ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> མི་སྣ། >> སྔོན་བྱོན་སྐྱེས་ཆེན། >> ཆབ་མདོ་རྟོགས་ལྡན་གཡུང་དྲུང་ཚུལ་ཁྲིམས།
ཆབ་མདོ་རྟོགས་ལྡན་གཡུང་དྲུང་ཚུལ་ཁྲིམས།
[རྩོམ་གྱི་ཡོང་ཁུངས། དལ་མཚོའི་རླབས་ཕྲེང་།] [རྩོམ་པ་པོ། ཨ་གྲགས་པ་ཚུལ་ཁྲིམས་ཡེ་ཤེས།] [ཟླ་ཚེས། 12-09-08] [ཀློག་གྲངས། ]

༄༅།། ༧ དཔལ་གྲུབ་པའི་དབང་ཕྱུག་༧ཆབ་མདོ་རྟོགས་ལྡན་གཡུང་དྲུང་ཚུལ་ཁྲིམས་མཆོག་གི་རྣམ་ཐར་ཉུང་བསྡུས་ཐོས་བསགས་དད་གསུམ་ས་བོན།།
༧ མཚུངས་མེད་དཔལ་ལྡན་བླ་མ་དམ་པའི་ཞབས་ཀྱི་པདྨོ་ལ་སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ཞིང་དང་བས་སྐྱབས་སུ་མཆིའོ།།

   དེ་ཡང་རྗེ་བླ་མ་འདི་ཉིད་ངེས་པའི་དོན་དུ་སྙ་ཆེན་པོ་ལི་ཤུ་སྟག་རིང་དེ་ཉིད་སྤྲུལ་པའི་ཟློས་གར་གྱིས་དུས་ཀྱི་ལ་ཚིགས་གང་ཞིག་ཏུ་བསྟན་དང་འགྲོ་བའི་དོན་ཕྱིར་བསམ་བཞིན་དུ་གང་ཟག་རང་མཐུན་གྱི་ཚུལ་དུ་བྱོན་པར་གསལ་ཞིང་། དེ་འབྲེལ་སྦས་དང་མངོན་པའི་གསང་གསུམ་གྱི་རྣམ་པར་ཐར་པ་ནི་ནམ་མཁའ་དང་རྒྱ་མཚོའི་ངང་ཚུལ་དུ་ལགས་ན་ཚུར་མཐོང་བདག་ལྟའི་སྤྱོད་ཡུལ་ལས་རིང་དུ་འདས་ཤིང་། མཛད་པ་ཐུན་མོང་གི་ཚུལ་ཙམ་འཆད་པ་ལ་ཡང་དེ་སྔོན་རྣམ་ཐར་རྒྱས་པ་འཁོད་པའི་ཡིག་རིགས་མི་འདུག་ཅིང་དུས་དབང་གིས་བླ་མ་མཆོག་དང་འབྲེལ་འདྲིས་ཆེ་ཞིང་ཤེས་ཡོན་ལྡན་པའི་རྒན་རབས་ཀྱང་མེད་གཤིས་དེ་ལྟར་ཞུ་བའི་རྔོ་ཡང་མི་ཐོགས་སོ། འོན་ཏེ་དམ་པའི་སྐྱེས་རབས་གསོལ་འདེབས་སོགས་ལས་གསལ་རིགས་དང་། དེ་བཞིན་དམ་པ་ཉིད་དང་དངོས་བརྒྱུད་གང་རུང་ནས་འབྲེལ་རྒྱུས་ཡོད་པའི་རྒན་རབས་འགའ་ཞིག་གི་ངག་སྒྲོས་ཅི་རིགས་ཤིག་བཞུགས་འདུག་པ་འདི་དག་ནི་ཐུན་མིན་ངོ་མཚར་འཕགས་པའི་མཛད་པ་ཤ་སྟག་ཏུ་སྣང་ཕྱིར་དོར་ན་ཤིན་ཏུ་ཕོངས་ལ་མ་འོངས་སྐལ་ལྡན་ལས་འཕྲོ་ཅན་རྣམས་ཀྱི་དད་པའི་འཇུག་ངོགས་སུ་གང་ཤེས་ས་བོན་ཙམ་ཞིག་ཟིན་ཐོར་བཀོད་པ་ལ། ཐོག་མར་རྗེ་འདི་ཉིད་རབ་བྱུང་༼༡༥༽པའི་ལྕགས་འབྲུག་ལོར་༼༡༨༨༠༽ཁྱུང་པོ་སྟེང་ཆེན་ཁུལ་གྱི་ཁྱུང་དཀར་ནག་སེར་གསུམ་ལས་ནག་རུ་སྟོད་ཀྱི་ས་ཆ་ཆབ་མདོ་ཚང་ཞེས་པར་ཡབ་ཆབ་མདོ་ལྷ་གྲགས་དང་། ཡུམ་འདན་བཟའ་༼མཚན་དངོས་མ་ཤེས་༽ཞིག་གི་སྟངས་དབྱལ་གཉིས་ལས་ངོ་མཚར་དུ་མའི་ལྟས་དང་བཅས་སྐུ་བལྟམས། སྐུ་ཡི་གཅེན་པོ་ཚེ་དབང་ཕུན་ཚོགས་དང་། གཅུང་པོ་བྱ་གྲགས་ཟེར་བ་གཉིས་ཡོད། རྗེ་ཉིད་ཆུང་ངུའི་དུས་ནས་བྱིས་པ་གཞན་དང་མི་འདྲ་བར་ཤེས་རབ་གྱི་སྟོབས་དང་ལྡན་པ་ཡི་གེ་བྲིས་ཀློག་འདོན་གསུམ་ཚེགས་མེད་མཁྱེན་ཁར། ཡུལ་དེར་དར་ཁྱབ་ཆེ་བའི་ལྷ་འབྲི་ལ་མངའ་བརྙེས་ནས་གྲགས་པ་ཡང་ཆེ། སྐུ་ནར་ཅུང་སོང་རྗེས་འཁོར་བ་མཐའ་དག་སྡུག་བསྔལ་གྱི་རྒྱ་མཚོར་གཟིགས་ཏེ་ངེས་མེད་རྒྱལ་ཁམས་པའི་བརྟུལ་ཞུགས་མཛད་དེ་དབུས་གཙང་རུ་བཞི་དང་། གངས་རིན་པོ་ཆེ། བོན་རི་སོགས་ལ་གནས་སྐོར་བྱོན། གྲུབ་དབང་སྨོན་ལམ་རྒྱལ་མཚན་གྱི་དྲུང་ནས་གྲྭ་ས་སྨན་རིའི་བརྒྱུད་པ་ཁུངས་གཙང་ལྟར་ཡི་དམ་ཕྱི་ནང་གསང་གསུམ་གྱི་དབང་ལུང་ཁྲིད་གསུམ་མང་དུ་ཞུས། གྲྭ་སའི་མཁན་སློབ་རྣམ་པའི་དྲུང་ནས་རབ་ཏུ་བྱུང་སྟེ་དག་པ་དྲང་སྲོང་གི་ཁྲིམས་ཆེན་རྫོགས་པར་བླངས། དེ་བཞིན་གདན་ས་སྨན་རི་དང་། མཁར་སྣ། གཡུང་དྲུང་གླིང་སོགས་ཀྱི་མཁན་སློབ་རྣམས་ཀྱི་ཞབས་པད་ཡུན་དུ་བསྟེན་ནས་བོན་སྒོ་ཕྱི་ནང་གསང་གསུམ་དང་། ཡི་དམ་གསས་མཁར་མཆོག་ལྔ་དང་ཞང་ཞུང་མེ་རི་སོགས་སྨིན་བྱེད་དབང་དང་། གྲོལ་བྱེད་ཁྲིད། རྒྱབ་རྟེན་ལུང་གི་རིམ་པ་བཅས་བུམ་པ་གང་བྱོའི་ཚུལ་དུ་ཐོབ། སྨན་རིའི་མཁན་ཆེན་ཁྲི་རབས་ཉེར་བདུན་པ་བསྟན་འཛིན་ཚུལ་ཁྲིམས་མཆོག་གིས་རྗེ་དམ་པ་འདི་ལ་༼འདིའི་སྐབས་དགུང་ལོ་༣༢ལ་ཕེབས།༽གསོལ་འདེབས།། ༧ ཨེ་མ་ཧོ། རྣམ་འདྲེན་དཔལ་གྱི་སྐྱབས་མཆོག་རིན་པོ་ཆེ། །ས་གསུམ་འགྲན་ཟླ་བྲལ་བ་འགྲོ་བའི་མགོན། །གངས་ཅན་ཞིང་དུ་བསྟན་པའི་དོན་མཛད་གཤེན། །བོད་ཡུལ་ས་སྟེང་ལི་ཤུའི་རྣམ་རོལ་གར། །གདུལ་བྱའི་སེམས་ཅན་ཐར་ལམ་ཕྱེད་གྱུར་རྗེ། །གཡུང༵་དྲུང༵་ཚུལ༵་ཁྲིམས༵་ཞབས་ལ་གསོལ་བ་འདེབས། །བདག་སོགས་ཁམས་གསུམ་འགྲོ་ཀུན་སངས་རྒྱས་སར། །ཕྱོགས་ཞེན་མེད་པར་ཐུགས་རྗེས་དྲང་དུ་གསོལ། །ཞེས་པ་གསོལ་འདེབས་བྱིན་རླབས་ཆར་འབེབས་ཞེས་བྱ་བ་འདི་ནི་རྒྱལ་གཤེན་མངོན་བྱོན་སྨན་རིའི་མཁན་པོ་བསྟན་འཛིན་ཚུལ་ཁྲིམས་དབང་རྒྱལ་གྱིས་ཉམས་སྣང་ལས་གསལ་བཞིན་ལྕགས་ཕག་ཟླ་ཚེས་ལ་བཀྲ་ཤིས་སྨན་དགོན་བླ་བྲང་ནས་ཕུལ་བས་དགེ་ལེགས་སུ་གྱུར་ཅིག། ཅེས་གསལ། དེ་ལྟར་མཁན་ཆེན་མཆོག་གིས་སྤྲུལ་པའི་སྐུ་ཡིན་པར་ངོས་འཛིན་གནང་། དེ་རྗེས་གནམ་མཚོའི་དོ་ལ་དབྱར་ཁར་གཅིག་པུར་ཉམས་ལེན་གྱི་བཅད་རྒྱར་བཞུགས་སྐབས་གཡུང་དྲུང་གླིང་གི་མཁན་ཆེན་སྐལ་བཟང་ཉི་མ་མཆོག་མཇལ་སྣང་ཡང་ཡང་བྱུང་ཞིང་མཐར་དགུན་དུས་མཁན་ཆེན་གྱིས་གདན་འདྲེན་གྱི་ཕོ་ཉ་བཏང་། རྗེ་ཉིད་གཡུང་དྲུང་གླིང་ལ་མ་ཕེབས་གོང་མཁན་ཆེན་སྐལ་བཟང་ཉི་རྒྱན་གྱིས་དེ་རིང་སེར་ཕྲེང་གྲ་སྒྲིག་ལེགས་པོ་བྱེད་དགོས་གསུངས་ཏེ་སེང་ཕྲེང་གིས་བསུ་བ་དང་བཅས་བོད་བྱང་ཐང་གི་ཡུལ་དུ་རང་བསྟན་འཛིན་པའི་དགོན་སྡེ་གསར་བསྐྲུན་དགོས་པའི་ལུང་ཕོག