༧སྐྱབས་རྗེ་སྨན་རིའི་ཁྲི་འཛིན་༣༤པ་མཆོག་གི་བསྐལ་བཟང་དགྱེས་སྟོན་ཆེན་མོའི་མཛད་སྒོ།

[ཟླ་ཚེས། 2018-09-09 18:17:12][རྩོམ་པ་པོ། དྲ་བའི་གཙོ་སྒྲུབ་པ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

༧ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་སྨན་རིའི་ཁྲི་འཛིན་༣༤པ་མཆོག་གི་བསྐལ་བཟང་དགྱེས་སྟོན་ཆེན་མོའི་མཛད་སྒོ།

༠.jpg

   དེ་ཡང་ཕྱི་ལོ་ ༢༠༡༨ ཟླ་ ༠༩ ཚེས་ ༠༦ ཉིན་གྱི་སྔ་དྲོའི་ཕྱག་ཚོད་༧།༣༠ ཐོག་སེར་སྐྱ་མི་མང་རྣམས་ལྷ་རྒྱལ་རི་རྩེར་ལྷན་འཛོམས་ཀྱིས་དཀར་ཕྱོགས་སྐྱོང་བའི་ལྷ་སྲུང་རྣམས་ལ་བསང་གསོལ་གྱི་བསང་དུད་གཡུ་འོད་ནམ་མཁའ་གང་བ་དང་དྲི་བདའ་སྨན་སྤོས་སོགས་ཀྱིས་བསུང་ཞིམ་ས་གཞིར་ཁྱབ་པ་དང་དགུང་སྔོན་དབྱིངས་སུ་རླུང་རྟའི་འོད་ཀྱིས་འཚེར་བར་གནང་ཞིང་དེ་བཞིན་རླུང་རྟ་སྒྲོན་འཛུགས་དང་ཀི་བསོ་ལྷ་རྒྱལ་སོགས་ཀྱི་ཚིག་བཤད་དབྱངས་སུ་གྱེར་ནས་བསང་གསོལ་གྲུབ་རྗེས།

  ༢.jpg

   གོང་ཚེས་ཀྱི་སྔ་དྲོའི་ཕྱག་ཚོད་༩ པའི་ཐོག ༧སྨན་རིའི་དཔོན་སློབ་རིན་པོ་ཆེ་དབུས་པའི་༧སྨན་རིའི་བཤད་སྒྲུབ་མཁན་སློབ་རྣམ་གཉིས་དང་བླ་སྤྲུལ་དགེ་བའི་བཤེས་གཉེན་སེམས་དཔའ་དགེ་འདུན་གྱི་སྡེ་དང་སྐུ་མགྲོན་སོགས་འདུལ་ཁང་ཆེན་མོར་རྒྱས་འཛོམས་བྱུང་རྗེས་སུ།

༣.jpg

   ༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་༣༤པ་རིན་པོ་ཆེ་མཆོག  སྨན་རིའི་བླ་བྲང་ནས་གདན་དྲངས་ཏེ་སྨན་རིའི་གཙུག་ལག་ཁང་ཆེན་མོའི་ནང་དུ་དྲི་བཟང་ངད་ལྡན་སྣ་ཚོགས་སྦྱར་བའི་སྤོས་འདྲེན་གྱིས་མདུན་བསུས་ཏེ་མི་འཇིགས་གདོང་ལྔའི་བཏེགས་པའི་གསེར་གྱི་ཁྲི་འཕང་མཐོན་པོའི་སྟེང་དུ་ཞབས་ཟུང་གསེར་གྱི་འཁོར་ལོ་བཞུགས་གསོལ་འཁོད་རྗེས། ཤེས་རབ་སྨྲ་བའི་སེང་གེའི་ཚེ་སྒྲུབ་ཀྱི་ཆོ་གའི་ཚོགས་འཁོར་འབུལ་བ་དང་སྦྲགས། མཆོད་པའི་མཚམས་སུ་སླེབས་རྗེས།

༤.jpg

   ༧སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་ནས་མཎྜལ་གྱི་བཤད་པ་གྱེར་འབུལ་ཞུས་ཏེ་༧སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་དང་༧སྨན་རིའི་བཤད་སྒྲུབ་མཁན་སློབ་རྣམ་པ་གསུམ་གྱིས་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་༣༤པ་མཆོག་ལ་མཎྜལ་འདེགས་འབུལ་དང་ཕྱོགས་མཐའ་ཁག་ནས་ཆེད་ཕེབས་ཀྱི་བླ་གྲྭ་དང་།

