ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> མི་སྣ། >> ཞིབ་འཇུག་མི་སྣ། >> ལྷ་བཟོ་ནོར་བུ་གཡུལ་རྒྱལ།
ལྷ་བཟོ་ནོར་བུ་གཡུལ་རྒྱལ།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། བདེ་ཆེན་དཔལ་འཛོམས།] [ཟླ་ཚེས། 11-10-19] [ཀློག་གྲངས། ]


ལྷ་བཟོ་ནོར་བུ་གཡུལ་རྒྱལ།

   ད་ལྟའི་སྟེང་ཆེན་རྫོང་རི་མོའི་སློབ་དགེ་ཧོར་ཚང་ནོར་བུ་གཡུལ་རྒྱལ་གྱི་སྐོར་སྐབས་བབ་དང་བསྟུན་ཅུང་ཙམ་འཆད་པར་འདོད་དོ། །ཁོང་དགུང་ལོ་དྲུག་བདུན་ཙམ་བཞེས་ཚེ་ཐོག་མར་རུ་ཁག་དང་གཤམ་ཁག་གི་སློབ་གྲྭར་འགྲིམས་ཤིང་། ལོ་ངོ་ཁ་ཤས་རིང་ཡི་གེ་འདོན་ཀློག་དང་། ཚུགས་ཆེན། ཚུགས་ཆུང་སོགས་བྲིས་འབྲི་རྒྱུ། སྡོམ་འཐེན་བགོ་སྒྱུར་སོགས་རྩིས་རིག་སྐོར་བཅས་ལ་སློབ་སྦྱོང་གནང་མྱོང་། དེ་རྗེས་ཆོས་དད་རང་མོས་ཀྱི་དབུ་ཚུགས་པ་དང་ལྷན་དུ་ཞིང་འབྲོག་གི་ལས་དཀའི་བར་གསེང་རྣམས་སུ་ཁོང་གི་ཨ་མྱེ་དང་། ཡབ་ཚེ་དབང་དོན་གྲུབ་གཉིས་ཀྱི་དྲུང་ནས་བོན་ཆོས་འདོན་ཀློག་སྐོར་ལ་སློབ་སྦྱོང་གནང་། དགུང་གྲངས་བཅུ་གཉིས་ཙམ་སོན་པ་དང་ཕ་མ་རྣམས་ཀྱི་རེ་འདུན་བཞིན་ལྡོང་མདོ་དབུ་ཆེན་ཚེ་རིང་གཡང་འཕེལ་༼ཁོང་གི་ཨ་མྱེ་ཡིན༽གྱིས་སློབ་བུ་རུ་གཅེས་ཉར་གནང་སྟེ། ཁོང་དང་ཁོང་གི་སློབ་གྲོགས་ཡག་བཟའི་བུ་འབངས་སོགས་སློབ་ཕྲུག་ཁ་ཤས་ཀྱི་ལྷན་དུ་ལོ་ངོ་བཅུ་ཕྲག་རིང་ལྡོང་མདོ་དབུ་ཆེན་དང་རྒྱུན་དུ་འབྲལ་མེད་གནང་ནས་སྲོལ་རྒྱུན་ལྷ་བྲིས་ལག་ཤེས་སྦྱངས་ཡོད་པ་དང་། ལོ་ངོ་དེ་དག་གི་རིང་ལྡོང་མདོ་དབུ་ཆེན་གྱིས་ཀྱང་ལྷ་ཡི་ཐིག་དཔེ་ཚགས་པར་ལག་ལེན་གནང་སྟངས་དང་། འབྲི་རྒྱུ། ཚོན་གཏོང་རྒྱུ། ཐང་ཀ་བཞེངས་རྒྱུ་སོགས་ལྷ་བཟོའི་རྒྱུན་ལྡན་གྱི་ལག་ཤེས་རྣམས་ཕ་ངག་བུ་ལ་གདམས་པ་བཞིན་བསླབས་གནང་བས་མཐར་སློབ་བུ་རྣམས་ལྡོང་ལུགས་རི་མོའི་སྒྱུ་རྩལ་མཁས་ཅན་དུ་གྱུར་ནས་དབུ་མཛད་ཅེས་པའི་མཚན་གྱི་ཅོད་པན་སྤྱི་བོའི་གཙུག་རྒྱན་དུ་ཐོབ་ཡོད་པ་རེད། 


ཁོང་གིས་བྲིས་པའི་མཉམ་མེད་ཡབ་སྲས་གསུམ་གྱི་སྐུ་ཐང་།

   དབུ་མཛད་ཧོར་ཚང་ནོར་བུ་གཡུལ་རྒྱལ་ཁོང་ཚང་ལ་ཡང་དེ་སྔོན་ལྷ་བཅའ་འབྲི་མཁས་ཅན་ཁ་ཤས་བྱུང་མྱོང་འདུག་སྟེ། ཧོར་བྱམས་པ་ཞེས་ལྷ་བཅའ་བཟོ་གཉིས་ཀར་བྱང་ཆུབ་པའི་ལྷ་བཟོ་མཁས་ཅན་ཞིག་དང་། དེ་རྗེས་ཧོར་ཚང་རྟོགས་ལྡན་ནམ་ཧོར་བཀྲ་ཤིས་ཞེས་པའི་འཚམས་པ་ངོ་མཚར་ཆེ་བ་ཞིག་བྱུང་ཡོད་པ་དེ་ཡང་སྲོལ་རྒྱུན་ལྷ་བྲིས་སྒྱུ་རྩལ་མཁས་ཅན་ཞིག་ཡིན། ཁོང་རྣམ་གཉིས་ཀྱང་ལྡོང་ལུགས་རི་མོའི་རྒྱུད་འཛིན་གནང་མཁན་ཞིག་ཡིན་པ་ནི་ཁོང་རྣམ་པས་ཕྱག་རྗེས་བཞག་པའི་ཁོང་ཚང་གི་ལྷ་ཁང་རྙིང་པ་དང་། གཏོར་སྒྲོམ་གྱི་ངོས་རིས། ཐང་སྐུ། ཙཀླི་བཅས་ལ་བལྟས་པ་ཙམ་གྱིས་ཤེས་ཐུབ་པ་ཡོད།


ཁོང་གིས་བྲིས་པའི་མ་མོ་སྦོད་གཏོང་གི་སྐྱ་རིས་ཐིག་རྩ།

   རིགས་དངོས་དེ་དག་ལ་རྒྱལ་ཁབ་རིག་དངོས་སྲུང་སྐྱོབ་ཞིབ་འཇུག་ཚོགས་ཆུང་གིས་སྔ་ཕྱི་དུ་མར་ཞིབ་དཔྱད་བྱས་མཐར་༢༠༠༩།ལོར་ཆ་འཕྲིན་ལྟེ་གནས་ནས་ཆེད་དོན་སྤེལ་བ་འདི་ལྟར། ཁ་བྱང་དུ་<<ཆབ་མདོ་ས་ཁུལ་ནས་ལོ་རྒྱུས་ཡུན་རིང་ལྡན་པའི་གྲོང་མིའི་སྡོད་ཁང་གི་ལྡེབ་རིས་གསར་རྙེད་བྱུང་བ>> “ཚེས་༣༠།ཉིན་གསར་འགོད་པས་འབྲེལ་ཡོད་སྡེ་ཚན་ནས་རྒྱུས་ལོན་བྱུང་གསལ། བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོང་ཞིབ་འཇུག་སོའོ་ཡི་དཔྱད་གཞི་ཚོགས་ཆུང་གིས་ཟླ་༦།པའི་ཚེས་༡༩།ཉིན་ཆབ་མདོ་ས་ཁུལ་སྟེང་ཆེན་རྫོང་བྲག་༼ཁྲ༽ལུང་གྲོང་ཚོར་བརྟག