འདི་རྣམས་ཁྱུང་པོ་དགེ་སློང་ཡེ་ཤེས་རྒྱལ་མཚན་༼སྔོན་མའི་དགོན་གྱི་གྲྭ་པ་ཡིན་ལ་ཕྱིས་དེའི་ཐོག་དགེ་སློང་ཞུས་ཏེ་ད་ལྟ་ཞལ་བཞུགས།༽གྱི་ཞལ་ནས་ཐོས། འདིའི་སྐབས་མཚོའི་དོ་ནས་སྟོང་རྒྱུང་སྒྲུབ་ཕུག་ཏུ་ཕེབས་ནས་སྟོང་རྒྱུང་གི་ཕྱག་སིལ་བླ་མ་མཆོག་ལ་དངོས་གྲུབ་ཏུ་བབ་པ་དེང་སང་དགོན་གྱི་རྟེན་སྐལ་དུ་བཞུགས། དེ་ནས་གདན་སའི་མཁན་ཆེན་གྱི་བཀའ་ལྟར་རྣལ་འབྱོར་བྱ་བྲལ་གྱི་ངང་ནས་བོད་བྱང་ཐང་གི་ཕྱོགས་སུ་ཞབས་སོར་བཀོད་དེ་གསང་བ་གཡུ་རྩེར་བྱོན་སྐབས་མཁའ་འགྲོ་ཀླུ་གདོང་མའི་ཞལ་གཟིགས། གནས་དེར་མཁའ་འགྲོའི་ཚོགས་འཁོར་དང་གསོལ་སྨོན་ཐུགས་བསྐྱེད་སྤྱི་དང་ཕྱིས་སུ་བོན་བསྟན་ཆགས་པའི་ཐུགས་སྨོན་རྒྱ་ཆེར་མཛད། དེར་རྗེ་ཡི་ཞབས་རྗེས་ཤིག་ཡོད་པར་ལྷ་འདུས་མཆོག་༼དམ་པའི་དངོས་སློབ་དང་དགོན་འདིར་མཆོད་འབྲེལ་ཆེ་ཞིང་དགོན་པའི་མཆོད་གཞིས་འབྲོག་ར་ཐོག་མར་འཛུགས་མཁན་ཁོང་རྣམ་ཚང་ཡིན་གསུངས།༽གིས་གསུངས། དེ་ནས་རྫ་དམར་དང་ཨ་གྲགས་སྟོད་ཀྱི་ཡུལ་དུ་ཕེབས། དེང་སང་བྱིས་རྐེའི་མགུལ་དུ་ར་ཐང་ཞེས་པ་ཤག་ཆུའི་ཡར་ཁ་ཨར་སྟོད་ཀྱི་ཕྱུག་སྡེ་ཞིག་ཡོད་པ་ཉིན་གུང་ལུག་བཞོ་བའི་དུས་སུ་ཁེལ་ལ་ཤག་ཆུ་རྒྱས་པའི་སྒང་ཡིན་སྟབས་ཆུ་ལས་སྒྲོལ་ཐབས་གསུངས་ཀྱང་ཁོ་ཚོས་ཁྱོད་ཀྱིས་ཅི་ཟེར། ནམ་མཁའི་བྱ་མ་གཏོགས་ཆུ་ཆེན་པོ་འདི་འདྲ་སུས་བརྒལ་ཐུབ་ཟེར། དེ་ནས་རྗེ་ཉིད་ཆུ་འགྲམ་དུ་བྱོན། དེའི་སྐབས་གློ་བུར་སེར་བ་དྲག་ཏུ་བབས། ལུག་བཞོ་བའི་མི་རྣམས་ཁྱིམ་དུ་བྲོས། སེར་བ་བབས་ཟིན་རྗེས་སྒོར་ཐོན་སྐབས་རྗེ་ཉིད་ཆུ་བརྒལ་ནས་ར་ཐང་མར་ཀའི་ལ་ནས་བྱོན་པར་མཐོང་། དེར་མི་ཚང་མ་ངོ་མཚར་སྐྱེས་ཏེ་ད་ལྟའི་མི་དེ་གྲུབ་ཐོབ་འདྲ་ཨེ་ཡིན། དེ་མིན་ཆུ་ཆེན་འདི་འདྲ་སུས་བརྒལ་ཐུབ། དེ་གར་སོང་གར་འདུག་རྩད་ཨེ་ཆོད་ལྟ་དགོས་འདུག་ཅེས་གླེང་ཞེས་ཁོ་བོའི་མེས་པོ་ཨ་སྒོར་༼དགོན་འདི་བཏབ་ལོར་སྐྱེས་ཤིང་བླ་མ་མཆོག་དང་འབྲེལ་འདྲིས་ཆེ་ལ་ལོ་གྲངས་༨༥ཐོག་གྲོངས།༽གྱིས་གསུངས། ས་གནས་དེར་ཨ་གྲགས་སྨད་ཀྱི་རྒྱབ་རི་དང་དཀར་ཕྱོགས་ཡུལ་ས་རྣམས་ཀྱིས་རྗེ་ཉིད་ལ་བསུ་བ་དང་མཇལ་ཁ་ཞུས། དེ་ནས་དེང་སང་དགོན་པ་ཆགས་སའི་གནས་འདིར་བྱོན། དེར་ཡུལ་གྱི་ལུག་རྫི་ཞིག་དང་འཕྲད་པས་རྗེས་ས་གནས་འདིར་དགོན་པ་ཞིག་ཆགས་ན་གང་འདྲ་ཡོང་རྒྱུ་རེད་ཅེས་རྟེན་འབྲེལ་གྱི་ཁ་དམར་བརྟགས། རྫི་བོས་ས་འདིར་ཆོས་ལུང་ཟེར། འདིར་དགོན་པ་ཞིག་ཆགས་ན་ས་དམིགས་དུང་དཀར་གཡས་འཁྱིལ་ཞེས་པ་ཁྱད་པར་འཕགས་ཚུལ་དང་། འདུས་སྡེ་དར་ནས་བསྟན་པ་ཡུན་དུ་གནས་ཚུལ་སོགས་ངོ་མཚར་གྱི་གཏམ་མང་པོ་ཞུས། རྗེ་ཉིད་ཐུགས་ཤིན་ཏུ་དགྱེས་ནས་དགོན་པ་ཆགས་པའི་ཐུགས་ཐག་བཅད། ས་དམིགས་དེར་ཞག་གསུམ་བཞུགས་ཏེ་རྩ་གསུམ་རྒྱལ་བའི་དཀྱིལ་འཁོར་ལ་ཚོགས་མཆོད་དང་། བོན་སྐྱོང་སྲུང་མ་དང་དཀར་ཕྱོགས་ཡུལ་ས་རྣམས་ལ་གཏོར་འབུལ་དང་ཕྲིན་བཅོལ། སངས་རྒྱས་བསྟན་པ་ཆགས་པའི་ཐུགས་བསྐྱེད་སྨོན་ལམ་རྒྱ་ཆེར་བཏབ། དགོན་པའི་རྒྱབ་རིར་བསྟན་སྐྱོང་གཡུང་དྲུང་ལྷ་རྩེར་མཚན་གསོལ། དེར་བསྟན་སྐྱོང་གཡུང་དྲུང་ལྷ་རྩེ་དང་། གཉན་རྗེ་བྱ་ར་མཆེད་གསུམ། ཞིང་སྐྱོང་སད་ནེ་གཡུང་དྲུང་སོགས་དཀར་ཕྱོགས་ཡུལ་ས་རྣམས་ཀྱིས་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་སྐྱོང་བར་དམ་བཅའ་ཕུལ། རྗེ་ཉིད་ངེས་མེད་སྤྲང་པོའི་ཚུལ་བཟུང་སྟེ་ཨ་གྲགས་འཇང་ཕུན་ཚོགས་བློ་གྲོས་ཚང་ཞེས་པའི་ཁྱིམ་དུད་ཅིག་ལ་གནས་ཚང་མཛད་དེ་བཞུགས། དེང་སང་འཇང་སྟག་སྲུང་ཚང་ཡིན་ཞེས་ཁྱུང་པོ་དཔལ་རྣམ་༼རྗེ་བླ་མ་དང་མཆོད་འབྲེལ་ཆེ་བའི་དགོན་གྱི་སྦྱིན་བདག་དང་ཕྱིས་སུ་དགོན་པའི་གཉེར་པ་ཡང་བྱེད་མྱོང་།༽གྱིས་གསུངས། དེར་ལོ་ཤས་རིང་ལྷ་འབྲི་བ་དང་ཡི་གེ་འདོན་པ་སོགས་བྱས་ནས་ལྟོ་སྐྱ་གོས་ཧྲུལ་གྲྭ་པ་དཀྱུས་མ་ཞིག་གི་ཚུལ་མཛད། སྐབས་ཤིག་ལྷ་གདོང་ཚང་ཞེས་པའི་དུད་ཚང་ཞིག་ལ་གཤིན་པོའི་ཞེ་དགུར་བཞུགས་སྐབས། བྱང་རི་རྨེའི་ཚང་བླ་བྲང་སྒར་ཆེན་པོ་ཞིག་༼དེང་སང་ཤག་ཆུའི་ལྷོ་རྒྱུད་སྒར་ཆེན་ཞེས་པའི་ས།༽བཞུགས་ས་དེར་ཡོད་པར་གྲགས། རྨེའི་ཚང་བླ་མ་གསེར་ཁྲི་གཤེན་ཞེས་པ་ཞེ་དགུའི་ལམ་སྟོན་དུ་གདན་དྲངས་པས་བླ་མས་བྱང་བཞུའི་སྤར་ཆོག་གྲུབ་རྗེས་ཞེ་དགུའི་ཨ་མཆོད་འདི་བླ་མ་ཁྱད་པར་ཅན་ཞིག་འདུག