ་ཆེ།། བར་མའི་ནང་མ་སྡུག་བསྔལ་ཆེ།། མཚོན་ཆེན་དང་ཡུལ་ཆེན་འཕྲད་པ་བཞིན།། ཐར་ཐབས་མེད་པ་ཡིད་རེ་མུག། མཐོ་ཤར་ཆེན་གང་མ་མན་ཆད་དང་།། དམའ་སྤྲང་མོ་གཡོག་བཟུང་ཡན་ཆད་དུ།། འཆི་བ་མེད་པའི་མི་གཅིག་མེད།། མེད་བསམ་ན་རང་སེམས་ཀུན་བཟང་བསྒོམ།། བསྒོམ་དེ་ལ་འཆི་བ་ཡེ་ནས་མེད།། དེ་མ་རྟོགས་ལུས་སེམས་བྲལ་དུས་སུ།། ལུས་འབྱུང་གཞིའི་དབྱར་ལེན་བྱེད་པའི་དུས།། རྒྱུ་རང་གྲོལ་གྱི་སྤྱི་རྒྱ་མ་ཆོད་ན།། སེམས་འཁྲུལ་སྣང་གི་ངོ་བོ་དེ་བཟུང་ཚེ།། ལས་སྡུག་བསྔལ་ཚད་ལ་བཟུང་དུ་མེད།། དུས་དེ་དུས་རིགས་ལྔའི་ལྷ་ཚོགས་མཁྱེན།། དས་ཤི་ནས་ཞེ་དགུ་མ་རྫོགས་བར།། རྒྱུ་རིགས་དྲུག་ལ་ཉིན་རེ་ལན་དགུ་འགྲིམ།། སེམས་མ་བུ་རྩལ་གསུམ་མ་རྟོགས་ན།། ལས་སྡུག་བསྔལ་ཚད་ལ་བཟུང་དུ་མེད།། དུས་དེ་དུས་འདུལ་བ་གཤེན་དྲུག་མཁྱེན།། དས་དགུན་ཞག་ཞེ་དགུ་རྫོགས་པའི་དུས།། སྔོན་ལས་ཀྱི་རླུང་གིས་རྒྱབ་ནས་འདེད།། ཡིད་མ་རིག་མུན་པས་མདུན་ནས་བསུ།། སྟོང་སྲིད་པའི་མངའ་བདག་ཆེན་པོ་ཞེས།། ལས་དགེ་སྡིག་ཤན་འབྱེད་རྒྱལ་པོ་ཞེས།། ལས་མ་དག་གཤིན་རྗེ་ཆོས་རྒྱལ་མཐོང་།། ལས་དག་པས་གཙོ་མཆོག་མཁའ་འགྱིང་མཐོང་།། དེ་གནས་འགྱུར་ཀུན་སྣང་ཁྱབ་པ་འགྱུར།། དེ་དག་དང་མ་དག་དབྱེ་བ་ཡིན།། འཁོར་ཁྲག་འཐུང་ཁྲོ་བོ་འབུམ་གྱིས་བསྐོར།། ལྷ་དེ་མདུན་དབང་མེད་པུས་བཙུགས་དགོས།། ལས་དག་པ་ཞིག་པོ་ང་འདྲ་སོ།། ལྷ་གཙོ་མཆོག་དང་འབྲལ་བ་ཡེ་ནས་མེད།། དེ་མེད་ནས་ཆོས་རྒྱལ་ངང་མཉམ་ཡིན།། ལས་མ་དག་པ་ཡི་སེམས་ཅན་རྣམས། ལུས་ཤིང་ལོ་དཀྲུག་དཀྲུག་བྱེད་དགོས་འདུག། དུས་དེ་དུས་རག་ཤ་སྤྱི་འདུལ་མཁྱེན།། ལྷ་བདག་ཕྱོགས་མིན་ཏེ་རྣམ་སྤྲུལ་ཡིན།། འཁོར་ལས་མཁན་ཨ་བ་གླང་མགོ་དེ།། བདག་གྲོལ་བས་གསལ་བ་རང་བྱུང་ཡིན།། འགྲོ་མ་གྲོལ་ཨ་བ་གླང་མགོ་ཡིན།། འཁོར་ལས་མཁན་རག་ཤ་ཕག་མགོ་ཡིན།། བདག་གྲོལ་བ་དགེ་ལྷ་གར་ཕྱུག་ཡིན།། འགྲོ་མ་གྲོལ་རག་ཤ་ཕག་མགོ་ཡིན།། འཁོར་ལས་མཁན་དར་མ་སྤྲེལ་མགོ་དེ།། བདག་གྲོལ་བས་བྱེ་བྲག་དངོས་མེད་ཡིན།། འགྲོ་མ་གྲོལ་དར་མ་སྤྲེལ་མགོ་ཡིན།། འཁོར་ལས་མཁན་སེང་གེ་རབ་བརྟན་དེ།། བདག་གྲོལ་བས་དགའ་བ་དོན་འགྲུབ་ཡིན།། འགྲོ་མ་གྲོལ་སེང་གེ་རབ་བརྟན་ཡིན།། སེམས་སྐྱེ་ཤི་མེད་པ་