་ཞིབ་བྱེད་སྐབས། ནོར་བུ་གཡུལ་རྒྱལ་གྱི་ཁང་པའི་ཟུར་ཞིག་ནས་ལོ་རྒྱུས་ཡུན་རིང་ལྡན་པའི་གྲོང་མིའི་སྡོད་ཁང་གི་འདུ་ཁང་ལྡེབས་རིས་ཤིག་གསར་རྙེད་བྱུང་བ་རེད། འདུ་ཁང་ལྡེབས་རིས་དེའི་རྒྱ་ཁྱོན་ལ་ཧ་ལམ་རྨི་གྲུ་བཞི་མ་༥༠།ཡོད་ཅིང་། ལྡེབས་རིས་ཀྱི་ནང་དོན་ནི་བོན་ཆོས་ཀྱི་ཡི་དམ་དང་སྲུང་མ། དེ་བཞིན་རྣམ་ཐར་སོགས་ཀྱི་སྐོར་ཡིན་པ་དང་། ལྡེབས་རིས་ཀྱི་བཟོ་བཀོད་ཞིབ་ཚགས་ཡིན་ལ་ཉར་ཚགས་ལེགས་པས། དེ་ནི་དཔེར་འོས་པའི་ཆིང་རྒྱལ་རབས་དུས་ཀྱི་མེ་ལེན་བཟོ་བཀོད་ཀྱི་ཁྱད་ཆོས་ལྡན་པའི་ལྡེབས་རིས་ཤིག་ཡིན་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན་དེ་ནི་ཆབ་མདོ་ས་ཁུལ་ནས་ཐོག་དང་པོར་གསར་རྙེད་བྱུང་བའི་གྲོང་མིའི་སྡོད་ཁང་གི་གནའ་དུས་ཀྱི་ལྡེབས་རིས་ཤིག་ཡིན་པ་རེད།” ཅེས་ལོ་རྒྱུས་དངོས་དང་མཐུན་པའི་ཆེད་དོན་ཞིག་སྤེལ་ཡོད་པ་དེས་ཁོང་ཚང་གི་ཡབ་མེས་དེ་ཚོས་བོད་ཀྱི་སྲོལ་རྒྱུན་བཟོ་རིག་སྒྱུ་རྩལ་ཐད་བག་ཆགས་ཟབ་མོ་ཞིག་བཞག་ཡོད་པ་མཚོན་ཐུབ་པ་རེད།


ཕྱི་ལོ་༢༠༡༡། ལོའི་ལྗོངས་ཡོངས་ནས་སྲོལ་རྒྱུན་རི་མོའི་སྒྱུ་རྩལ་གྱི་གཟེངས་བསྟོད་རིམ་པ་དང་བོ་དང་<བོད་ལྗོངས་མཛེས་རྩལ་མཁས་པའི>>མཚན་གནས་བཞེས་བཞིན་པ།

དུས་རབས་ཉེར་གཅིག་པའི་ནང་གསར་དུ་དབུ་བརྙེས་པའི་ཁྱུང་པོའི་སྒྱུ་རྩལ་རི་མོའི་སློབ་གྲྭའི་སྐོར་བཤད་པ།

   སྐབས་ཀྱི་བཤད་བྱ་སྟེང་ཆེན་རྫོང་སྒྱུ་རྩལ་རི་མོའི་སློབ་གྲྭ་འདི་ནི་ཐོག་མར་ཕྱི་ལོ་༢༠༠༤། ལོར་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་མཆོག་གིས་མཐུན་གྱུར་རྒྱབ་སྐྱོར་དང་། སྟེང་ཆེན་རྫོང་རིམ་པ་གོང་འོག་ཁག་གི་མོས་མཐུན་ཆོག་མཆན་འོག་ལྡོང་ལུགས་རི་མོའི་སྒྱུ་རྩལ་གྱི་སློབ་གྲྭ་གསར་དུ་དབུ་བརྙེས་པ་དང་བསྟུན་དབུ་མཛད་ཧོར་ཚང་ལྷ་བཟོ་ནོར་བུ་གཡུལ་རྒྱལ་ཁོང་འབྲེལ་ཡོད་སྡེ་ཚན་ནས་སློབ་གྲྭ་དེའི་དགེ་རྒན་དུ་བདམས་གསེས་བྱས་པ་ཞིག་རེད། དེ་ནས་ཁོང་གིས་ཐོག་མར་ལོ་ངོ་གསུམ་གྱི་རིང་གོ་རིམ་ནས་བཀོད་སྒྲིག་གནང་བ་ལྟར་ཁྱུང་པོ་སྟོད་སྨད་བར་གསུམ་ནས་ཡོང་བའི་སློབ་ཕྲུག་སུམ་ཅུ་སོ་གསུམ་ལ་ཉིན་རེར་ཆུ་ཚོད་དྲུག་རེ་ཆགས་མེད་བཏང་སྟེ་སློབ་ཁྲིད་གནང་། དེ་ནི་ལས་སླ་པོ་ཞིག་ག་ལ་ཡིན་ཏེ། གཏམ་དཔེར། ལྷ་འབྲི་ཁ་འདྲེ་འབྲི། ཞེས་པ་ལྟར་ཐོག་མར་སློབ་ཕྲུག་རྣམས་ཀྱིས་རི་མོ་འཐེན་སྟངས་ནི་ཀླད་གོར་ཡིན་པས་དེ་ལ་དགེ་རྒན་ཁོང་གིས་ལུས་ངག་ཡིད་གསུམ་དང་། ཁ་ཞེ་གཉིས་མེད་ཀྱི་སྒོ་ནས་རྩ་བའི་ཐིག་རྩ་ནས་དབུ་བཙུགས་ཏེ། སློབ་མ་རྣམས་ཀྱི་བྱང་ཚད་དང་བསྟུན་པའི་སློབ་ཁྲིད་ཆད་མེད་བསྩལ་བའི་སྐུ་དྲིན་གྱིས་༢༠༠༧། ལོར་སློབ་ཕྲུག་ཚང་མ་ལོ་གསུམ་མཐར་ཕྱིན་གྱི་སློབ་མ་ཆགས་ཤིང་ཐང་ཀ་འབྲི་བཞེངས་གནང་ཐུབ་པའི་ལག་རྩལ་གྱི་བྱང་ཚད་ཀྱང་སླེབས་ཐུབ་ཡོད། དེར་བརྟེན་ཁོང་ལ་འབྲེལ་ཡོད་ལས་བྱེད་མི་སྣ་ཁག་དང་། ཡུལ་མི་རྣམས་ཀྱིས་གཟེངས་བསྟོད་ཐོབ་ཡོད་པ་ལྟར།
   ཁོང་གིས་གསུངས་གསལ། “ཇི་ལྟར་ངོས་ཀྱི་སློབ་ཁྲིད་བྱས་པ་དང་གྲུབ་འབྲས་ཀྱང་མི་དམན་ཙམ་བྱུང་ཡོད་པ་འདི་ནི་འབྲེལ་ཡོད་གོ་རིམ་གྱི་མཐུན་གྱུར་རྒྱབ་སྐྱོར་འོག་ངེད་དགེ་སློབ་གཉིས་ཀའི་ཕྱོགས་ནས་ལོ་ངོ་གསུམ་གྱི་རིང་དུ་དཀའ་སྤྱད་འབད་བརྩོན་བརྒྱུད་ནས་གྲུབ་འབྲས་ཐོན་པ་ཞིག་བྱུང་བ་ཡིན་པ་དང་། ལྷག་པར་དུ་དེ་སྔོན་ཟུར་དུ་ལྷག་ཡོད་པའི་ལྡོང་ལུགས་རི་མོའི་སྒྱུ་རྩལ་འདི་ཉིད་དར་སྤེལ་བྱས་པའི་དགེ་མཚན་འདིས་ཞང་བོད་མི་རིགས་ཀྱི་ལག