ཞེ་དགུའི་ཚེ་གཤིན་པོ་དེ་རིགས་དྲུག་གི་སྦྱང་ཚད་གཅིག་ཀྱང་མཐོང་རྒྱུ་མི་འདུག་ཅེས་གསུངས་ནས་རྗེ་ལ་ཕྱག་དང་མཇལ་དར་བཅས་ཕུལ་ཞེས་ཨ་སྒོར་གྱི་ངག་ལས་ཐོས། དེ་ནས་བཟུང་ཨ་གྲགས་ཀྱི་གསོན་པོའི་སྐྱབས་འཇུག་དང་ཤི་བོའི་ལམ་འདྲེན་ཞུ་སའི་མཆོད་གནས་སུ་གྱུར། ཡུལ་སྡེ་སྤྱི་ཡི་བདེ་སྡུག་ཕྱག་མོ་ཞུས་པས་མ་འོངས་གསལ་གཟིགས་ཀྱི་མངོན་ཤེས་དང་། བཀའ་བསྒོ་དང་དབང་ཞུ་བྱས་པས་དུས་མིན་འཆི་བ་ལས་ཟློག་པ་སོགས་བྱུང་། དེ་ནས་ཡུལ་གྱི་མི་གྲགས་དཔོན་བློན་རྣམས་དང་མཉམ་འབྲེལ་གྱིས། ཨ་གྲགས་སྤྱི་བ་ཞེས་པ་དེ་བསླབ་གསུམ་ངུར་སྨྲིག་འཛིན་པའི་སྡེ་རུ་བསྒྱུར་ཏེ་དགོན་པ་ཞིག་རྒྱག་རྒྱུར་ཐག་བཅད་དེ། བོད་ས་གནས་སྲིད་གཞུང་གི་ཧོར་སྤྱི་མཁན་ཆུང་གྲགས་རྣམ་ལ་ཆོག་མཆན་སྐྱབས་རྟེན་དང་། དེ་བཞིན་སྡེ་བ་གཞུང་ལ་ཡང་ཞུས་པས་གཞུང་ནས་བླ་མ་རྩ་ཆེན་ཡིན་མིན་གྲུབ་རྟགས་ཤིག་ཞོག་ཟེར་ནས་ཆང་དཀར་ཡོལ་གང་དྲངས་པས་བླ་མས་ཕོར་པ་ཇ་ཁུག་ཁ་རྫུམ་པ་བཞིན་མཛད་པས་དེར་ཡོད་ཀུན་ཧ་ལས། འདི་དག་གཏེར་སྟོན་ནམ་མཁའ་རྡོ་རྗེའི་༼རྗེ་བླ་མའི་དངོས་སློབ་གྲགས་ཅན་གྱི་བླ་མ་ཞིག་སྟེ། འདས་ལོག་དང་ཉམས་མགུར་མང་པོ་ཡོད་ལ་ཉི་མ་ས་ཆའི་ནོར་སྣ་རི་ཁྲོད་བཏབ།༽ཞལ་ནས་ཡེ་ཤེས་རྒྱལ་མཚན་གྱིས་ཐོས་ཞེས་གསུངས། འོན་ཀྱང་གཞུང་གིས་བན་དགོན་ཞིག་སྐྱོང་དགོས་པའི་བཀའ་ཕབས། བླ་མས་ང་བན་བོན་གཉིས་ལ་ཁྱད་མི་འདུག་རུང་ལས་སྐལ་བོན་བསྟན་སྐྱོང་རྒྱུ་ཡིན། དེ་མིན་ཁྱེད་ཚོས་ང་སྐ་རགས་ཐེངས་གསུམ་སྡོམས་དང་བསྡམ་རྒྱུ་འདུག་ན་ཆོས་བསྟན་བསྐྱང་ཡང་ཆོག མི་འདུག་ན་བོན་བསྟན་སྐྱོང་གསུངས་པས་དེ་བཞིན་ཆད་དེ་དར་གྱི་སྐ་རགས་ཐེངས་གསུམ་བསྡམས་ཀྱང་བར་སྣང་སྟོང་པ་བཞིན་སོང་བས་གཞུང་གིས་བོན་དགོན་རྒྱག་ཆོག་པར་མ་ཟད་དགོན་དེ་རྩ་ཆེའི་དགོན་སྡེའི་གྲལ་དུ་བཞག དེ་ལྟར་ཨ་གྲགས་སྤྱི་བའི་ཚོགས་ཀྱི་རྟེན་རྩ་རིགས་གཅིག་བསྒྲིལ་གྱིས་རྒྱབ་རི་དུང་དཀར་གཡས་འཁྱིལ་བོན་བསྟན་ཡུན་དུ་གནས་པའི་བརྡ་རྟགས་དང་། གཡས་རི་གཡུང་དྲུང་དགུ་བརྩེགས་ནི་ཐེག་པ་རིམ་དགུའི་ཁ་ལོ་བསྒྱུར་བའི་རྟགས། མདུན་རི་ནོར་བུ་སྤུངས་པ་ནི་ལོངས་སྤྱོད་ཕུན་སུམ་ཚོགས་པའི་རྟགས། ཐང་ཆེན་མཎྚལ་བདལ་བའི་དབུས་སུ་སྦས་གནས་འབྱེད་པའི་སྒོ་སོགས་ངོ་མཚར་གྱི་ཁྱད་པར་ཅན་གྱི་གནས་དེར་མེ་འབྲུག་༼༡༩༡༦ལོ་སྟེ་བླ་མ་དགུང་ལོ་སོ་བདུན་ཡིན།༽ལོར་ཆབ་མདོ་དགོན་དཔལ་གཤེན་བསྟན་གཡུང་དྲུང་བདེ་ཆེན་གླིང་གི་འདུས་སྡེ་ཕྱག་བཏབ། དེའི་སྐབས་གཞན་གྱིས་བསྐུལ་ངོར་རྡོ་ལ་མ་ཎི་ཕྱག་གིས་བྲིས་པ་དང་། དགོན་གྱི་ཕྱོགས་བཞིར་ཞབས་རྗེས་བཞི་བཞག ཐོག་མར་དར་ཁང་ཞེས་ཁང་པ་ཀྭ་བཞི་གདུང་དྲུག་ཅིག་དང་དེ་ནས་རིམ་པར་དབུས་སུ་འདུ་ཁང་ཐོག་བརྩེགས་ཅན་དང་། སྒྲུབ་ཁང་ཐོག་བརྩེགས་ཅན། ཇ་ཁང་། བླ་བྲང་། གྲྭ་ཤག་འགའ་ཞིག་བཅས་རིམ་པར་གྲུབ། སྒྲུབ་ལྷ་ནི་བླ་མའི་ཞལ་ལུང་ངམ་སྲུང་མའི་རྟགས་རིལ་བབ་རྗེས་དགོན་གྱི་སྒྲུབ་ཁང་ནང་ཡི་དམ་དབལ་གསས་རྒྱུན་འདོན་དང་ཁྲོ་ཕུར་གཉིས་ཉིན་ཚོགས་གཏོང་རེས། སྲུང་མའི་བསྐང་བ་ཆ་ཚང་དང་ཡུལ་ས་སོགས་ཆག་མེད། ཟླ་རེའི་ཡར་ངོ་ལ་ཡི་དམ་བསྐང་འབུམ་ཚར་རེ་དང་། སྤྱིར་ན་སྒྲུབ་ལྷ་ཐོ་མཚམས་ལས་བརྒལ་མི་ཆོག་ཀྱང་ཚེས་གསུམ་ཉིན་བསྟན་སྐྱོང་གཡུང་དྲུང་ལྷ་རྩེའི་རི་རྩེར་བསང་གསོལ་གསེར་སྐྱེམས་འབུལ་བར་འགྲོ་དགོས། ཚེས་བཅོ་ལྔ་ཉིན་སྲིད་པ་རྒྱལ་མོ་དང་རྒྱལ་པོ་ཤེལ་ཁྲབ་གཉིས་ཀྱི་ཚོགས་འཁོར་དང་ནམ་གུང་དུ་མ་རྒྱལ་གཉིས་ཀྱི་བསྐང་གསོལ་འབུལ་དགོས་པ་ནི་རྗེ་ཉིད་ཀྱི་དགོངས་པ་ལྟར་ཡིན་ལ་དེར་ཁོང་གིས་སྒྲུབ་ཁང་དུ་བོན་སྐྱོང་རྣམས་ཀྱི་ཞལ་ཐང་དང་ཞལ་འབག