མ་ཤེས་ན།། ལུས་སྲོག་སྙིང་དུམ་བུ་སྟོང་དུ་གཏུབ།། དུས་དེ་དུས་རང་སེམས་ཀུན་བཟང་མཁྱེན།། ལས་དགེ་སྡིག་གི་དབྱེ་ཤན་བྱེད་པའི་དུས།། མེ་ལོང་ཡིག་ཆུང་རྒྱ་མ་དང་།། ལས་ཀྱི་བུ་ཆུང་དཀར་ནག་གིས།། རྩིས་ཀྱི་རྡེའུ་བགྲང་པའི་དུས།། ཆོས་དཀར་པོའི་རྒྱལ་ཁ་མཐོ་བ་ནས།། ལམ་དཀར་པོའི་ལམ་ལ་ཞུགས་ནས་སུ།། ཐར་པའི་བདེ་གནས་ཐོབ་པའོ།། འགྲོ་དེ་འདྲ་མཐོང་ཚེ་དགའ་བ་ལ།། སྡིག་ནག་པོའི་ངོ་སོ་མཐོ་བ་རྣམས།། དམྱལ་ཁམས་བཅོ་བརྒྱད་ཀྱི་གནས་སུ་འཁྲིད།། ངན་སོང་གསུམ་གྱི་གནས་སུ་སྦྱང་།། འགྲོ་དེ་དག་མཐོང་ཚེ་སྐྱེ་ཤ་ཟིན།། ལས་མ་དག་གི་འགྲོ་རྣམས་སྙིང་རེ་རྗེ།། ཕ་དྲིན་ཆེན་རྩ་བའི་བླ་མ་མཁྱེན།། འགྲོ་དེ་རྣམས་བདག་གི་གདུལ་བྱར་ཤོག། དེ་མཚམས་ལེའུ་བཞི་བའོ།། 
     ཨེ་མ་སྐྱེ་བ་གྲངས་མེད་གོང་།། འགྲོ་འོང་མེད་པའི་ཞིང་ཁམས་སུ།། སྐྱེ་ཤི་མེད་པའི་གནས་མཆོག་ཏུ།། མ་འགའ་པ་ཡི་ལམ་དུ་གཤེགས།། གཤེགས་ཤུལ་མེ་ཏོག་འབུམ་ཆར་བབ།། གླིང་མཆོག་འོལ་མོ་ལུང་རིང་གི། ལྷོ་ཤར་བདུད་འདུལ་སྔགས་གླིང་དུ།། མིང་གཡུང་དྲུང་བདུད་འདུལ་ཞེས་པ་ཡིན།། སྤྲང་རང་ནི་དེ་ནས་ད་ལྟའི་བར།། མ་འགྲོ་བ་དྲུག་གི་དོན་ལ་བྱོན།། ཡང་གཅིག་ན་སྟག་གཟིག་འོལ་གླིང་དུ།། མིང་ཨ་ཐང་ཟེར་བའི་གྲུབ་སྨྱོན་ཡིན།། སྤྱིར་བླ་མ་དམ་པའི་བཀའ་གནང་བཞིན།། བོན་རིག་འཛིན་བརྒྱད་ཅུའི་ནང་ཚན་དུ།། དཔལ་ཁྱུང་པོ་གྱེར་ཆེན་ཟླ་མེད་ཡིན།། རྟགས་རྫུ་འཕྲུལ་མཁའ་ལ་བྱ་བཞིན་འཕུར།། ས་རི་བྲག་གང་ལ་ཐོགས་ཆགས་མེད།། ཡང་དུང་ཕྱུར་མང་པོ་བདེ་གནས་འཕང་།། ཡང་གཅིག་ན་ཞུ་སྒོམ་འཁྲུལ་ཞིག་ཡིན།། གནས་སྐྱེ་མཁར་བྲག་ཕུག་ཡང་དབེན་དུ།། ཟས་མཁར་སྒོང་དཀར་པོའི་བཅུད་ལེན་བྱས།། ཞལ་ཨ་དཀར་གསལ་བ་དགུ་འཛབ་བསྒྲངས།། ལྷ་གཤེན་ལྷའི་རང་ཞལ་ལན་གསུམ་མཇལ།། རྟགས་རྫུ་འཕྲུལ་དབང་ཆེན་ཁྲོ་རྒྱལ་གཙོ།། ལྷ་གཙོ་མཆོག་རང་སེམས་གཉིས་མེད་གྱུར།། ཡང་དུང་ཕྱུར་མང་པོའི་འགྲོ་དོན་བྱས།། ཡང་གཅིག་ན་གུ་རུ་རྣོན་རྩེ་ཡིན།། ལས་དག་པས་དབལ་མོས་མ་བཞིན་མགོན།། རྟགས་རྫུ་འཕྲུལ་སྟོང་རི་གཏེར་ནས་སྟོན།། ལས་དེ་དུས་མཐུན་གཏེར་མང་དུ་རྙེད།། ཡང་དུང་ཕྱུར་མང་པོའི་འགྲོ་དོན་བྱས།། དུས་དེ་ནས་བཟུང་ནས་ད་ལྟའི་བར།། རབ་རིབ་ཀྱི་