་ཤེས་ལ་འོད་སྟོང་འབར་བའི་གཟི་བརྗིད་བྱིན་ཡོད་ལ་རིག་གནས་ཀྱི་སྟོང་ཆ་ཡང་བསྐོངས་ཡོད། ཅེས་དང་། ལྷག་པར་དུ་ཞིང་འབྲོག་མང་ཚོགས་ཀྱི་བུ་ཕྲུག་གང་འཚམས་ཤིག་ལག་ཤེས་ཀྱི་ཐོན་བསྐྱེད་ལ་བརྟེན་ནས་མི་ཚེའི་འདུན་ལམ་འཚོལ་ཐུབ་པའི་གོམ་པ་གསར་པ་ཞིག་ཀྱང་སྤོ་ཐུབ་པ་བྱུང་བ་ངོས་འཛིན་ཞུ་གི་ཡོད། ཅེས་གསུངས་བཞིན་འདུག །
   དེ་རྗེས་སྒྱུ་རྩལ་ལས་རིགས་ཀྱི་སློབ་གྲྭ་དེ་ཉིད་རྫོང་རིག་སློབ་ཅུས་ཀྱིས་འགན་ལེན་རྐང་བཞེས་གནང་སྟེ་<<སྐབས་གཉིས་པའི་སྒྱུ་རྩལ་རི་མོའི་སློབ་གྲྭའི>>ངོ་བོར་གྱུར་པ་དང་། སྐབས་དེར་ཕྱོགས་མཐའ་ཁག་ནས་ཕེབས་པའི་སློབ་ཕྲུག་བརྒྱ་ཕྲག་ནས་དངོས་སུ་སློབ་ཞུགས་ཐོབ་པའི་སློབ་མ་དྲུག་ཅུ་རེ་གཉིས་བདམས་གསེས་བྱས་ཡོད། སློབ་གྲྭའི་འགྲོ་ལུགས་ལྟར་ཁོང་ཚོ་ནི་སློབ་ཆུང་འཛིན་རིམ་དྲུག་པ་ཡན་གྱི་ལག་འཁྱེར་ཡོད་པ་ཤ་སྟག་ཡིན་པས་སྐབས་གཉིས་པའི་འཛིན་གྲྭ་དེར་རི་མོ་སྦྱང་འདུན་གནང་མཁན་རྒན་གཞོན་བརྒྱ་ཁ་ལྷག་ཞིག་ཕྱིར་འཐེན་མ་བྱས་ཀ་མེད་དུའང་གྱུར་པ་ཡོད་པ་རེད། སྐབས་གཉིས་པའི་སློབ་མ་དེ་དག་ལ་སླར་ཡང་ཁོང་གིས་ལོ་ངོ་གསུམ་གྱི་རིང་སྔར་རྒྱུན་བཞིན་སློབ་ཁྲིད་ཆད་མེད་བསྩལ་བས་མཐར་༢༠༠༩།ལོར་སློབ་ཁྲིད་ཀྱི་བཅད་མཚམས་རྫོགས་པ་དང་། སློབ་ཕྲུག་རྣམས་ལ་ཡང་བཤད་མ་དགོས་པར་ལག་རྩལ་གང་འཚམས་བྱུང་ཡོད་པ་སྟེ།
   དེ་ཡང་ཁོང་གིས་གསུངས་གསལ། “སྤྱིར་ན་སློབ་ཕྲུག་རྣམས་ལ་སྐྱེས་ཐོབ་དང་སྦྱངས་ཐོབ་གཉིས་ཀྱི་སྒོ་ནས་ལག་རྩལ་རབ་འབྲིང་ཐ་གསུམ་གྱི་ཁྱད་པར་ཤོར་བ་ཡོད་ཀྱང་ཡིན་ནའང་རྒྱུན་སྲོལ་གྱི་རི་མོ་བཀྲ་ཤིས་རྟགས་བརྒྱད་དང་། རྒྱལ་སྲིད་སྣ་བདུན། ཚེ་རིང་རྣམ་དྲུག