༥.jpg

   སྐུ་མགྲོན་གལ་ཆེན་དག་གིས་གོང་འཁོད་ཆོ་གའི་གཞུང་གི་མཆོད་པའི་ཚིག་བཤད་དང་སྦྲགས་ལེན་བྱས་ནས་རྒྱལ་བའི་སྐུ་རྟེན་དུ་སྐུ་བརྙན་སྣ་ཚོགས་དང་གསུང་རྟེན་དུ་རྒྱལ་བའི་བཀའ་རིན་པོ་ཆེ་ཐུགས་རྟེན་དུ་རིན་ཆེན་ལས་གྲུབ་པའི་མཆོད་རྟེན་སྣ་ཚོགས་སོགས་རིམ་འབུལ་དང་དེ་བཞིན་མཆོད་པ་རྣམ་ལྔ་དང་གསེར་དངུལ་ལས་གྲུབ་པའི་བཀྲ་ཤིས་རྟགས་བརྒྱད་རིན་ཆེན་ནོར་བདུན་སོགས་འབུལ་ཚན་ཁག་བསྟར་འབུལ་གྱི་མཆོད་སྤྲིན་སྤུངས་པ་དང་།

༦.jpg

   ཚོགས་མཆོད་རྒྱས་པར་གྲུབ་ནས་༧སྐྱབས་རྗེ་༧རྒྱལ་བ་སྨན་རིའི་ཁྲི་འཛིན་༣༤པ་མཆོག་གི་གསོལ་འདེབས་༼གྱེར་བསྟན་རིན་ཆེན་༽སོགས་དབྱངས་སུ་གྱེར་ཞིང་སེར་སྐྱ་མི་མང་རྣམས་ཀྱིས་གཤར་དབང་ཞུས་ནས་དད་རྟེན་ཆེད་སྐུ་པར་བྱིན་ཅན་རེ་གནང་།  དེ་ནས་ཉིན་གུང་གི་ཕྱག་ཚོད་༡༢།༣༠ ཐོག  གཤེན་གྱི་གསང་སྔགས་སྒོམ་སྒྲུབ་གླིང་དུ་མི་མང་རྣམས་ལ་ཉིན་གུང་གི་གསོལ་ཚིགས་ཞལ་ལག་རྒྱས་འབུལ་གནང་བ་དང་།

༧.jpg

   ཕྱག་ཚོད་༢།༣༠ཐོག་༧ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་༣༤རིན་པོ་ཆེ་མཆོག་བླ་བྲང་ནས་འདུལ་ཁང་ཆེན་མོར་སྤོས་འདྲེན་གྱི་གདན་དྲངས་ཏེ་གནས་དེར་ཡོད་པའི་སེར་སྐྱ་མི་མང་ཡོངས་ལ་རིག་པའི་ལྷ་མཆོག་ཤེས་རབ་སྨྲ་བའི་སེང་གེའི་ཚེ་སྒྲུབ་ཀྱི་བཀའ་དབང་ཟབ་མོར་གནང་བ་དང་དལ་འབྱོར་བཅོ་བརྒྱད་ཚང་བའི་མི་ལུས་འདི་རྩ་ཆེན་པོ་ཡིན་ཚུལ་དང་ཐར་པ་དོན་གཉེར་དགོས་ཚུལ་སོགས་ཀྱིས་བཀའ་སློབ་ལམ་སྟོན་དང་དེ་བཞིན་ནང་པའི་དད་པ་དང་སྐྱབས་འགྲོ་སེམས་བསྐྱེད་སོགས་ཀྱི་འགྲེལ་བཤད་དང་དེ་རྣམས་བོན་སྒོར་ཞུགས་པའི་རྨང་གཞི་ཡིན་པར་སོགས་ཀྱི་བཀའ་སློབ་ཟབ་རྒྱས་གནང་སྟེ་དབང་གི་བརྒྱུད་རིམ་གསུང་ཞིང་དར་ཐག་འཐེན། དེ་ནས་དད་ལྡན་མང་ཚོགས་རྣམས་ཀྱིས་གཤར་དབང་ཞུས་ནས་ཚེ་རིལ་སོགས་བྱིན་རླབས་དང་བྱིན་མདུད་བཅས་དངོས་གྲུབ་ཐོབ།