ཁྱད་པར་རྒྱལ་པོ་ཤེལ་ཁྲབ་ཅན་དགོན་འདིའི་སྒེར་སྲུང་དཀོར་བདག་ཏུ་བསྐུལ་ཏེ་སྒྲུབ་ཁང་དུ་ཤེལ་ཁྲབ་སྐུ་གསོབ་བྱིན་ཅན་ཞིག་ཀྱང་བཞེངས་ཡོད་ཅེས་འཇམ་སར་བོན་རྒན་རྒྱལ་བུས་༼སྔ་མོར་དགོན་གྱི་དབུ་མཛད་དང་ཕྱིས་སུ་ཡང་དགོན་གྱི་འདུ་འཚོགས་དང་གར་འཆམ་གྱི་དགེ་རྒན་ཡིན།༽གསུངས། དེ་ཡང་ཁྱུང་པོ་རི་བོ་རྩེ་དྲུག་གི་རྣལ་འབྱོར་ཆེན་མོ་ཀུན་བཟང་བདེ་ཆེན་སྙིང་པོས་ལྕགས་འབྲུག་ཟླ་ཚེས་ལ་སྦྱར་བའི་དམ་པའི་སྐྱེས་རབས་རྣམ་ཐར་ལས། མཚན་ལྡན་བླ་མ་ཕྲིན་ལས་ཐོགས་མེད། །སྦས་གནས་སྒོ་འབྱེད་དགོན་སྡེ་ཆགས་བཏབ། །དགེ་འདུན་སྡེ་སྤེལ་གྱེར་བསྟན་གསལ་སྒྲོན། །ཚེ་དབང་སྒྲུབ་རྟགས་དུང་ལ་རིང་བསྲེལ། །བསྐལ་བཟང་སངས་རྒྱས་བྱིན་རླབས་རང་བབས། །ཕྲིན་ལས་ཐོགས་མེད་བླ་མས་གཟིགས་ཤིག །ཅེས་སོ།། དེ་ནས་ཁོང་གིས་བསླབ་པ་གསུམ་ལྡན་ངུར་སྨྲིག་གི་སྡེ་བསྐྱངས་ཏེ། བདག་དོན་དུ་ཐོས་བསམ་སྒོམ་གསུམ། གཞན་དོན་དུ་འཆད་རྩོད་རྩོམ་གསུམ། གཉིས་དོན་དུ་མཁས་བཙུན་བཟང་གསུམ་བཅས་འཛོམས་པའི་གཤེན་བསྟན་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་གྱིས་ཡི་དམ་ཁྲོ་ཕུར་ཞང་གསུམ་སོགས་བོན་སྒྲུབ་རྒྱུད་ཀྱི་ཉམས་ལེན་དང་། སེར་སྐྱ་དགེ་ལ་དད་པ་རྣམས་ལ་བླ་མེད་རྫོགས་པ་ཆེན་པོ་བྲུ་ཡི་ཨ་ཁྲིད་འཆད་སྤེལ་སོགས་སྐུ་ངལ་ཁྱད་བསད་ཀྱིས་གྲྭ་སའི་རིང་ལུགས་རྨ་མེད་ཀྱི་རྒྱུན་བསྐྱངས། རྗེ་འདིའི་སྐུ་རིང་ལ་མཚམས་ཆེན་ཁྱུང་པོ་བློ་གྲོས་བསྟན་འཛིན་༼༡༨༧༠ — ༡༩༤༢༽དང་། འཇང་དགེ་སློང་དཀར་པོ་༼༡༨༨༩ — ༡༩༥༥༽རྣམ་གཉིས་སྒྲུབ་གྲྭའི་དགེ་རྒན་ཆེན་མོར་བསྐོ་བཞག་དང་འབྲེལ་རྗེ་ལ་ཕྱག་རོགས་བླ་མེད་གནང་སྟེ། གྲྭ་སའི་ཕྱག་སྲོལ་རྨ་མེད་ཁུངས་གཙང་གཞན་གྱིས་བསླད་མ་ཞུགས་པར་མཛད་རྗེས་ད་ལྟ་རང་ཅག་རྣམས་ལ་རྡོ་ལག་བརྒྱུད་ཀྱི་ཚུལ་དུ་བཞག་པ་འདི་ལགས་སོ་ཞེས་འཇང་མཚམས་ཚུལ་རྒྱན་༼༡༩༤༨–༡༩༩༤ཁོང་གི་དངོས་སློབ་དགོན་ཉམས་གསོའི་སྐབས་སྔར་སྲོལ་ལྟར་སྒྲུབ་རྒྱུན་གྱི་དགེ་རྒན་མཛད་ཅིང་ཚེ་དང་སྒྲུབ་པ་མཉམ་བསྐྱལ་གྱིས་ངོ་མཚར་གྱི་རྟགས་དང་བཅས་སྐུ་གཤེགས།༽དང་། ཁྲ་བུ་རིག་འཛིན་༼བླ་མ་མཆོག་དང་ཐུགས་འདྲིས་ཆེ་བའི་གྲོང་ཆོག་ལ་མཁས་ཤིང་ཁོ་བོའི་དགེ་རྒན་ཡང་ཡིན།༽ཟུང་གིས་གསུངས།། གཞན་ཡང་མཆོག་ཉིད་ངོ་མཚར་གསང་བའི་གྲུབ་རྩལ་སྐོར་ལ། ཉིན་བདུན་རིང་རྫུ་འཕྲུལ་གྱིས་ཙ་རིར་ཕེབས་པ་དང་དུས་མཚུངས་གེ་མོ་རུ་བའི་ཡུལ་མི་འགའ་ཙ་རི་ལ་སོང་བས་གེ་མོ་གོང་རྒྱལ་ཞེས་པ་ཚ་ནད་ཀྱིས་མནར། སྔ་མོ་ཙ་རིར་འགྲོ་དུས་ནད་ཚབས་ཆེན་ཕོག་ན་རོགས་སུ་ཡིན་ཀྱང་བསྐྱུར་བ་ལས་འོས་མེད་སྟབས་གོང་རྒྱལ་ཡང་རོགས་རྣམས་ནས་གྲོ་ཆས་འདྲ་བཞག་སྟེ་ཡུལ་དུ་ལོག་པས་གོང་རྒྱལ་ལུང་སྟོང་དུ་ལུས། ཉིན་ཞིག་རབ་བྱུང་ཆས་ཅན་གྱི་མི་ཞིག་སླེབས་ཏེ་ཁྱོད་འདི་འདྲ་གང་ཡིན་ཞེས་དྲིས་པས་ཁོས་ལོ་རྒྱུས་ཞིབ་པར་ཞུས། བླ་མས་བཀའ་བསྒོ་དང་གཅོད་རྡུང་མཛད་ནས་ཞལ་སྔགས་པར་མ་ཞིག་གནང་སྟེ་ནད་ལས་གྲོལ་ཞིང་རང་ཡུལ་དུ་སླེབ་ཀྱི་རེད་གསུངས་ནས་བླ་མ་སྐོར་བར་ཕེབས། དེ་ལྟར་གོང་རྒྱལ་ནད་གཞི་དྲག་སྐྱེད་ཀྱིས་ཁྱིམ་དུ་སླེབས། དེ་ཡང་བླ་མ་དགོན་དུ་བཞུགས་སྐབས་གློ་བུར་གར་སོང་མེད་པར་ཉིན་བདུན་སོང་། ཡུལ་མི་རྣམས་ཟིང་ཟིང་ལོང་ལོང་བྱས་ཏེ་ཕྱོགས་ཀུན་བཙལ་བས་མཐར་དགོན་གྱི་མདུན་ཕྱོགས་ཀླུ་རི་ཞེས་པའི་བྲག་གསེང་དུ་རྗེ་བཞུགས་པར་མཇལ། དེང་སང་ཀླུ་རིའི་བྲག་གསེང་དུ་བླ་མའི་སྐུ་རྗེས་དང་ཞབས་རྗེས་མཇལ་རྒྱུ་ཡོད། དེ་བཞིན་བཀྲ་འབུར་ཞེས་པར་ཞགས་རྗེས་སྔོ་ཡུ་ཟེར་བ་རྡོ་ཕ་བོང་ཆེན་པོ་ཞིག་གི་རྩེར་ཞབས་རྗེས་གཉིས་སྒྲིག་དང་། རྡོ་ངོས་གོམ་པ་སྤོས་པའི་ཚུལ་དུ་ཞབས་རྗེས་གསུམ་ཙམ་འདུག་པ་དེ་དག་ཁོང་རྫུ་འཕྲུལ་གྱིས་ཙ་རིར་ཕེབས་སྐབས་བཞག་པ་རེད་ཟེར། དེ་རྗེས་གེ་མོ་རུ་བ་དགོན་འདིའི་སྟོང་མཆོད་སྐབས་དབང་དང་བྱིན་རླབས་ཞུ་བར་ཡོང་སྐབས་དམ་པའི་ཞལ་སྔགས་པར་དང་གོང་རྒྱལ་གྱིས་ཙ་རི་ནས་ཐོབ་པའི་ཞལ་སྔགས་པར་གཉིས་གཅིག་ཏུ་འདུག་པ་ཤེས། བླ་མ་མཆོག་གེ་མོ་རུ་བར་མི་ཁྱིམ་ཞིག་ལ་གཤིན་པོའི་འདས་མཆོད་དུ་གདན་དྲངས་སྐབས། གོང་རྒྱལ་ཆེད་དུ་བླ་མ་མཇལ་བར་ཡོང་སྟེ་བླ་མ་མཇལ་མ་ཐག་ཁོས་ངོ་ཤེས་ཏེ་ཚད་མེད་པའི་དད་མོས་སྐྱེས་ནས་ངུ་ངག་དང་སྦྲེལ་ཏེ་སྔོན་གྱི་ཡིན་ལུགས་རྣམས་ཞུས། ཁོས་དྲིན་གཟོ་མཚོན་བྱེད་དགོན་འདིར་ཕྱུགས་ཟོག་བརྒྱ་འབུལ་ཕུལ་ཞེས་ཨ་སྒོར་གྱིས་གསུངས། གོང་རྒྱལ་སྐོར་ཁོ་བོས་ཡུལ་དེའི་བགྲེས་སོང་འུས་རྡག་ཅེས་པར་ཆེད་དུ་བཅར་འདྲི་ཞུས་པས་ཁོང་གིས། ང་རང་ཆུང་དུས་ཆབ་མདོ་རྟོགས་ལྡན་མཇལ་མྱོང་ཡོད། གོང་རྒྱལ་ང་ཆུང་ངུའི་དུས་སུ་མི་ན་ལོན་ཞིག་འདུག་ཅིང་ངས་དེའི་སྐོར་གྱི་སྐད་ཆ་མི་ཤེས་ཡུན་རིང་མ་སོང་བར་ཁོང་གྲོངས་སོང་། ཁོའི་མི་རྒྱུད་དཔལ་ལྡན་སོགས་སྤུན་མཆེད་འགའ་དེང་སང་ཡོད་པ་འདི་ཚོ་རེད་ཟེར། རྗེ་ཡིས་ཙ་རི་