མཆོད་པ་རྣམ་ལྔ། མཐུན་པ་སྤུན་བཞི། ཤིང་ཚོན་རི་མོ། དེ་བཞིན་ཁང་པ་དང་ལྕོག་ཙེའི་མཛེས་རིས་རྣམ་པ་སྣ་ཚོགས་ཤིག་འབྲི་མི་ཤེས་པ་མེད་”ཅེས་དང་། ཡང་ཁོང་གིས་“དེ་བཞིན་ལྷ་བྲིས་ཀྱི་སྐོར་ལ་ཡང་སྐྱ་རིས་འཐེན་ཤེས་ཙམ་དང་། ཀྱག་ཀྱོག་ནར་ནུར་གྱི་རི་མོ་འབྲི་ཤེས་ཙམ་མ་ཡིན་པར་ཐོག་མར་ཐིག་རྩ་བློ་རྒྱུགས་སྤྲད་རྒྱུ་དང་། ཚགས་པར་གཙགས་རྒྱུ། དེ་བཞིན་པིར་བཟོ་རྒྱུ། རས་གཞི་རྒྱོང་དབུར་བྱེད་རྒྱུ། ཚོན་བསྲེ་སྦྱོར་དང་མདངས་གཏོང་སྟངས་བཅས་དགོས་སོ་ཅོག་གི་ལག་ལེན་ཆ་ཚང་ཤེས་ཀྱི་ཡོད་པས་མ་ཚད་འགའ་ཞིག་ནི་ལག་རྩལ་གྱི་བྱང་ཚད་ཡག་པོ་ཡོད་པར་བརྟེན་རང་རྐྱ་ཐུབ་པའི་ཐང་ཀ་ཡང་འབྲི་བཞེངས་གནང་ཐུབ་ཀྱི་ཡོད། ཡིན་ནའང་ཐང་སྐུ་ཚད་ལྡན་ཞིག་བཞེངས་བསྒྲུབ་གནང་རྒྱུ་ནི་དེ་ཙམ་ལས་སླ་པོ་མ་ཡིན་ཏེ། དེ་ནི་རི་མོའི་སྒྱུ་རྩལ་གྱི་བྱང་ཚད་དང་བསྟུན་གོམས་པ་རིམ་བགྲོད་ཀྱིས་མི་ཚེ་གང་འཚམས་ཤིག་དང་མཉམ་དུ་འཕེལ་རྒྱས་འགྲོ་དགོས་པ་ཞིག་རེད།” ཅེས་དང་། “སྔོན་འདས་ཀྱི་ལྷ་བཟོ་སྐད་གྲགས་ཆེ་བ་རེ་འགས་ལྷ་གྲངས་བཅུ་ཁ་ལང་ཙམ་མ་གཏོགས་མེད་པ་རེ་ལ་ལོ་ངོ་གཉིས་རེ་དང་། གསུམ་རེ་ཙམ་གྱི་རིང་གཟབ་ནན་བྱེད་ནས་བཞེངས་ཀྱིན་ཡོད་པས་ཐང་སྐུ་དེ་རྣམས་རྒྱང་ནས་བལྟས་ན་དེ་ཙམ་ཤེས་རྒྱུ་མེད་ཀྱང་ཟུར་ནས་མཇལ་ཚེ་གཞན་ལས་འཕགས་པའི་རི་མོ་ཞིབ་ཆ་ཅན་དང་། ཚུགས་ཀ་དོད་ལ་འཇམ་མཉེན་ཆེ་བ། འདོད་ཡོན་རྣམས་རྒྱས་སྤྲོས་ཆེ་བས་ལྟད་མོ་ཡང་ནས་ཡང་དུ་བལྟ་ཚར་རྒྱུ་མེད་པའི་རིན་ཐང་ཡོད་ཅིང་དེ་ཚོ་ནི་སྲོལ་རྒྱུན་སྒྱུ་རྩལ་གྱི་བྱང་ཚད་ཧ་ཅང་མཐོ་བའི་དཔེ་སྲིན་ན་འགྲན་ཟླ་བྲལ་བ་ཞིག་རེད།” ཅེས་ནན་བཤད་བྱེད་བཞིན་འདུག