༨.jpg

 དེ་རྗེས་དགོང་དྲོའི་ཕྱག་ཚོད་༦པའི་ཐོག་བོན་ཕྲུག་བདེ་དོན་གྱི་རྩེད་ཐང་དུ་སེར་སྐྱ་མི་མང་རྣམས་རྒྱས་འཛོམས་ཐོག་བོན་གཞིས་ཉིན་སློབ་ཀྱི་ཟློས་གར་དང་ཕྱོགས་མཐའ་ཁག་ནས་ཕེབས་པའི་སྐད་ངག་ལ་རང་དབང་ཐོབ་པའི་གླུ་བ་གླུ་མ་སོགས་ཀྱིས་མི་རིགས་ཁག་གི་བྲོ་གཞས་སྣ་ཚོགས་འཁྲབ་སྟོན་གནང་བ་དང་མི་མང་རྣམས་ཀྱིས་སྤྲོ་སེམས་འཁོར་བའི་ངང་ནས་གཟིགས་མོ་གནང་།

༡.jpg

    ཕྱི་ལོ་༢༠༡༨ཟླ་༩ཚེས༧ཉིན་གྱི་སྔ་དྲོའི་ཕྱག་ཚོད་༩།༣༠ཐོག ༧ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་༣༤པ་རིན་པོ་ཆེ་མཆོག་དང་༧རྒྱལ་བ་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་དང་༧སྨན་རིའི་བཤད་སྒྲུབ་མཁན་སློབ་རྣམ་གཉིས། ཆོས་རྒྱུད་ཁག་གི་སྐུ་ཚབ་རྣམ་པ། རིས་སུ་མ་ཆད་པའི་དགོན་སྡེ་ཁག་གི་མཁན་པོ་དང་སྐུ་ཚབ་རྣམ་པ་སོགས་གཙོས་པའི་སེར་སྐྱ་མི་མང་ལྷན་རྒྱས་བསྐལ་བཟང་དགྱེས་སྟོན་གྱི་མཛད་སྒོ་ཆེན་མོའི་ཚོགས་རར་བཞུགས་གདན་འཁོད་མཚམས་སུ་མཛད་སྒོ་གཙོ་སྐྱོང་པ་ལྷ་ཐོག་དགེ་བཤེས་ཤེ་ཙུ་རྒྱ་མཚོ་དང་དགེ་བཤེས་ཚེ་དབང་དངོས་གྲུབ་རྣམ་གཉིས་ཀྱིས་བོད་སྐད་དང་དབྱིན་སྐད་ཟུང་ནས་མཛད་སྒོའི་དབུ་འཛུགས་ཀྱི་གཙོ་སྐྱོང་གནང་བ་དང་། ༧སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་གིས་སྐུ་མགྲོན་དང་མི་མང་ཡོངས་ལ་བྱོན་པ་ལེགས་ཀྱི་ཕེབས་བསུའི་གསུང་བཤད་དང་༧རྒྱལ་བ་སྨན་རིའི་ཁྲི་འཛིན་༣༤པ་མཆོག་གསར་བསྐོས་ཐད་ངོ་སྤྲོད་མདོར་བསྡུས་དང་གལ་ཆེན་གྱི་བྱ་བཞག་དེ་རྣམས་ལམ་ལྷོང་ཡོང་བར་རྒྱ་ཆེའི་བོན་འབངས་ཡོངས་ཀྱི་རྒྱབ་སྐྱོར་རོགས་རམ་ཚད་མེད་གནང་བའི་བཀའ་དྲིན་ལ་བརྟེན་ནས་བྱུང་བ་ཡིན་པར་སོགས་ཀྱི་བཀའ་སློབ་ཟབ་རྒྱས་གནང་བ་དང་། དེ་ནས་ཟློས་གར་གྱིས་རྟེན་འབྲེལ་གྱི་ཐོག་མར་དབུ་འབྱེད་པའི་༼བཀྲ་ཤིས་ཞོགས་པ་༽ཞེས་པའི་ཞབས་བྲོ་ཞིག་གཟིགས་འབུལ་ཞུས། དེ་རྗེས་ཟློས་གར་གྱིས་རྔ་དང་རོལ་མོ་གླིང་བུ་སོགས་ཀྱི་སྒྲ་དང་བཅས་སེང་འཆམ་ཞིག་འཁྲབ་སྟོན་ཕུལ་བ་དང་། ༧ སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་༣༤པ་མཆོག་གིས་༧སྐྱབས་རྗེ་ཞིང་གཤེགས་པའི་ལོ་འཁོར་དགོངས་རྫོགས་མཆོད་འབུལ་དང་༧སྐྱབས་རྗེ་སྨན་རིའི་ཁྲི་འཛིན་༣༤པའི་བསྐལ་བཟང་དགྱེས་སྟོན་སོགས་ཀྱི་དད་ལྡན་སྦྱིན་བདག་ཁག་ཅིག་ལ་ཐུགས་རྗེ་ལེགས་འབུལ་མཚོན་བྱེད་དུ་ཞལ་ཐང་རེ་བསྩལ་གནང་།