འཁྲུལ་པ་མང་པོ་དྲན།། དེ་དྲན་རྡུང་མགོ་དཀར་ངས་མི་སྨྲ།། དུས་ད་ལྟ་ཧོར་ཡུལ་ས་ཆའི་ཞིང་།། ཡུལ་བྱིན་ཆེན་སོག་གི་གྲུ་ཁུག་ཏུ།། ལོ་ཤིང་ཕོ་ཁྱི་ཡི་ལོ་བདག་འཐོབ།། ང་ཆུང་ནས་དེང་སང་བར་དུ་ཡང་།། སེམས་དད་ལྡན་ཀྱི་སློབ་མ་གྲངས་མང་བྱུང་།། ལྷ་ཞི་ཁྲོའི་ཕྱི་ནང་ལྷ་ཚོགས་ཀུན།། མི་ང་གཉིས་སྐད་ཅིག་འབྲལ་མ་མྱོང་།། བོན་སྐྱོང་བའི་དམ་ཅན་སྲུང་མ་རྣམས།། ངས་བྲན་གཡོག་དང་འཁོར་འབང་འདྲ་སྣང་ཡོད།། དེ་ཡོད་པའི་ང་བོ་མ་ཡིན་ཏེ།། སེམས་རང་སྣང་དབང་དུ་འདུས་ཚུལ་ཡིན།། དས་ཕོ་ལོ་བདུན་ཅུ་དོན་བརྒྱད་བར།། སེམས་རོ་མྱོང་གི་འཁྲུལ་སྣང་ཆོད་ཕྱིར་རོ།། དས་མ་འགྱོད་ང་ཡི་བུ་སློབ་ཚོ།། སེམས་ཡེངས་མེད་ངང་ལ་གནས་པར་གྱིས།། དུས་རྒྱུན་དུ་གནའ་སྡིག་དམོད་གསུམ་དང་།། ངག་རྫུན་དང་འཕྲ་མ་དབྱེན་བཅུག་སོགས།། སེམས་གཡོ་རྒྱུ་གཞན་མགོ་བསྐོར་བ་སྤངས།། རབ་བྱུང་ནས་ནམ་ཞིག་མ་ཤི་བར།། འཁོར་ཁྱིམ་ཐབས་དོར་ལ་རི་ཁྲོད་ཟུངས།། ཚུལ་ནང་ཁྲིམས་རང་གི་ཁྲེལ་མེད་དགོས།། དེ་བྱས་ན་ང་གཉིས་འདུ་འབྲལ་མེད།། འབྲིང་རྒྱལ་བའི་བཀའ་ལུང་གོ་རྟོགས་སྒྲུབ།། ལུས་མ་འཇིག་བར་དུ་བྱམས་སེམས་བསྐྱེད།། ཕ་བླ་མ་མིག་སྙིང་སྲོག་བཞིན་བསྒོམ།། དེ་བྱས་ན་ང་གཉིས་འདུ་འབྲལ་མེད།། དས་དབང་པོ་ཐ་མའི་བུ་སློབ་ཚོ།། ནམ་ཡར་ལངས་སྐྱབས་གནས་གསོལ་འདེབས་བརྗོད།། ནུབ་ཕྱི་ཉལ་ཕྱག་དང་བརྩོན་འགྲུས་བསྐྱེད།། དུས་རྒྱུན་དུ་སྙིང་པོ་རྣམ་གསུམ་ཐོན།། གནའ་དམོད་མོ་དུག་བཞིན་འཛེམ་པར་གྱིས།། དེ་བྱས་ན་ང་ཡི་ཐུགས་རྗེས་སྐྱབས།། བདག་རང་ནི་བེམ་རིག་བྲལ་མ་ཐག། གནས་འོག་མིན་གསེར་སྟེང་གནས་མཆོག་ཏུ།། དཔལ་ཀུན་ཏུ་བཟང་དང་དབྱེར་མེད་ཡིན།། དུས་དེ་དུས་རང་རེའི་བུ་སློབ་སོ།། སེམས་ཡེངས་མེད་ངང་ནས་གསོལ་བ་ཐོབས།། ཡིད་ཐེ་ཚོམ་མེད་པར་ང་ཉིད་བསྒོམ།། དེ་བསྒོམ་ན་དེ་ཐོག་འཆི་ནུས་ན།། ཚེ་ཕྱི་མའི་འཇིགས་པ་ང་ཡིས་སྐྱབས།། སེམས་ཐེ་ཚོམ་མ་བྱེད་བུ་སློབ་ཚོ།། དེ་མཚམས་ལེའུ་ལྔ་བའོ།། སྐུ་ལྔའི་བརྡ་མཚོན་ལེའུ་ལྔ།། དུག་ལྔ་ཡེ་ལྔར་བྲལ[གྲོལ]བར་ཤོག། 

2015ལོའི་«ཤེས་རིག་བདུད་རྩིའི་རྒྱ་མཚོ»སྤྱིའི་དེབ་གྲངས་དྲུག་པ་ལས་བཤུས།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།