   སླར་ཡང་<<རི་མོའི་འཛིན་གྲྭ་སྐབས་གསུམ་པའི>>སྐབས་སུ་ཡང་སློབ་གྲྭ་དེ་ཉིད་གཞུང་གི་འཛིན་སྐྱོང་འོག་མུ་མཐུད་་རྒྱུན་སྐྱོང་གནང་ཞིང་འབྲེལ་ཡོད་གོ་རིམ་གྱི་རེ་འདུན་བཞིན་དབུ་མཛད་ཧོར་ཚང་ལྷ་བཟོ་ནོར་བུ་གཡུལ་རྒྱལ་ཁོང་གིས་ཀྱང་སློབ་ཁྲིད་ཀྱི་འགན་ལེན་རྐང་བཞེས་གནང་ཡོད་འདུག། སློབ་ཕྲུག་ཀྱང་སྔར་མ་ལྟར་འཛིན་རིམ་དྲུག་པ་ཡན་གྱི་སློབ་མ་བཞི་བཅུ་ཁ་ལྷག་གོ་རིམ་ནས་བཀོད་སྒྲིག་གནང་བ་ལྟར་དེ་དག་ལ་ཁོང་གིས་མུ་མཐུད་སློབ་ཁྲིད་རྒྱུན་སྐྱོང་དང་ལག་ཤེས་སྨར་ཁྲིད་གནང་སྟེ་སྤྱི་ཚོགས་ལ་ཕན་བདེའི་འཛུགས་སྐྲུན་ཆད་མེད་སྩོལ་བཞིན་ཡོད་པ་བཅས་སོ། །
   མདོར་ན་སློབ་གྲྭ་འདི་ནི་བོད་ཀྱི་སྲོལ་རྒྱུན་རི་མོའི་ལག་ཤེས་ཀྱི་ཐོག་ནས་མང་ཚོགས་ལ་ཁ་ཡོད་ལག་ཡོད་ཀྱི་དགོས་མཁོ་བསྐོང་ཐུབ་པའི་སློབ་གསོའི་སྡེ་ཚན་ཞིག་དང་། སློབ་ཕྲུག་རྣམས་ཀྱང་ལས་རིགས་དེ་ལ་བརྟེན་ནས་རིག་གནས་ཀྱི་བྱང་ཚད་ལོ་རེ་ནས་ལོ་རེ་བཞིན་ཡག་ཏུ་འགྲོ་བ་མ་ཟད་ལས་ཀའི་ཡོང་འབབ་ལ་བརྟེན་ནས་ཁྱིམ་ཚང་བདེ་སྐྱིད་བསྐྲུན་ཐོབ་པ་བཅས་དགེ་མཚན་བསམ་གྱིས་མི་ཁྱབ་པ་ཞིག་ཡོད་འདུག་གོ། །

ལྷ་བཟོ་དབུ་མཛད་ཁོང་གི་གོ་ཐོབ་དང་ལས་གནས་གཤམ་གསལ།
༡༽སྟེང་ཆེན་རྫོང་སྲིད་གྲོས་ཀྱི་ཨུ་ཡོན།
༢༽སྟེང་ཆེན་རྫོང་སྒྱུ་རྩལ་རི་མོ་འཛིན་གྲྭའི་གདན་ཞུས་དགེ་རྒན།
༣༽ཕྱི་ལོ་༢༠༡༠དང་༢༠༡༡།གཉིས་ཀར་ས་གནས་རི་མོའི་སྒྱུ་རྩལ་ལག་ཤེས་ཐོག་ནས་གཟེངས་བསྟོད་རིམ་པ་དང་པོ་ཐོབ་པའི་ཕུལ་བྱུང་མི་སྣ།
༤༽ཕྱི་ལོ་༢༠༡༡། ལོའི་ཟླ་༡༠། པའི་ཚེས་༡༨། ཉིན་ལྗོངས་ཡོངས་ནས་སྲོལ་རྒྱུན་རི་མོའི་སྒྱུ་རྩལ་གྱི་གཟེངས་བསྟོད་རིམ་པ་དང་ཤོས་ཐོབ་སྟེ་ད་ལྟ་<<བོད་ལྗོངས་མཛེས་རྩལ་མཁས་པའི>>མཚན་གནས་བཞེས་བཞིན་ཡོད་པ་བཅས་སོ།།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག