༧སྐྱབས་རྗེ་སྨན་རིའི་ཁྲི་འཛིན་རིན་པོ་ཆེས་པོ་ལན་ཌིར་འགྲོ་དོན་བསྐྱངས་པའི་གནས་བསྡུས།

[ཟླ་ཚེས། 2019-06-09 23:25:17][རྩོམ་པ་པོ། Bonpo][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]


 ༧སྐྱབས་རྗེ་སྨན་རིའི་ཁྲི་འཛིན་རིན་པོ་ཆེས་པོ་ལན་ཌིར་འགྲོ་དོན་བསྐྱངས་པའི་གནས་བསྡུས།
 
སྤྱི་ལོ་༢༠༡༩ཟླ་༦ཚེས་༣ གྱི་ཉིན་གུང་ཕྱག་ཚོད་༣།༣༠ཐོག་ཕཱ་རན་སིའི་ལྷོ་ཕྱོགས་གྲོང་ཁྱེར་མོན་ཀྲི་པི་ལེ་ཡར་གནམ་ཐང་ནས་ཕཱ་རན་སིའི་རྒྱལ་ས་པེ་རི་སིའི་གནམ་ཐང་དུ་ཕེབས་པ་དང་ཕྱག་ཚོད་༨ཐོག་པེ་རེ་སིའི་གནམ་ཐང་བརྒྱུད་པོ་ལེན་ཌེ་རྒྱལ་ས་ཝར་སོ་རུ་བདེ་འཚམས་ངང་འབྱོར། གནམ་ཐང་དུ་ཕེབས་བསུ་བ་ལིག་མི་རྐྱའི་དབུ་འཛིན་བླ་མ་བསྟན་འཛིན་དབང་རྒྱལ་རིན་པོ་ཆེ་དང་།
 
བླ་ཁྲི་མཁན་པོ་དགེ་བཤེས་ཉི་མ་གྲགས་པ་རིན་པོ་ཆེ། དགེ་བཤེས་ཉི་མ་ཀུན་ཁྱབ། ཆོས་འཁོར་ཚང་དགེ་བཤེས་ཉི་མ་འོད་ཟེར། གཞན་ཡང་པོ་ལན་ལིག་མི་རྐྱའི་བོན་ཚོགས་བྱམས་མ་གླིང་གི་བླ་མ་དགེ་བཤེས་གཡུང་དྲུང་རྒྱ་མཚོ་གཙོས་རྒྱུན་ལས་དང་སློབ་མ་རྣམས་བཅས་ནས་༧སྐྱབས་རྗེ་སྐུ་འཁོར་ལྷན་རྒྱས་མགྲོན་ཁང་དུ་གདན་འདྲེན་ཞུས། དེ་ནས་ཉིན་གཅིག་རིང་པོ་ལེན་ཌིའི་རྒྱལ་ས་རུ་གཟིགས་སྐོར་དང་སྐུ་ངལ་གསོས།
 
སྤྱི་ཚེས་༥ཉིན་ཞོགས་པ་ཕྱག་ཚོད་༡༠།༣༠ སྟེང་རྒྱལ་ས་ནས་པོ་ལེན་ཌི་ལིག་མི་རྐྱའི་བོན་ཚོགས་བྱམས་མ་གླིང་གི་ཚོགས་ཁང་དུ་གདན་ཞུས་ཀྱིས་མ་འདལ་སྐུ་གསུང་ཐུགས་རྟེན་འདེགས་འབུལ་ཞུས་མཚམས་བོན་ཚོགས་བྱམས་མ་གླིང་གི་ཚོགས་གཙོ་ལགས་ནས་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་བྱམས་མ་གླིང་དུ་ཕེབས་པར་འཚམས་འདྲི་དང་ཚོགས་པའི་ངོ་སྤྲོད་མདོར་བསྡུས་ཤིག་ཞུས་རྗེས།
༧སྐྱབས་རྗེ་མཆོག་ནས་སློབ་མ་རྣམས་ལ་འཚམས་འདྲི་དང་ངོ་སྤྲོད་བཀའ་སློབ་བཀའ་དྲིན་བསྩལ་རྗེས་བསྟན་འཛིན་དབང་རྒྱལ་རིན་པོ་ཆེ་མཆོག་གི་སྣེ་ཁྲིད་འོག་༧སྐྱབས་རྗེ་མཆོག་དང་སྟོན་འཁོར་ལྷན་རྒྱས་བྱམས་མ་གླིང་གི་ཁོར་ཡུག་དང་རྟེན་བཞེངས་སོགས་ལ་གཟིགས་སྐོར་གནངས། ཕྱི་དྲོའི་ཆུ་ཚོད་༣ཐོག་༧སྐྱབས་རྗེ་མཆོག་ནས་ཚེ་དབང་བྱ་རུ་མའི་གསུང་ཁྲིད་དབུ་འཛུགས་གནང་ཡོད་པ་དང་། ཉིན་རེར་སྔ་དྲོའི་ཆུ་ཚོད་གཅིག་དང་ཕྱེད་ཀ་དང་དགོང་མོ་ཆུ་ཚོད་གཅིག་གི་རིང་སློབ་མ་རྣམས་ལ་གསུང་ཁྲིད་གནང་བ་དང་ལྷན་དུ། ཉམས་ལེན་དང་ཐུན་བཞུགས་སོགས་གནང་ནས་ཉིན་བཞིའི་རིང་ཚེ་དབང་བྱ་རུ་མའི་གསུང་ཁྲིད་གནང་བ་དང་སྤྱི་ཚེས་༩ཞོགས་པ་ཕྱག་ཚོད་༩སྟེང་དད་ལྡན་སློབ་མ་རྣམས་ལ་ཚེ་དབང་བྱ་རུ་མའི་བཀའ་དབང་བཀའ་དྲིན་བསྩལ་རྗེས།
 
༧སྐྱབས་རྗེ་མཆོག་ནས་བོན་ཚོགས་བྱམས་མ་གླིང་གི་རྟེན་སྐལ་དུ་བྱམས་མའི་སྐུ་ཐང་བྲིས་མ་ཞིག་གནང་རྗེས་ཕྱག་ཚོད་དང་པོའི་ཐོག་བྱམས་མ་གླིང་གི་དབུ་འཛིན་དང་སློབ་ཚོགས་ཀྱིས་གནམ་ཐང་དུ་ཕེབས་སྐྱེལ་བཅས་ཞུས། ༢༠༡༩ལོའི་ཕྱི་ཟླ་༦ཚེས་༩ཕྱི་དྲོ་དེ་གའི་གནམ་ཐང་ནས་འཇར་མན་དུ་ཕེབས་རྒྱུ་ཡིན་པའི་གནས་བསྡུས་སུ་ཕྱག་ཞབས་ཚན་ཆུང་ནས།
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།