 ༢.jpg

   དེ་རྗེས་༧ཞྭ་དཀར་བསྟན་པའི་གཙུག་རྒྱན་སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་རིན་པོ་ཆེས་༧རྒྱལ་བ་སྨན་རིའི་ཁྲི་འཛིན་གྱི་མཚན་གནས་བདག་གི་ཐོག་ཏུ་བབས་པར་འབྲེལ་ཡོད་ཀྱི་བླ་ཆེན་དང་སྐྱེས་ཆེན་བོན་འབངས་ཡོངས་ཀྱིས་ཡིད་ཆེས་དང་ཆ་འཇོག་གནང་བ་ལ་ཐུགས་རྗེ་ཆེ་ཞེས་གསུང་བ་དང་སྦྲགས། དེ་སྔ་ཡིན་ནའང་རྣམ་པ་ཚོས་རྒྱབ་སྐྱོར་དང་ཡིད་ཆེས་ཚད་མཐོར་གནང་བ་དང་མུ་མཐུད་ནས་རྒྱབ་སྐྱོར་དང་ལམ་སྟོན་གནང་བའི་འབོད་བསྐུལ་དང་དེ་བཞིན་གཡུང་དྲུང་གི་བོན་རིན་པོ་ཆེ་འདི་ཉིད་མི་ཉམས་གོང་འཕེལ་གཏོང་བ་དང་ཉམས་པ་སླར་གསོ་བྱེད་པར་ང་གཅིག་པོའི་འགྲུབ་ཐུབ་པ་ཞིག་མ་རེད་དེ། རྣམ་པ་ཚང་མས་ཉི་མ་མེ་གྲོགས་དང་ཆར་པ་ཆུ་གྲོགས་ཀྱི་དཔེ་བཞིན་མཐུ་དཔུང་སྡོང་གྲོགས་གནང་ན་འགྲིག་འགྲོ་ཡི་རེད་བསམ་གྱི་ཡོད་ཞེས་གསུང་བ་དང་། བཀའ་སློབ་རྣམས་༧བླ་ཁྲི་མཁན་པོ་དགེ་བཤེས་ཉི་མ་གྲགས་པ་ལགས་ནས་དབྱིན་སྐད་ཐོག་སྦྲགས་ལེན་གྱི་བསྒྱུར་གནང་བ་དང་།

༣.jpg

   དེ་ནས་བཤད་སྒྲུབ་མཁན་པོ་དགེ་བཤེས་ཉི་མ་དོན་གྲུབ་མཆོག་གིས་མཛད་སྒོ་འདི་ལ་ཆེད་ཕེབས་གནང་བའི་སྐུ་མགྲོན་དང་སྐུ་མགྲོན་མ་ཡིན་པའི་འབྲེལ་ཡོད་ཚང་མ་ལ་ཐུགས་རྗེ་ཆེ་ཞེས་ཀྱི་གསུང་ནས་མཛད་སྒོ་གཙོ་སྐྱོང་བས་སྔ་དྲོའི་མཛད་རིམ་མཇུག་སྡུད། ཉིན་གུང་ཕྱག་ཚོད་༡༢།༣༠ཐོག་སེར་སྐྱ་མི་མང་ཡོངས་ལ་གཤེན་གྱི་གསང་སྔགས་སྒོམ་སྒྲུབ་གླིང་དུ་ཉིན་གུང་གི་གསོལ་ཚིགས་ཞལ་ལག་རྒྱས་འབུལ་གནང་བ་དང་། ཕྱི་དྲོའི་ཕྱག་ཚོད་༥པའི་ཐོག་སེར་སྐྱ་མི་མང་ལྷན་འཛོམས་ཀྱིས་བྲོ་གླུ་གཞས་གསུམ་གཟིགས་མོ་གནང་བ་སོགས་མཛད་སྒོ་ཆེན་མོ་རྒྱལ་ཁའི་ངང་མཇུག་གྲུབ་པར་སོགས་ཀྱི་གནས་བསྡུས་སོ།།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།