བསང་ཆུ་རྫོང་ཁོངས་ཀྱི་བོན་པོའི་དགོན་པ།

[ཟླ་ཚེས། 2016-04-09 15:39:36][རྩོམ་པ་པོ།  སྟོང་སྐོར་ཚེ་རིང་ཐར།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

011.jpg

 སྟོང་སྐོར་ཚེ་རིང་ཐར་གྱིས་བརྩམས། གངས་ཐིག་གིས་བསྒྱུར་སྒྲིག་བྱས།

   སྔར་ལ་ཞྭ་ཧོ་ཞེས་པ་དེར་དེང་སང་བསང་ཆུ་རུ་འབོད་ཅིང་། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཁོངས་གཏོགས་ཀྱི་རྫོང་ཞིག་ཡིན་ལ་རྩེ་དབུས་དགོན་པ་༼རྩེ་ཞིག་གཡུང་དྲུང་བོན་བསྟན་འཕེལ་རྒྱས་གླིང་།༽ནི་རྫོང་འདིའི་མངའ་ཁོངས་ཀྱི་བོན་གྱི་དགོན་པ་གཅིག་པུ་དེ་ཆགས་ཡོད་པ་དང་། ཨ་མདོའི་བོན་གྱི་ལོ་རྒྱུས་སུ་མིང་གྲགས་ཆེ་བའི་ཞིག་ཆེན་བཅོ་བརྒྱད་གྱི་ནང་གསེས་རྩེ་ཞིག་ཞུ་བ་ཞིག་གིས་ཕྱག་འདེབས་མཛད་པས་ད་སྔ་ཡང་རྩེ་ཞིག་དགོན་ཞེས་འབོད་པ་ཡིན། རྩེ་ཞིག་དགོན་ནི་བསང་ཆུ་རྫོང་ནས་བྱང་དུ་སྤྱི་ལེ་སུམ་ཅུའི་མཚམས་ཀྱི་རྟ་ཁྲ་གཞོང་དུ་ཆགས་ཡོད། འོན་ཀྱང་བསང་ཆུ་ས་ཁུལ་གྱི་དགོན་པ་གཅིག་པུ་དེ་ཆགས་ཡོད་མོད། སྔ་རབས་ཨ་མདོའི་བོན་གྱི་ལོ་རྒྱུས་ཁྲོད་དུ་རྩེ་ཞིག་དགོན་པས་ལོ་རྒྱུས་ཀྱི་སྣང་བརྙན་གལ་ཆེན་འཁྲབ་ཡོད་པ་དང་། དགོན་པ་འདིའི་ཤུགས་རྐྱེན་ཐེབས་ཁོངས་ནི་བསང་ཆུ་རྫོང་ཁོངས་གཅིག་པུ་མིན་པར།དེ་ལས་ཀྱང་གལ་ཆེ་བ་ནི་ མཚོ་སྔོན་ཕྱོགས་ཀྱི་བོན་གྱི་དགོན་པ་དང་བོན་གྱི་དད་ལྡན་པ་དག་ཡིན་ནོ། །
   རྩེ་དབུས་དགོན་པ་ནི་བོན་གྱི་བླ་ཆེན་ཞུ་སྒོམ་འཕྲུལ་ཞིག་གི་སློབ་མ་གཡུང་དྲུང་རྒྱལ་མཚན་གྱིས་ཕྱག་བཏབ་པ་དང་། ཁོང་གི་མཚན་གཞན་ལ་སྟོང་ཉིད་བྱ་འཕུར་ཞེས་ཞུ་ཞིང་། ཁོང་གི་བོན་གྱི་ཁྲིད་རྒྱུན་དེ་ཞུ་གཡས་ལེགས་པོའི་བར་དུ་བགྲངས་ཆོག་པ་དང་། རྗེས་རབས་ནི་བོན་གྱི་བསྟན་པ་ཕྱི་དར་སྐབས་ཀྱི་གཏེར་སྟོན་པ་གཤེན་ཆེན་ཀླུ་དགའི་སློབ་མའི་བར་དུ་རྩིས་ཆོག་པ་རེད། རྒྱུ་མཚན་ནི་སྲས་ལྷ་རེ་སྐྱིད་པོ་ནི་ཞུ་གཡས་ལེགས་པོ་ཡི་སློབ་མ་དང་ཞུ་སྐྱར་སེ་ཆེན་པོའི་དགེ་རྒན་ཡིན། ཁོང་གི་རྗེས་རབས་ཀྱི་བུ་ཞུ་སྒོམ་འཕྲུལ་ཞིག་དང་རྩེ་ཞིག་དགོན་གསར་འདེབས་མཛད་མཁན་སྟོང་ཉིད་བྱ་འཕུར་ནི་དུས་མཉམ་ཡིན་པ་དང་། ཞུ་སྐྱེས་སེ་ཆེན་པོའི་དུས་མཉམ་གྱི་དགོངས་མཛོད་རི་ཁྲོད་ཆེན་པོའི་འཁྲུངས་ལོ་1038ལོའི་བར་དུ་དེད་ཆོག་པས། རྩེ་ཞིག་དགོན་པ་གསར་འདེབས་ཀྱི་དུས་ཚོད་ནི་ཆེས་ཉུང་ན་ཡང་དུས་རབས11བར་དུ་དེད་ཆོག་པ་དང་ད་ལྟའི་བར་དུ་ལོ་ངོ་900ལྷག་གི་ལོ་རྒྱུས་ལྡན་ནོ། །
   སྟོང་ཉིད་བྱ་འཕུར་ནས་རྩེ་ཞིག་དགོན་པ་ནི་མཁན་པོ་རིམ་བྱོན་གྱིས་བསྐྱངས་ནས་རབ་བྱུང་བཅུ་བའི་(1567---1626)སྐབས་སུ་རྩེ་དབུས་དགོན་པའི་མཁན་པོ་ཁྲི་ཟུར་གྱི་སྲོལ་རྒྱུན་ལ་སྤྲུལ་སྐུའི་ལམ་ལུགས་ཀྱི་ཤུགས་རྐྱེན་ཐེབས་པས་མ་ལག་གཉིས་སུ་དབྱེ་བ་བྱུང་སྟེ། སྟོང་ཉིད་བྱ་འཕུར་ཚང་གི་སྤྲུལ་སྐུར་ངོས་བཟུང་བའི་དགར་བ་གཡུང་དྲུང་རྒྱལ་མཚན་དང་རྩེ་ཞིག་ཨ་ལགས་ཤེས་རབ་གཉིས་ཀྱིས་ལྷ་ཆ་མཆོད་ཆ་དག་བགོས་ཏེ་རྩེ་ཞིག་དགོན་དུ་བླ་བྲང་གཉིས་རུ་གྱེས་ཤིང་། དེ་ནས་རྗེས་ཀྱི་རྩེ་ཞིག་བླ་བྲང་བཅས་ནང་ཆེན་ཁག་གསུམ་བྱུང་བ་རེད། དགར་བ་གཡུང་དྲུང་རྒྱལ་མཚན་ཚང་གཙང་སྨན་རིར་འཆད་ཉན་ལ་ཕེབས་ཤོང་ཕྱིར་དགོན་པར་ཕེབས་རྗེས་སྐུ་ཚེ་གང་བོར་བོན་གྱི་གདུལ་བྱ་བསྐྱངས་ཏེ་ཨ་མདོའི་བོན་གྱི་ལོ་རྒྱུས་ཁྲོད་དུ་སྤྲུལ་སྐུ་མཛད་པ་བླ་མེད་བསྐྱངས་པ་རེད། འོན་ཀྱང་སྟབས་མ་ལེགས་པ་ཞིག་ལ་ཁོང་གི་སྤྲུལ་སྐུ་ནི་གཞོན་པའི་དུས་སུ་སྐུ་མ་འཚམས་པ་རེད།