ནས་གདན་དྲངས་པའི་མཆོད་རྟེན་ཤེལ་བྲག་དཀར་པོ་ཡང་དེང་སང་དགོན་གྱི་རྟེན་གསུམ་གྲས་སུ་བཞུགས། གཞན་དགོན་གྱི་ཕྱོགས་བཞིར་ཞབས་རྗེས་བརྒྱད་ཙམ་དང་། རྒྱབ་རི་གཡུང་དྲུང་ལྷ་རྩེའི་ཞོལ་དུ་ཡིག་འབྲུ་ཨ་དང་ཨཱོྃ་སོགས་དཔའ་བོ་འབྲུ་ལྔ། མ་ཎི་ཡིག་དྲུག་ཚར་གསུམ་བཅས་ཕྱག་བྲིས་གསལ་པོར་དེང་སང་མཇལ་རྒྱུ་ཡོད། ཡང་སྟོན་ཟླ་འབྲིང་པོའི་ཉ་ཡི་ཉི་མ་བཞུད་མཚམས་ལ་རྗེ་ཉིད་སྟོང་རི་གྲྭ་རྒན་ལྷ་སྐྱ་དང་མཉམ་དུ་དགོན་སྐོར་ཕེབས་ཤིང་བྱང་ངོས་སུ་ཕེབས་མཚམས་བླ་མས་ཡུམ་ཆེན་བླ་མཚོའི་༼དེང་སང་མཚོ་སྦུག་རིལ་ཡང་ཟེར་༽ནང་དུ་མེ་རི་མེ་དཔུང་འབར་བར་གཟིགས་པས་གྲྭ་རྒན་ལ་དེ་ལྟར་གསུངས་པས་ཁོས་ཅི་ཡང་མ་མཐོང་སྐད། དེ་ནས་བླ་མས་ཁྱོད་སྐོར་བར་སོང་ངས་མཚོ་ཁར་ཅིག་ལྟ་ཡོང་གསུངས་ནས་ཕེབས། དེ་སྐབས་ཨ་གྲགས་བྱང་རྒྱུད་ནས་ཡོང་བའི་འགྲུལ་པ་ཞིག་ཀྱང་མཚོ་འགྲམ་དུ་སླེབས་པས་མཚོ་དཀྱིལ་ནས་མེ་སྟག་དང་འཇའ་ཟེར་འཕྲོས་ཤིང་དེ་དང་མཉམ་དུ་རྗེ་ཉིད་ཐོན་བྱུང་བ་མཇལ་བས་དད་པའི་ཕྱག་དང་བཅས་བླ་མ་མཆོག་འདིར་ཕེབས་དོན་ཅི་ལགས་ཞུས་པས་དོན་ཆེ་བ་ཅི་མེད་གསུངས་ནས་མཉམ་དུ་དགོན་པར་ཕེབས། མི་དེས་བླ་མའི་རྫུ་འཕྲུལ་རྣམས་གཞན་ལ་བཤད་པས་སྟོང་རི་གྲྭ་རྒན་གྱིས་བླ་མ་ལ་མདང་དགོང་མཚོ་ནང་དུ་ཅི་འདུག་ཅེས་ཡང་ཡང་ཞུས། རྗེ་བླ་མས་རང་བྱུང་རྟེན་ཁྱད་འཕགས་ལི་ཤུའི་སྐུ་བརྙན་ངོ་མཚར་ཅན་དེ་མཇལ་ཁ་གནང་བའི་སྐོར་གཡང་ལུམ་༼དེ་སྔོན་དགོན་པའི་མཆོད་སྡེའི་གྲས་སུ་ཡོད། གཞིས་རྩེ་ཆོས་དོན་ལས་ཁུངས་གི་གཙོ་འཛིན་མཛད་ཅིང་ད་ལྟར་བཞུགས།༽གྱི་ངག་ལས་ཐོས། ད་ལྟ་ཡང་བྱིན་རླབས་ཀྱི་ཚན་ཁ་མ་ཉམས་པར་དགོན་གྱི་ནང་རྟེན་དུ་བཞུགས་སོ།། རྣམ་ཐར་ལས། མཚན་ལྡན་བླ་མ་འགྲོ་དོན་རྒྱུན་སྐྱོང་། །རིན་ཆེན་སྣ་ཚོགས་གྲུབ་པའི་རྒྱུ་ལས། །ལི་ཤུའི་སྐུ་བརྙན་རང་གྲུབ་གཏེར་བཏོན། །སྐྱེས་མཆོག་རྣམས་ནས་རྟེན་སྐལ་གྲངས་བབ། །བསྟན་དང་འགྲོ་བའི་དོན་དུ་རྟེན་བཞག །འགྲོ་དོན་རྒྱུན་སྐྱོང་བླ་མས་གཟིགས་ཤིག །ཅེས་སོ།། དེ་བཞིན་ནགས་ཤོད་གླང་དེལ་དགོན་གྱི་བདག་པོ་བན་དེའི་སྔགས་འཆང་སོག་རུ་འཇིགས་མེད་ཀྱི་ཚ་བོ་ནད་ཀྱིས་མནར་ཏེ་གཏོ་དཔྱད་རིམ་གྲོ་ཅིས་ཀྱང་མ་ཕན་པས། རྗེ་ཉིད་གདན་དྲངས་ཏེ་བཀའ་བསྒོ་གཅོད་རྡུང་མཛད་པས་ཕྲུ་གུ་ནད་ལས་གྲོལ། དེ་ཕྱིས་སུ་སོག་རུ་སྔགས་པ་བསྟན་འཛིན་ཟེར་བ་དེ་ཡིན་སྐད། བླ་མ་དགོན་དུ་ཆིབས་བསྒྱུར་གནང་སྐབས་༼བླ་མའི་ཆིབས་པ་ལ་འབྲོང་ནག་ཟེར།༽ཡུལ་སའི་ཕྲག་དོག་གིས་སེར་བ་དང་ཁྱད་པར་རྗེ་ཡི་སྐུ་སྟེང་དུ་ཐོག་རྒྱབ་པས་ཞབས་ཕྱི་ཤིན་ཏུ་སྐྲག་སྟེ་བླ་མའི་མདུན་དུ་བརྒྱུགས། བླ་མས་ང་རང་སྐྱོན་མི་འདུག་ཡོབ་གཉིས་ཀྱི་ནང་ཅི་འདུག་ལྟོས་གསུངས་པས་ཡོབ་གཡས་པའི་ནང་དུ་གནམ་ལྕགས་ཁྲོ་ཆུ་ལས་གྲུབ་པའི་སྟོན་པའི་སྐུ་ཞིག་དང་། གཡོན་པའི་ནང་དུ་བྱམས་མའི་སྐུ་བཅས་འདུག་པ་ཞབས་ཕྱིས་མཇལ་བ་འཇང་ཚུལ་རྒྱན་དང་། ལྷ་གདོང་ག་ལྷུག་༼སྔར་དགོན་གྱི་དབུ་མཛད་དང་འཆམ་ལ་མཁས་ཤིང་ཕྱིས་དགོན་གྱི་འདོན་ཆོག་དང་གར་འཆམ་སློབ་མཁན་ཡིན།༽གཉིས་ཀྱིས་གསུངས། རྣམ་ཐར་ལས། མཚན་ལྡན་བླ་མ་གྲུབ་པའི་རྟགས་ལྡན། །ཞལ་ཚེམས་ཡིག་འབྲུ་རིང་བསྲེལ་རང་བཞིན། །སྲ་མཁྲེགས་བྲག་ལ་སྐུ་ཞབས་རྗེས་བཞག །ཕྱག་བྲིས་ཡིག་འབྲུ་མངོན་གསལ་གྲངས་མང་། །ཐོག་གིས་མ་ཚུགས་བྱམས་སྟོན་སྐུ་འགྱུར། །ཐུགས་རྗེ་ཆེ་མངའ་བླ་མས་གཟིགས་ཤིག །ཅེས་སོ།། རྗེས་སུ་ཆིབས་པ་དེ་པདྨ་སྒྲོལ་མཚོའི་ལྷོ་ཤར་ཉིན་སྨུག་ཞུ་ཟེར་བའི་ས་རུ་གྲོངས་སྐབས་སྤྱན་ནམ་མཁར་གཟིགས་ཤིང་ལུས་དྲང་པོར་བཞུགས། རྟ་ཡི་ཕྱག་དཔུང་གཡས་པ་ཁྱུང་དཔལ་བོ་ཞེས་པས་དད་རྟེན་དུ་བླངས། དེའི་རུས་པའི་སྟེང་དུ་ཡིག་འབྲུ་གསུམ་གསལ་པོ་ཡོད་ཟེར། དེ་རྗེས་བླ་མའི་ཆིབས་པ་ཁྱུང་ནག་ཟེར་བ་ཞིག་ཡོད་ཅིང་དེ་ཡུལ་མི་སུས་མཇལ་ཡང་ཕྱག་དང་སྐོར་བ་བྱེད་སྲོལ་ཡོད་ལ། རྟ་དེ་དགོན་གྱི་རྟ་གཞན་རྣམས་དང་མཉམ་དུ་འགྲོ་ཚེ་ཡང་ཡུལ་མི་རྣམས་ཀྱིས་ཕྱག་དང་མཇལ་ཁ་ཞུ་ཞིང་རྟ་དེ་ཡང་ཕྱག་དང་མཇལ་ཁ་མ་རྫོགས་བར་རྟ་གཞན་སོང་ཡང་མི་འགྲོ་བར་འདུག་པར་རྒྱལ་བུས་བཤད། རྣམ་ཐར་ལས། མཚན་ལྡན་བླ་མ་བྱིན་རླབས་ཆེ་ལྡན། །ཞལ་ཆབ་རྨ་ཤུ་བསྙོ་འབོག་སོས་པ། །སྲུང་མདུད་ན་བའི་ནད་ཡམས་ཆོད་པ། །འབྱུང་རིགས་དབང་ཐོབ་གྲུབ་རྩལ་ཐོགས་མེད། །ངོ་མཚར་ཆིབས་རྟའི་སོག་རུས་ཡིག་འབྲུ། །བྱིན་རླབས་ཆེ་ལྡན་བླ་མས་གཟིགས་ཤིག །ཅེས་སོ།། དེ་བཞིན་རྗེ་ཉིད་སངས་རྒྱས་ཀྱི་ཞིང་དང་། མཁའ་སྤྱོད་གྱི་ཚོགས་གྲལ་རྣམས་སུ་རྫུ་འཕྲུལ་ཐོགས་མེད་ཀྱིས་གཤེགས་ཏེ་གྲུབ་ཆེན་རིག་འཛིན་མཁའ་འགྲོ་རྣམས་ཀྱི་ལྷན་དུ་ཚོགས་འཁོར་སྐོར་བ་དང་། དབང་ལུང་གདམས་ངག་ཞུས་ཚུལ་སོགས་བཤད་པ་མང་ཡང་ཞིབ་གསལ་མ་ཤེས་སྟབས་མ་བྲིས། དཔེ་མཚོན་ཙམ་དུ་ཁྱུང་དཀར་རུ་གྲུབ་ཆེན་བཟོད་པ་རིན་པོ་ཆེ་ལ་ལུང་བསྟན་སྙན་བརྒྱུད་དུ་བྱུང་བའི་རྗེ་ཡི་གསོལ་འདེབས་འདི་ལྟར། ༧ ཨེ་མ་ཧོ། གཡུང་དྲུང་བོན་གྱི་ཞིང་ཁམས་རབ་འབྱམས་ནས། །བླ་མ་ཡི་དམ་མཁའ་འགྲོའི་མཐུ་སྟོབས་ཀྱིས། །བོན་སྐྱོང་བསྟན་སྲུང་བྱིན་རླབས་གཅིག་བསྡུས་ནས། །རིག་འཛིན་ཀུན་འདུས་གཡུང་དྲུང་ཚུལ་ཁྲིམས་ཞེས། །འཛམ་གླིང་ཞིང་དུ་ཉི་ཟླའི་སྒྲོན་མེ་འདི། །ཞང་ཞུང་བོད་ཡུལ་སངས་རྒྱས་དངོས་སུ་བྱོན། །ཉིད་ཀྱི་ཐུགས་རྗེས་བྱིན་རླབས་མྱུར་དུ་སྩོལ། །འདི་ཕྱི་དངོས་སངས་ཐར་ལམ་ཕྱེད་གྱུར་ཅིག །བདག་དོན་གཞན་དོན་ལྷུན་གྲུབ་མཐའ་རུ་ཕྱིན། །གཡུང་དྲུང་ཚུལ་ཁྲིམས་ཞབས་ལ་གསོལ་བ་འདེབས།། དཔལ་ལྡན་བླ་མའི་གསོལ་འདེབས་འདི་ནི་མཁའ་སྤྱོད་རིག་འཛིན་ཚོགས་གྲལ་ནས་དྲན་པ་ནམ་མཁའི་བཀའ་ལུང་གསུང་བ་བཞིན། འཁྲུལ་མེད་སྣང་བས་དྲང་སྲོང་བཟོད་པ་རྒྱལ་མཚན་གྱིས་མདོ་ཁམས་སུམ་གླང་གྱིམ་ཤོད་གཡུང་དྲུང་དཔལ་གྱི་རི་ཡི་གནས། ཤིང་ཁྱི་ཟླ་བདུན་པའི་ཚེས་བཅུ་གཅིག་ལ་ཡི་གེར་བཏབ་ཏེ་ཕུལ་བའོ།། ཞེས་དང་། ཡང་གསོལ་འདེབས་གཞན་ཞིག་ནི། ༧ ཨེ་མ་ཧོ། །ཀུན་གཞི་སྐྱེ་མེད་སྟོང་པའི་ཀློང་དཀྱིལ་ནས། །རྫོགས་པ་མ་འགག་རིག་པ་སྣ་ཚོགས་རྩལ། །སྤྲུལ་པའི་སྐུ་མཆོག་བོན་གཤེན་གཙུག་གི་རྒྱན། །ཁྱུང་ཡུལ་གཡུང་དྲུང་བོན་བསྟན་འདུས་སྡེ་གླིང་། །འགྲོ་བའི་དོན་མཛད་སངས་རྒྱས་རྣམ་སྤྲུལ་གཟུགས། །གཡུང་དྲུང་ཚུལ་ཁྲིམས་ཞབས་ལ་གསོལ་བ་འདེབས། །ངན་སོང་དོང་སྤྲུག་ཐར་ལམ་ཕྱེད་གྱུར་ཅིག །ས་བཅུ་ཐོབ་པའི་སྨོན་ལམ་མཐའ་རུ་ཕྱིན། །འོག་མིན་ཞིང་དུ་གོ་འཕང་མྱུར་ཐོབ་ཤོག །བདེ་ཆེན་ཡང་དག་ས་ལམ་བསྒྲོད་པའི་ཕྱིར། །བདག་སོགས་མཁའ་མཉམ་འགྲོ་ཀུན་མངོན་སངས་རྒྱས། །བདག་གཞན་མེད་པར་༼ཐུགས་རྗེས་དྲང་དུ་གསོལ།། མ་དཔེར་མི་གསལ་བས་འདི་ལྟར་ཨེ་ཡིན་ཟེར་སྣང་།༽ ཞེས་པ་ཀུ་ཡིག་ཤཱི་ལའི་གསོལ་འདེབས་འདི་ནི་སྟག་ལའི་ཐུགས་སྤྲུལ་འགྲོ་མགོན་ཚུལ་ཁྲིམས་དབང་གི་རྒྱལ་པོས་ཆུ་བྱི་ཟླ་ཚེས་བཟང་པོ་ལ་གཙང་སྟོད་དཔལ་མགོན་༼འདིར་མ་དཔེ་རུལ་སྐྱོན་གྱིས་མི་གསལ།༽ཕུལ་བས་དགེ་ལེགས་སུ་གྱུར་ཅིག། ཞེས་དང་། རྣམ་ཐར་གསོལ་འདེབས་ལས། མཚན་ལྡན་བླ་མ་རྫུ་འཕྲུལ་མངོན་ལྡན། །མཁའ་སྤྱོད་ཞིང་དུ་ཚོགས་གྲལ་ཕེབས་ཤིང་། །ལྷ་ཚོགས་ཞལ་མཇལ་སྲུང་མ་བྲན་བཀོལ། །མི་མིན་ཞུ་འབུལ་བྱང་༼གྲུབ༽རྟགས་མང་བསྟན། །སྐུ་ལུས་སྤྲུལ་པས་ཉག་ཐག་འགྲོ་སྐྱབས། །རྫུ་འཕྲུལ་ཆེ་ལྡན་བླ་མས་གཟིགས་ཤིག །ཅེས་སོ། །དེ་བཞིན་རྗེ་ཉིད་ཀྱི་སྐུ་ཚེ་སྔ་མའི་འཁྲུངས་རབས་སྐོར་ལ་རྣམ་ཐར་ལས། གདོད་མའི་མགོན་པོ་ཀུན་ཏུ་བཟང་པོ། །བར་ལྷ་འོད་གསལ་ཚད་མེད་འོད་ལྡན། །འོག་མིན་གསེར་སྟེང་ཡེ་ཤེས་གཙུག་ཕུད། །འོལ་མོའི་གླིང་དུ་འོད་ཟེར་དཔག་མེད། །མུ་ལེ་ཁྱུད་མཚོར་སྟག་བཟའ་རླུང་རྒྱལ། །ཤེལ་བྲག་རྫོང་དུ་སྙ་ཆེན་ལི་ཤུ། །གཡས་རུ་ཤང་བྲག་དགོངས་མཛོད་ཆེན་པོ། །བྱ་རྒོད་བྲག་ལ་རྒྱལ་བ་བློ་གྲོས། །གྱིམ་ཤོད་གནས་སུ་བློ་ལྡན་སྙིང་པོ། །སྨན་གྱི་རི་ལ་ནམ་མཁའ་ཡེ་ཤེས། །ཁྱུང་ནག་རྫོང་དུ་༼དབལ་འབར་སྟག་སླག་ཨེ་ཡིན་སྙམ།༽ །མཎྚལ་རི་ཁྲོད་བསོད་ནམས་རྒྱལ་མཚན། །ཀུན་གྲགས་གླིང་དུ་འདུལ་བ་བློ་གྲོས། །དབྲ་སྟོན་འགྲན་བྲལ་བསྟན་འཛིན་གྲགས་པ། །གང་གི་སྒྱུ་འཕྲུལ་གཡུང་དྲུང་ཚུལ་ཁྲིམས། །ཞེས་སོ། །དེ་ལྟར་སྐུ་ཡི་ཕྲེང་བ་རྣམས་ནི་ཁྱད་པར་འཕགས་པའི་གྲུབ་ཐོབ་རིག་འཛིན་མི་ཡི་ཤ་ཚུགས་ཅན་ཏེ། བསྟན་དང་འགྲོ་བའི་དོན་ལ་མཛད་རྗེས་བླ་ན་མེད་པ་འབའ་ཞིག་བྱོན་པ་ནི་སྨོས་ཅི་དགོས།། སྐབས་ཤིག་རྗེ་ཡིས་མ་འོངས་སྔོན་གཟིགས་ཀྱི་ལུང་བསྟན་འདི་ལྟར་བྱུང་། ཨེ་མ་ཧོ། ཡུལ་གྱི་ཕྱོགས་ལ་ཨ་ལི་ཀ་ལི་བཀྲ། །སྦྱང་ཚུལ་མ་ཤེས་ཆུ་ཡི་ལྦུ་བར་འགྱུར། །སེར་སྐྱ་ཅན་གྱི་མགོ་བོ་དམར་པོ་བྱུང་། །མགོ་བོ་མི་སྲུང་གླང་ཆེན་གཟུགས་བཞི་ཞ། །ཕག་གི་ལོ་ལ་དུག་ཤིང་མེ་ཏོག་ཤར། །དུག་ལྡུམ་ཁ་སྦུབ་མུན་ནག་འཐིབ་པ་ལྟར། །མེ་ཡིས་ཚིག་པའི་ཤིང་ལ་སོལ་བ་བྱུང་། །དབྱར་གྱི་ས་ལ་རི་བོ་མགོ་བོ་སྐམ། །གཟུགས་ཕྲ་ཅན་ལ་གློ་སྙིང་ཐང་གསུམ་འཆོར། །འུག་པ་ལོང་བ་མུན་པ་ལོང་འགྲིང་༼འགྲིམ་༽བྱེད། །དཔྱིད་ཀྱི་རི་ལ་ཁུ་འཕང་བུ་ཡུག་འཕྱུར། །ཁུ་འཕང་ཞུ་བར་མ་ཤེས་ཁྲག་ལ་འགྱུར། །སྟོན་ལ་བུད་མེད་དབྱངས་ཅན་ངོ་བོ་དམར། །ཕག་གི་སྤྲུལ་པ་སྣ་ཚོགས་མདོ་སྨད་བྱུང་། །ཁ་ནས་ནད་མུག་མཚོན་གསུམ་དུག་ལྟར་ལྷུད། །བཤའ་གྲི་ཕྱར་ནས་གླིང་བཞི་ལན་རེ་འགྲིམ། །སྐྱེ་འགྲོ་ཅན་གྱི་སྲོག་ལ་དགའ་བ་ཡིན། །དེ་རྣམས་འཁོར་འབངས་ཅུང་ཙམ་མི་བདེ་འཁྲུག །རྒུན་༼དགུན་༽ལ་ལྕགས་ཀྱི་མེ་ཏོག་སྔོན་པོ་འཁྲུངས། །ལོ་འདབ་ཆར་འབེབ་དབྱར་རྔ་སྒྲོགས་པ་ལྟར། །སྟོད་སྨད་ཕྱོགས་ནས་འུར་འུར་སྒྲ་སྒྲོག་གྲགས། །བཅུ་བཅུ་རྣམས་ཀྱི་མགོ་སྒོར་ཞྭ་ལྟར་ནག །མངའ་འབངས་རྣམས་ཀྱི་ཡལ་ག་ལོ་འདབ་རྒྱས། །ཕྱོགས་བཞི་ཤིང་རྒན་སྟ་རེས་ལོ་མ་གཅོད། །ལོ་མ་ཐང་ལྷུང་སེར་བུ་རླུང་གིས་འཐུལ་༼འཐོར་༽། །གསེར་ཏོག་ཅན་གྱི་གསང་སྔགས་ཁ་འཆར་ཡལ། །ཆུ་ཤེལ་བུམ་པ་ཞབས་བརྡོལ་བྲག་ཏུ་འགྱུར། །བྲག་ལེན་སྒྲ་སྐད་ཅུམ་ཙམ་མི་ཡིས་མཐོང་། །དུང་ཤེལ་དགུ་བརྩེགས་མཆོད་རྟེན་ཡར་ལ་འཕགས། །མེ་ཤེལ་སེང་གེ་གཡུ་ཡི་རལ་པ་ཅན། །འདམ་སེང་འགྱིང་ལུགས་ཤེས་ན་གངས་རིའི་རྩེ། །ཕྱོགས་རིས་ཅན་ལ་པད་འདབ་མགུལ་ནས་དྲངས། །ཕྱི་ནང་གོ་ལྡོག་ཕོ་སྣོད་གདོན་གྱིས་བཀུམ། །གངས་ཆེན་གསེར་གྱི་རི་བོ་མ་བསྟན་ན། །དངུལ་གྱི་རྒྱ་མཚོ་ཁ་ནས་ལྷུད་པ་ལྟར། །རི་རབ་རྒྱ་མཚོ་ཙམ་ཞིག་མ་བསྟན་ན། །ནམ་མཁའི་དབྱིངས་ནས་གནམ་ལྕགས་ཐོག་མདའ་ལྷུང་། །ས་གཞིའི་མེ་ཏོག་མང་པོ་བཙའ་སད་འཁྱེར། །རིན་ཆེན་མཁོ་དགུ་སྣ་ཚོགས་བྲག་ལ་སྦས། །རྒྱ་མཚོ་འཁྱིལ་བའི་ནོར་བུ་འོད་འབར་དེ། །གྲུ་དང་གཟིངས་ཀྱི་ལྡེམ་ལྡེམ་འགྱུར་འགྱུར་ནས། །རྔ་མོང་བོང་བུ་ནོར་བུ་མེ་ལོང་འདུག །སྤྲིན་དང་ན་བུན་ཕྱོགས་འགྲོས་བྱེད་པ་ལ། །ཆར་འབབ་མི་འགྲོ་སེར་བ་འཐོར་བ་འགྲ། །ཁྱི་ནག་མི་ཡི་མགོ་ནག་ཟ་མཁན་དེ། །གོས་སེར་རྣམས་ལ་དགྲ་རུ་སྡང་བ་ལ། །ཁྱི་རྒན་སྨྱོ་བའི་རོ་དེ་དགྲ་ཡིས་གཏོར། །ཤར་ན་སྟག་མོ་འཛུམ་དྲུག་རྒྱས་པ་ལ། །འཛུམ་དྲུག་རྒྱས་ལུགས་མ་ཤེས་སྒང་དུ་འཐོར། །བྱང་ནས་དུང་གི་རུས་སྦལ་རྐང་ལག་སྐུམ། །སྦལ་པ་དུག་ཆུ་འཐུང་ནས་གནམ་ལ་ལངས། །ནུབ་ནས་ཕྱྭ་ཡི་རྒྱལ་པོ་གཡུ་རྭ་ཅན། །རྭ་ཡི་རྩེ་ལ་གསེར་མདངས་རྒྱལ་མཚན་འཛུགས། །གྲངས་རྩིས་ཚང་ནས་རྒྱལ་མཚན་མཁའ་ལ་འཕོར་༼འཕུར་༽། །ལྷོ་ཕྱོགས་འབྲུག་ལག་ནོར་བུ་རིན་ཆེན་དེ། །ནོར་བུ་སྤར་སྐུམ་མ་ཤེས་ཐང་ལ་ལྷུང་། །ཕྱོགས་མཚམས་ཀུན་ལ་གཡུང་དྲུང་ར་བ་བཀྲ། །གཡུང་དྲུང་རི་མོ་ཕྱི་བརྡར་མ་ཤེས་ན། །རྡུལ་མེད་རྡུལ་གྱིས་རི་བོ་རབ་རིབ་གཡོག །མཚན་བརྗོད་གྲངས་འདས་སྟོང་གསུམ་ཡོངས་ལ་ཁྱབ། །ཐང་ཆེན་མཎྚལ་སྟེང་ལ་ཨ་གཅིག་བྲིས། །ཨ་དེ་འབྲི་ལུགས་མ་ཤེས་གཡའ་ཡིས་ཕྱིས། །བྱ་རྒྱལ་ཁྱུང་གི་སྤྱི་བོར་ནོར་བུས་བརྒྱན། །བསྟན་ན་འདབ་ཆགས་སྤུ་སྡུག་ངོ་མཚར་ཅན། །འཕུར་ལུགས་ཤེས་ན་ལན་གསུམ་མཁའ་ལ་ལྡིང་། །སྤྲིན་དང་ན་བུན་གཞའ་ཚོན་འཇའ་ལྟར་ཤར། །ཕྱོགས་བཞི་དབུས་ལྔར་ཁ་དོག་སྣ་ཚོགས་འཆར། །མི་ཤེས་བར་མ་ཕྱ་ལམ་ཐར་མར་འགྲོ། །རྨ་བྱ་ཅན་གྱི་སྒྲོ་ལ་དུག་གི་མདོག །རྒྱ་བྱ་ཡིན་ཟེར་སྐེ་ལ་རི་མོ་བྲིས། །ནེ་ཙོ་ཡིན་ཟེར་སྨྲ་མཁན་མང་ཙམ་འདུག །གཡུ་འབྲུག་ཅན་གྱི་སྒྲ་སྐད་ཅུང་ཙམ་འདོད༼འདོན་༽། །དུང་དཀར་གཡས་འཁྱིལ་སྒྲ་སྐད་མཐའ་ལ་ཁྱབ། །གཏིང་ཐུང་སྐྱ་གའི་སྐད་དེ་གོ་དཀའ་གདའོ།། ཞེས་ལུང་འདི་ཤིན་ཏུ་བྱིན་ཆེན་བརྡ་ཚིག་ཁོ་ནར་ཡིན་འདུག་ཅིང་དོན་ནི་དུས་ཀྱི་འཕོ་འགྱུར་དང་། སངས་རྒྱས་ཀྱི་བསྟན་པ་ལ་དར་ནུབ་འབྱུང་ཚུལ། ལས་རྒྱུ་འབྲས་འཁོར་ཚུལ་སོགས་ལུང་བསྟན་གསལ་བར་འདུག་ཅེས་ཁྱུང་སློབ་ཚུལ་རྒྱན་པའི་ཞལ་ནས་གསུང་བར་གྲགས། སྐབས་ཤིག་མདོ་སྨད་བན་རྙིང་མའི་སྤྲུལ་སྐུ་གང་ཤར་རྡོ་རྗེ་ཞེས་པ་དེ་ཉིད་སྐུ་འཁོར་དང་བཅས་གཉན་རོང་ཁྲ་བོ་ལམ་རྒྱུད་ནས་རྐྱང་ཕྱག་འཚལ་ནས་ཕེབས་སྐབས། དེང་ཨ་གྲགས་ས་ཆ་རྒྱ་ལམ་དམར་རྒས་ཞེས་པར་སྒར་ཚུགས་བཞུགས་སྐབས་དེར་ཁྱུང་པོ་ཚང་ཞེས་པའི་མི་ཞིག་ཤི་བས་དེར་གདན་དྲངས། བླ་མས་བྱང་བཞུའི་འཕོ་བའི་སྐབས་གློ་བུར་འདི་སྐད་གསུངས། གཤིན་པོ་དེ་ཞག་གསུམ་ཐོག་བླ་མ་དབུ་སེ་ལ་ཤངས་ཆེ་བ་ཞིག་གདན་དྲངས་འདུག་པ་དེས་བདེ་བའི་གནས་སུ་བཀོད་ཚར་འདུག་པས་རིགས་དྲུག་གི་སྦྱོང་ཚད་གཅིག་ཀྱང་མཐོང་རྒྱུ་མི་འདུག