   སྐུ་ཕྲེང་གསུམ་པའི་སྤྲུལ་སྐུ་ནི་བ་ཡན་ས་ཆ་དེ་དེང་གི་དཔའ་ལུང་རྫོང་གི་སྟོང་ཆུང་ནས་སྐུ་རྙེད་པ་རེད། འོན་ཀྱང་སྐུ་ཁོང་ཉིད་རྩེ་དབུས་དགོན་པར་དངོས་སུ་ཕེབས་ནས་དགོན་བདག་མཛད་པར་བ་ཡན་ས་ཆ་ནས་བོན་ཆོས་དར་སྤེལ་གཏང་བར་འབད་པས་ས་དེའི་མང་ཚོགས་ཀྱིས་ཁོང་ལ་སྟོང་ཆུང་ཞབས་དྲུང་ཞེས་འབོད།
   སྐུ་ཕྲེང་བཞི་བ་ནི་སྟོང་ཆུང་ཞབས་དྲུང་བསོད་ནམས་གཡུང་དྲུང་ནི་(1894----1949)དུས་སྐབས་སུ་ཆོས་ལུགས་ལས་གཞན་པའི་ཆས་སྲིད་གྱི་ཁྲོད་དུའང་མཛད་རྗེས་བླ་མེད་བཞག་ཡོད་ལ། སྐབས་དེའི་ཁྱད་དབང་གྱི་འབྲེལ་བ་ནི་ཧ་ཅང་གི་གསང་དམ་ཡིན་ནོ། །
   སྐུ་ཕྲེང་བཞི་བའི་མཚན་ལ་སྐལ་བཟང་བསྟན་འཛིན་རྒྱ་མཚོ་ཞུ་ཞིང་སྐྱ་མིང་ལ་ཨ་མགོན་བླ་མ་རུ་འབོད། རྒྱུ་མཚན་ཁོང་རང་ཨ་མགོན་ཁྱིམ་རྒྱུད་དུ་སྐུ་འཁྲུངས་པས་ཡིན་ལ། ཨ་ལགས་པད་མ་ཞེས་ཞུ་བའང་ཡོད། ཨ་ལགས་ཞེས་པ་ནི་བླ་མའི་དོན་ཡིན་ལ་1950ལོ་ནས་ད་སྔ་བར་དུ་བ་ཡན་ས་ཆ་རུ་འཚོ་བཞུགས་གནངས་པའོ། །
   དགར་བ་གཡུང་དྲུང་རྒྱལ་མཚན་དུས་མཉམ་གྱི་བླ་མ་རྩེ་ཞིག་ཨ་ལགས་ཤེས་རབ་གྱིས་རང་སྒེར་གྱི་ནང་ཆེན་བཞེངས་ཏེ་ཨ་མདོ་ས་ཁུལ་གྱི་བོན་པོའི་དགོན་པ་ཕལ་མོ་ཆེ་ལ་མཇལ་ཏེ་ཁྱུང་མོང་དགོན་པ་དང་མཉམ་དུ་འབྲེལ་བ་ཟབ་མོ་བཟུང་ནས་བརྩེགས་རིམ་གསུམ་ཅན་གྱི་ལྷ་ཁང་ཞིག་ཀྱང་བཞེངས་པ་དང་ཁོང་གི་ཚ་བོ་ཤེས་རབ་རྣམ་རྒྱལ་སྐུ་ན་ཕྲ་བའི་དུས་ནས་སྨན་རི་དགོན་པའི་སློབ་དཔོན་རིན་ཆེན་ལྷུན་འགྲུབ་དང་ནམ་མཁའ་ལྷུན་འགྲུབ་གཉིས་ཀྱི་དྲུང་དུ་སློབ་གཉེར་མ་བཏང་ཤིང་། ཁོང་གིས་སྨན་རི་དགོན་པའི་རབས་འབྱམས་པའི་མཚན་གནས་ལེན་མཁན་ཉུང་ཤས་ལས་མེད་པའི་གྲས་ཀྱི་གཅིག་ཡིན་པས་དྲུང་རམས་པ་ཤེས་རབ་རྣམ་རྒྱལ་ཞེས་གྲགས། རྩེ་ཞིག་དགོན་པས་ཡང་དང་བསྐྱར་དུ་ཁོང་ཉིད་ཕྱིར་རང་དགོན་དུ་ཕེབས་ནས་ཁོང་གི་ཨ་ཁུ་ལགས་ཀྱི་ཆོས་ཤུལ་འཛིན་པར་ནན་སྐུལ་བྱས་མོད། ཁོང་ཉིད་ཕྱིར་རང་དགོན་དུ་མ་ཕེབས་པར་ཕལ་ཆེར་སྐུ་ཚེ་གང་བོར་དབུས་གཙང་ནས་བོན་ཆོས་ལ་སྦྱོང་བ་བླ་མེད་གནངས་སྟེ་མཚན་སྙན་ཀུན་ལ་ཁྱབ། ཨ་ལགས་ཤེས་རབ་ཀྱིས་ཁོང་གི་སློབ་མ་ཨ་ཁུ་རྒྱལ་བ་མངགས་ཏེ་དྲུང་རམས་པ་ཤེས་རབ་རྣམ་རྒྱལ་ལགས་ཕྱིར་རང་དགོན་དུ་ཕེབས་ཡེ་ཆོས་ཤུལ་འཛིན་པར་རེ་བ་ཡང་ཡང་ཞུས་མཐར་ཁོང་ཉིད་ཕྱིར་རང་དགོན་དུ་ཕེབས་པར་འཐད་པ་བྱུང་བ་རེད།
   ངག་རྒྱུན་ཁྲོད་དུ་ཁོང་ཉིད་དབུས་གཙང་ནས་ཕྱིར་རྩེ་ཞིག་དགོན་དུ་ཕེབས་ཁར། པཎ་ཆེན་སྐུ་ཕྲེང་དྲུག་པ་དཔལ་ལྡན་ཡེ་ཤེས་ཀྱིས་ཁོང་ལ་བཀའ་ཤོག་དང་གསེར་གྱི་ཐམ་ཀ་བཅས་གནངས་ཡོད་ལ། བཀའ་ཤོག་གི་ནང་དུ་ཁོང་ཉིད་མདོ་སྨད་བོན་གྱི་བསྟན་པའི་བདག་པོ་ཞེས་པས་མཚན་གནས་དང་བཅས་པ་སྤྲད་འདུག་པ་དང་རིག་དངོས་དེ་དག་དུས་རབས་20བའི་དུས་སྟོད་བར་དུ་ཉར་ཚགས་བྱས་ཡོད་པ་རེད།
   རྩེ་ཞིག་ཚང་ཤེས་རབ་བསྟན་པ་ཟླ་བ་ལགས་ཀྱིས་གསུངས་པ་ལ་གཞི་བྱས་ན། ཁོང་ཉིད་རབ་བྱུང་བཅུ་གཉིས་པའི(1687----1746)སྐབས་སུ་རྩེ་ཞིག་དགོན་གྱི་སྐབས་བཅུ་དྲུག་པའི་མཁན་པོ་ཡིན་པ་དང་། ཁོང་གི་སྤྲུལ་སྐུ་ནི་ལོ་ན་ཕྲ་བའི་དུས་སུ་སྐུ་མ་བཞུགས་པ་དང་སྐུ་ཕྲེང་གསུམ་པ་ནམ་མཁའ་གཡུང་དྲུང་ནི་བོན་ལ་ཁྱད་པར་མཁས་པའི་བླ་མ་ཞིག་ཡིན་པ་དང་དགུང་གྲངས་80སྐབས་སུ་སྐུ་བོན་དབྱིངས་སུ་འཐིམས་པ་དང་། སྐུ་ཕྲེང་བཞི་བའང་ལོ་ན་གཞོན་པའི་དུས་སུ་སྐུ་མ་བཞུགས་པ་རེད། སྐུ་ཕྲེང་ལྔ་བ་་ནི་རྩེ་ཞིག་ཐེག་མཆོག་ཡེ་ཤེས་ཡིན་ལ། གཡུང་དྲུང་བསྟན་རྒྱས་དང་ཆོས་རྗེ་རྒྱལ་བ་ཚུལ་ཁྲིམས། སྦྲ་སེར་ནམ་མཁའ་དབང་ཕྱུག་དང་ཚུལ་ཁྲིམས་ཡེ་ཤེས་སོགས་བླ་མ་དམ་པ་མང་པོར་བསྟེན་པ་དང་གཙོ་བོ་སྨྲ་སེང་དཀར་པའི་སྒྲུབ་པ་མཛད། ཁོང་གི་རྩེ་ཞིག་དགོན་པ་མ་གཏོགས་རེབ་གོང་དང་དཔའ་ལུང་། ཁྲི་ཀ་སོགས་ཀྱི་བོན་པོའི་དགོན་པ་དག་ལ་ལྷ་ཁང་དང་འདུ་ཁང་བཞེངས་པ་དང་ཁྱུང་མོང་དགོན་པའི་ཚོགས་ཆེན་འདུ་ཁང་དང་ལྷ་ཁང་སོགས་བཞེངས་པ་རེད།
   རྩེ་ཞིག་ཐེག་མཆོག་ཡེ་ཤེས་ཀྱི་སྤྲུལ་སྐུ་ཁྲི་བ་སྐལ་བཟང་རྒྱལ་མཚན་གྱིས་ཀྱང་སྐུ་ཚེ་གོང་མ་ནང་བཞིན་མཚོ་སྔོན་ཕྱོགས་ཀྱི་བོན་པོའི་དགོན་པ་དག་ལ་བདག་སྐྱོང་གནངས་ཤིང་1957ལོར་དགོངས་པ་རྫོགས།
   གཞན་རྩེ་ཞིག་དྲུང་རམས་པ་ཤེས་རབ་རྣམ་རྒྱལ་གྱི་ཚ་བོ་ནི་ཆུང་བའི་དུས་ནས་རིག་པ་ཤིན་ཏུ་རྣོ་བས་བླ་བྲང་དགོན་པར་མངགས་ཏེ་ལོ་ངོ་དུ་མར་སློབ་སྦྱོང་བྱས་མཐར་ཚེ་ཡི་འཕེན་པ་རྫོགས་ལ་ཁོང་གི་སྤྲུལ་སྐུ་རྩེ་ཞིག་འགྱུར་མེད་ཀུན་དགའ་རྒྱ་མཚོ་ནི་རྩེ་ཞིག་དྲུང་རམས་པའི་ཚ་བོ་དང་སློབ་མ་ཡིན་ལ། ཁོ་རང་ཚོ་སོ་སོར་ས་གནས་འདི་གའི་མིང་གྲགས་ཅན་གྱི་སློབ་མ་མང་པོ་ཡོད་དེ་ སོ་ནག་ཐོག་འཛིན་དང་བོན་རྒྱ་དཔལ་མཁར་རྒྱལ་བ། ཁྱུང་མོག་མཁར་ནག་གྲུབ་ཆེན་སོགས་ཡིན།
   རྩེ་ཞིག་འཇིགས་མེད་ཀུན་བཟང་རྒྱ་མཚོའི་སྤྲུལ་སྐུ་ནི་གཡུང་དྲུང་བསྟན་རྒྱས་ཡིན་པ་དང་ཁོའི་ཆེས་མིང་གྲགས་ཅན་གྱི་སློབ་མ་ནི་བོན་རྒྱ་རང་ཤར་རིག་གྲོལ་དང་རྩེ་ཞིག་ཐེག་མཆོག་ཡེ་ཤེས་གཉིས་ཡིན་པ་དང་། ཁོང་གི་སྤྲུལ་སྐུ་ནི་ཁོ་ནག་ཞེས་པའི་སྡེ་བ་ཞིག་ནས་རྙེད་མོད།ཆུང་ངུའི་དུས་ནས་བོར་སོང་བས་དད་ལྡན་རྣམས་ཀྱང་སྤྲུལ་སྐུ་དངོས་ཡིན་མིན་ལ་དོགས་པ་སྐྱེས་སོང་བ་རེད།
   བླ་མའི་ནང་ཆེན་གསུམ་པ་ནི་རྩེ་ཞིག་ཆོས་རྗེ་རྒྱལ་བ་ཚུལ་ཁྲིམས་བསྟན་པའི་རྒྱ་མཚོས་གསར་འདེབས་མཛད་པ་ཡིན་ལ། ཁོང་ཉིད་1795ལོར་སྐུ་འཁྲུངས་ཤིང་རྩེ་ཞིག་ནམ་མཁའ་གཡུང་དྲུང་གི་ཚ་བོ་ཡིན་ལ་སློབ་མའང་ཡིན་ལ་དགར་བ་གཡུང་དྲུང་བསྟན་འཛིན་གྱི་བླ་མ་ཡིན་པ་དང་བདག་མེད་ཀྱི་ཆོས་ལ་དོན་གཉེར་མཛད་པའི་སྒྲུབ་སྦྱོང་བ་ཞིག་ཡིན་པས། ཁོང་གིས་དཀའ་བ་ལྔ་བརྒྱ་ལྷག་ཁྱད་དུ་བསད་ནས་བདག་མེད་སྐོར་གྱི་༼གསང་སྤྱོད་ཡིད་བཞིན་ནོར་བུའི་ཆུ་འགྲིམ་དམིགས་སྐོར༽༼འགྲེལ་བ་མཁའ་འགྲོའི་ཞལ་ལུང་།༽༼སྲུང་མའི་སྒྲུབ་ཐབས། ༽༼གཡང་སྒྲུབ་འཕྲིན་བཅོལ༽སོགས་ཡོད་པ་དང་། ཁོང་ནི་གྲུབ་མཐའ་རིས་མེད་ཀྱི་བླ་མ་ཞིག་ཡིན་པས་མཁྱེན་དཔྱོད་རྣམ་པར་རྒྱས་ཤིང་ཁམས་སྡེ་དགེ་ཕྱོགས་ཀྱི་རྙིང་མའི་བླ་མ་འཇིགས་མེད་སྐལ་བཟང་རྒྱ་མཚོ་དང་མཉམ་དུ་སྒྲུབ་པའི་ལམ་པ་བརྗེ་རེས་དང་འབྲེལ་བ་བཟུང་བའི་མ་ཚད་ད་དུང་རྙིང་མའི་བླ་མ་མང་པོར་འབྲེལ་བ་ཟབ་མོ་བཙུགས།
   མཚོ་སྔོན་ནུབ་རྒྱུད་གྱི་སོག་པོའི་ཆོས་རྗེ་བསོད་ནམས་དར་རྒྱས་ཟེར་བ་ཞིག་གིས་ཁོང་གི་བློ་རིག་ལ་ཡིད་ཤིན་ཏུ་རེངས་ཏེ་ཁོང་ཉིད་ཡོངས་འཛིན་ལ་གདན་དྲངས་ཏེ་ཆོས་རྗེ་ཞེས་མིང་ཡང་བསྩལ་པ་དང་ཁོང་གི་དུས་མཉམ་བོན་རྒྱ་རང་ཤར་རང་གྲོལ་དང་སྦྲ་སེར་ནམ་མཁའ་དབང་ཕྱུག་སོགས་ཀྱིས་ཀྱང་ཁོང་ཉིད་དགེ་རྒན་ལ་བསྟེན་པ་དང་། ཁོང་ཉིད་1874ལོར་དགོངས་པ་རྫོགས་ཤིང་། ཁོང་ལ་སྐུ་གསུངས་ཐུགས་ཀྱི་སྤྲུལ་བའི་སྐུ་གསུམ་བྱོན་ཤིང་། སྐུ་ཡི་སྤྲུལ་སྐུ་ཆོས་རྗེ་ཚུལ་ཁྲིམས་འོད་ནི་1875ལོར་འཁྲུངས་ཤིང་༼གསང་གཅོད་ཡིད་བཞིན་ནོར་བུའི་ཆུ་འགྲིམ་དམིགས་སྐོར༽ལ་དཀའ་བ་མང་པོ་སྤྱད་དེ་འབྲས་བུ་སྨིན། 1935ལོར་དགོངས་པ་རྫོགས་པ་རེད།
   ཡང་སྤྲུལ་བའི་སྐུ་ལོ་ཆོས་རྗེ་ཚུལ་ཁྲིམས་ལྷུན་གྲུབ་ནི་༼ཤེས་རབ་གཡུང་དྲུང་བསྟན་པའི་སྒྲོན་མེ་ཡང་འབོད། ༽ ཁོང་གི་སྲས་གསུམ་པ་ཞབས་དྲུང་ཚུལ་ཁྲིམས་གཡུང་དྲུང་དབང་རྒྱལ་ནི་1938ལོར་འཁྲུངས་ཤིང་1958ལོར་དགོངས་པ་རྫོགས་ལ་སྐུ་ན་20ལས་ཕེབས་མི་འདུག ཆོས་རྗེ་ཚུལ་ཁྲིམས་ལྷུན་འགྲུབ་གྱི་སྤྲུལ་སྐུ་ཆོས་རྗེ་ཤེས་རབ་བསྟན་པའི་ཟླ་བ་ནི་1970ལོར་ཡབ་ཤེས་རབ་བློ་གྲོས་དང་ཡུམ་སྐལ་བཟང་མཚོ༼ཀུན་བཟང་མཚོ༽གཉིས་ཀྱི་བུ་ཆེ་བར་འཁྲུངས་ལ། 1983ལོར་སྣང་ཞིག་དགོན་རྒྱ་འོབས་བསྟན་འཛིན་དབང་རྒྱལ་ཚང་གི་མདུན་ནས་རབ་བྱུང་གི་སྡོམ་པ་བཞེས་ཤིང་ཆོས་རྗེ་སྤྲུལ་སྐུ་རྒྱུད་འཛིན་དུ་གྱུར། རྩེ་ཞིག་ཆོས་རྗེ་རྒྱལ་བ་ཚུལ་ཁྲིམས་བསྟན་པའི་རྒྱལ་མཚན་གྱི་གསུང་གི་སྤྲུལ་སྐུ་ཆོས་རྗེ་བསྟན་པ་འོད་ཟེར་ཡིན་མོད། ཁོང་ད་ལྟའི་ཞིན་ཧྭ་རྫོང་རྡོ་ཡུས་ས་ཆའི་མར་ནང་ཁག་གསུམ་གྱི་བ་ལུང་ཁྱིམ་རྒྱུད་དུ་འཁྲུངས་པས། བ་ལུང་ཆོས་རྗེ་ཞེས་འབོད་ལ་སྐུ་ཚེ་གང་བོར་གནས་ཁམས་ཅན་མང་པོ་བཙལ་ནས་རྫོགས་པ་ཆེན་པོ་སོགས་ལ་སྦྱངས་པ་མཐའ་མེད་གནངས།
   རྩེ་ཞིག་ཆོས་རྗེ་རྒྱལ་བ་ཚུལ་ཁྲིམས་བསྟན་པའི་རྒྱལ་མཚན་གྱི་ཐུགས་ཀྱི་སྤྲུལ་སྐུ་བོན་བརྒྱ་གཡུང་དྲུང་ཕུན་ཚོགས་ནི་བོན་རྒྱ་རང་ཤར་རང་གྲོལ་གྱི་ཚ་བོ་དང་སློབ་མ་ཡིན་ལ། ཁོས་ཁྱུང་མོང་དགོན་པའི་སྦྲ་སེར་ཀུན་བཟང་རྒྱལ་མཚན།སྣང་ཞིག་རྒྱ་འོབས་བསྟན་པ་རབ་རྒྱས། རྟོགས་ལྡན་ཚུལ་ཁྲིམས་བསྟན་པའི་རྒྱལ་མཚན་སོགས་བླ་མ་མཁས་ཆེན་མང་པོས་བོད་ཀྱི་སྣ་མང་རིག་གནས་ལ་ཕན་པའི་མཛད་པ་མང་པོ་བསྐྱངས། ཁོང་གིས་སྐུ་ཚེ་གང་བོ་རེབ་གོང་དང་ཁྲི་ཀ རྩེ་དབུས་དགོན་པ་སོགས་སུ་དབང་ལུང་མང་པོ་གསུངས་ཤིང་རེབ་གོང་ས་ཆའི་སྔགས་པ་མང་པོར་དབང་ལུང་ཁྲིད་གསུམ་མང་དུ་བྱས་པ་མ་ཟད་རེབ་གོང་ཕུར་ཐོགས་སྟོང་གི་རྩ་བའི་བླ་མ་ཡིན།
   ཁོང་གིས་བོན་བརྒྱ་དགོན་པར་བཞེངས་སྐྲུན་མཛད་པ་དང་དགུང་གྲགས་60སྐབས་སུ་དགོངས་པ་རྫོགས། ཁོང་གི་སྤྲུལ་སྐུ་བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་ནི་ཁྱུང་གི་ཁྱིམ་རྒྱུད་དུ་འཁྲུངས་ཤིང་། ཁོང་གིས་བོན་བརྒྱ་དགོན་པ་བསྐྱར་བཞེངས་མཛད་དེ་སྐུ་གོང་མ་དང་འདྲ་བར་རྒྱུན་དུ་ཁྱུང་མོང་དགོན་དང་སེར་རྒྱ། དུང་དཀར་སོགས་སུ་ཕེབས་བོན་འཆད་པ་དང་ཁྱུང་མོང་དགོན་དུ་འང་ཁོང་གི་ནང་ཆེན་ལྷ་ཁང་གཅིག་ཀྱང་བཞེངས་ཡོད། ཁོང་གིས་བོན་བརྒྱ་དགོན་དུ་བོན་གྱི་ཚད་མ་རིག་པའི་རྩོད་པའི་སྒོ་ཕྱེ་ཞིང་། དགོན་པ་འདིས་བོན་གྱི་གཞུང་འཆད་ཉན་ལ་མཛད་རྗེས་རླབས་པོ་ཆེ་བཞག་ཡོད་པ་རེད།
   རྩེ་དབུས་དགོན་པ་ལ་མིག་སྔར་གྲྭ་བ་30ལྷག་ཡོད་པ་དང་། རྩེ་ཞིག་ཆོས་རྗེ་ཤེས་རབ་བསྟན་པའི་ཟླ་བ་ཚང་ནི་དགོན་པ་འདིའི་བླ་མ་ཡིན་ལ། སྣང་ཞིག་རྒྱ་འོབས་ཚང་དང་བོན་བརྒྱ་དགེ་ལེགས་ལྷུན་འགྲུབ་རྒྱ་མཚོ་གཉིས་ཀྱང་དགོན་འདིའི་བསམ་པའི་དེད་དཔོན་གྱི་གྲས་ཡིན།
   རྩེ་ཞིག་དགོན་པའི་རྒྱབ་རིའི་མིང་ལ་ལྷ་བཙུན་དཀར་པོ་ཟེར་ལ་རི་འདིའི་གཞི་བདག་གི་མཚན་ལའང་དེ་ལྟར་ཞུ། མཆོད་པ་འབུལ་བའི་དུས་ནི་ལོ་རེའི་ཟླ་བཞི་བའི་ཚེ་བཅུ་གཅིག་ཉིན་ཡིན་པ་དང་། དགོན་པའི་ཉེ་འགྲམ་གྱི་ལབ་རྩེ་ལ་རྒན་གྱའི་ཨ་མྱེས་དགའ་བོ་དང་བཀྲ་ཤིས་དབང་ཆེན་དགྲ་འདུལ་ཟེར་ཞིང་། སྔ་མའི་མཆོད་འབུལ་གྱི་དུས་ནི་ལོ་རེའི་ལྔ་བའི་ཚེས་པ་དགུ་ཉིན་ཡིན་ལ་རྗེས་མའི་མཚོད་འབུལ་དུས་ཚོད་ནི་ལྔ་བའི་ཚེས་པ་བཞི་ཉིན་ཡིན། དམར་ཡག་དང་སེང་གེ་གཉིས་ནི་རླུང་རྟ་ཡིན་ལ་རླུང་རྟའི་ངོས་སུ་རྒྱལ་མཚན་རྩེ་མོ་དཔར་ནས་གཏོད་སྲོལ་ཡོད། ལབ་རྩེ་མ་གཏོགས་མདའ་སྒྲོ་འདོགས་པའི་སྲོལ་རླུང་རྟ་གཏོད་སྐབས་སུ་མེད་དོ། །

༼མ་ཡིག་གི་མཇུག་གི་ཚན་པ་རེ་འགར་ཆད་སྐྱོན་རེ་འགའ་ཡོད་པས་མ་བཀོད་དོ།༽

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།