ངས་དེ་འདྲེན་མདོག་བྱས་ན་ཁྱེད་ཚོས་ང་ལ་རྒྱུ་ནོར་འབུལ་བ་ཤེས་ཀྱང་ང་ནི་མ་བྱིན་པ་མི་ལེན་པའི་ཆོས་པ་ཞིག་ཡིན་པས་དེ་འདྲ་མི་བྱེད། ལར་ང་རང་མདོ་དབུས་ཁམས་གསུམ་མ་སོང་ས་མེད་ཀྱང་བླ་མ་དེ་འདྲ་དེ་སྔོན་མཇལ་མ་མྱོང་། བླ་མ་དེ་ད་ལྟ་གང་དུ་བཞུགས་ཡོད་དེ་མ་མཇལ་ཐབས་མེད་ཡིན་གསུངས། ཡོན་བདག་གིས་བླ་མ་དེ་ང་ཚོའི་དགོན་གྱི་བླ་མ་རེད་ད་ལྟ་ཡང་དགོན་དུ་བཞུགས་ཡོད་ཞུས། ཕྱི་ཉིན་ཡོན་བདག་གིས་བླ་མ་རྟ་ལ་ཆིབས་ནས་བྱོན་ཞུས་ཀྱང་བླ་མས་མི་དགོས་གསུངས་ནས་ཞབས་ཕྱི་དང་མཉམ་དུ་ཞབས་ཐང་མར་ཕེབས། དེ་ལྟར་ཕེབས་པ་གྲུབ་དབང་མཆོག་གིས་མངོན་ཤེས་ཀྱིས་གཟིགས་ཏེ་གྲྭ་པ་རྣམས་ལ་དེ་རིང་འགྲན་མེད་ཀྱི་སྐྱེས་བུ་ཞིག་འདིར་ཕེབ་ཀྱི་ཡོད་པས་གྲ་སྒྲིག་བསུ་བ་ལེགས་པོ་དགོས་གསུངས་ཏེ་གྲ་སྒྲིག་བྱས། དེ་ནས་ཉི་མ་དྲོས་ཙམ་དུ་དགོན་གྱི་ཤར་ཕྱོགས་ནས་གྲྭ་ཆས་གྱོན་པའི་ཨར་སྐྱོ་གཉིས་ཡོང་བ་མཐོང་། བླ་མས་ཀྱང་མཇལ་དར་བསྣམས་ཏེ་བསུ་བར་ཕེབས། བླ་མ་རྣམ་གཉིས་ཕན་ཚུན་ཕྱག་དང་མཇལ་དར་འབུལ་རེས་བྱས་ཏེ་བླ་བྲང་དུ་གདན་དྲངས། དེ་ལྟར་ཁོང་རྣམ་གཉིས་གཅིག་པུར་ཉིན་བདུན་རིང་གསུང་གླེང་མཛད་དེ་བཞུགས། དེ་ནས་བླ་མས་འདི་ནི་ཁྱད་པར་འཕགས་པའི་སྐྱེས་བུ་ཞིག་ཡིན་འདུག་སྟབས་ཨ་གྲགས་ཡུལ་སྡེ་རྣམས་ནས་སྤྱི་དབང་ཞིག་ཞུས་ན་ལེགས་པར་གསུངས་བཞིན་ཡུལ་མི་ཚང་འཛོམས་ཐོག་བླ་མ་རྣམ་གཉིས་ནས་དབང་བསྐུར་སྐབས་གང་ཤར་རིན་པོ་ཆེས་མ་ཎིའི་དབང་དང་། རྗེ་བླ་མས་དྲན་པ་ཡབ་སྲས་ཀྱི་དབང་བསྐུར། གང་ཤར་རིན་པོ་ཆེས་དང་པོ་ཁྱེད་ཀྱིས་ང་ལ་དབང་མ་བསྐུར་བར་ངས་ཁྱེད་ཀྱི་དབུ་ལ་དབང་གཏོར་འཇོག་པའི་ཐོབ་ཆ་མེད་གསུངས་ནས་རྗེ་དམ་པས་དབང་མ་བསྐུར་བར་གང་ཤར་རིན་པོ་ཆེས་དབང་མ་བསྐུར་སྐད། དེ་ལྟར་བླ་མ་རྣམ་གཉིས་ནས་ཁྲོམ་པ་ཡོངས་ལ་དབང་དང་བྱིན་མདུད་བསྩལ་ཏེ་གང་ཤར་རིན་པོ་ཆེས་དབང་གི་དམ་ཚིག་གསུང་སྐབས། ང་རང་དེ་སྔོན་གཙང་བཀྲ་ཤིས་ལྷུན་པོའི་རྒྱལ་བ་བྱམས་པའི་སྐུ་མདུན་དུ་ཕྱག་གཅིག་བཞག་པ་ཡིན། དེ་རིང་ཕྱག་འདི་ལྷ་ལྡན་ཇོ་བོའི་སྐུ་མདུན་ལ་འཚལ་རྒྱུ་ཡིན། རྗེས་སུ་ཕྱག་གཅིག་བསམ་ཡས་ཧས་པོ་རི་ལ་འཇོག་འཆར་ཡོད་ལ་ཕྱག་དེ་ཞོག་དུས་བླ་མ་ཁྱེད་མཇལ་དུ་ཡོང་གི་ཡིན་པས་དེའི་བར་རྗེ་ཉིད་སྐུ་ཚེ་བརྟན་བཞུགས་ཀྱིས་འགྲོ་དོན་མཛད་པ་ལས་ཞིང་ཁམས་གཞན་དུ་གཤེགས་མི་ཆོག ཅེས་བཀའ་ཡིས་ནན་བསྐུལ་མཛད་པས་རྗེ་བླ་མས། ཨ་ལགས་རིན་པོ་ཆེ་ཁྱེད་ཀྱིས་དེ་སྐད་མ་གསུངས་ལགས། འཆི་བ་མི་རྟག་པ་ཀུན་ལ་ཤར་བ་བཞིན་ང་བོན་རྒན་ཞིག་ལ་མི་འཆི་རྟག་ཐབས་ཨེ་ཡོད། ཅེས་ཡང་ཡང་གསུངས་ཀྱང་གང་ཤར་རིན་པོ་ཆེས་མ་གསན་ཏེ་རྗེ་དམ་པ་ཁྱེད་ནི་བདུད་འཆི་བདག་གཡུལ་ལས་རྒྱལ་ཏེ་འཆི་བ་ལ་རང་དབང་ཐོབ་པས་ངས་ཁྱེད་ལ་ཞུས་པ་ཡིན་གསུངས་ཏེ་ཁོང་རྣམ་གཉིས་ཕན་ཚུན་ཞབས་བརྟན་གསོལ་འདེབས་རེ་ཡང་འབུལ་རེས་མཛད། དེ་ནས་སྤྲུལ་སྐུ་མཆོག་སྐུ་ཕྱག་བཞེངས་ཏེ་ཕེབས། བླ་མ་ཉིད་དགོན་འདིར་སྐུ་མཚམས་བཞུགས་ཤིང་བསྟན་འགྲོའི་དོན་འབའ་ཞིག་བསྐྱངས། དེ་སྐབས་དགོན་དུ་གཙང་གྲྭ་བརྒྱ་ལྷག་ཡོད་ཅིང་བསླབ་པ་གསུམ་ལ་ཉམས་ལེན་ཆུ་བོའི་རྒྱུན་བཞིན་མཛད་པ་སྟེང་དགོན་བཀྲ་རྒྱལ་གྱིས་གསུངས། རྣམ་ཐར་ལས། མཚན་ལྡན་བླ་མ་ཡོན་ཏན་ཆེ་ལྡན། །ཚུལ་ཁྲིམས་བསླབ་པས་རྒྱུད་དུལ་སྐུ་བཙུན། །བྱང་སེམས་བསླབ་པས་གཞན་དོན་མཐའ་འཁྱོངས། །ཏིང་འཛིན་བསླབ་པས་སྤྲོས་བྲལ་དོན་རྟོགས། །བསླབ་གསུམ་དོན་ལྡན་བླ་མ་ཁྱེད་ལ། །གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས་ཤིག །ཅེས་སོ།། མདོར་ན་མར་འགྲིབ་དུས་ཚིགས་རྒུད་པ་གསོ་བའི་བླ་མ་མཆོག་བདག་ཅག་བྱང་ལྗོངས་མུན་པའི་སྨག་རུམ་བསལ་ཏེ་གཡུང་དྲུང་བོན་གྱི་བསྟན་པའི་རྒྱལ་མཚན་བཙུགས་ཤིང་ཡུལ་ཁམས་འདི་རུ་མི་ནད་ཕྱུགས་ནད་ཞི་བ་དང་། འགྲོ་རྣམས་སྨིན་གྲོལ་ཟབ་མོའི་ལམ་ལ་བཀོད་པ་ནི། སྐལ་ལྡན་རྗེ་བླ་མའི་གསེལ་ཞལ་མཇལ་བའི་དུས་རྣམས་སུ་ཞལ་ནས། སྐྱེ་དཀའ་བ་ལྷོ་རྒྱལ་འཛམ་བུ་གླིང་གི་དབུས་སུ་སྐྱེས་པ་དང་། ཐོབ་པར་དཀའ་བ་དལ་བརྒྱད་འབྱོར་བཅུ་ཚང་བའི་མི་ལུས་རིན་པོ་ཆེ་ཐོབ་ཚུལ། མཇལ་དཀའ་བ་མཚན་ལྡན་བླ་མ་དམ་པའི་ཞལ་མཇལ་ཞིང་འཕྲད་པར་དཀའ་བ་གཡུང་དྲུང་གི་བོན་རིན་པོ་ཆེ་དང་འཕྲད་པའི་དུས་འདིར་དོན་མེད་མི་ལུས་ཆུད་ཟོས་སུ་མ་སོང་བར་དགེ་སྒྲུབ་སྡིག་སྤང་དང་། ལས་རྒྱུ་འབྲས་འཁོར་བའི་ཉེས་དམིགས་སོགས་གསུང་ཚེ་སེམས་ཅན་དགེ་བའི་ལས་ལ་བློ་གཏད་ཅིང་དགྲ་འདུལ་གཉེན་སྐྱོང་གི་འཆིང་ཐག་གྲོལ། རང་ལུས་གཅེས་འཛིན་གྱི་འཁྲུལ་སྣང་ཞིག སྒོ་གསུམ་དགེ་བའི་ཕྱོགས་སུ་བཀོལ་ཏེ་དབེན་པའི་གནས་སུ་ཚེ་དང་སྒྲུབ་པ་མཉམ་པའི་ཞལ་སློབ་ཀྱང་དུ་མར་འཕེལ་བར་གྲགས་སོ།། དེ་ལྟར་ཡང་ཀུན་བཟང་བདེ་ཆེན་སྙིང་པོས་ཕུལ་བའི་བླ་མའི་རྣལ་འབྱོར་སྐལ་ལྡན་ཡིད་ཀྱི་འདོད་འཇོ་ལས། བསྟན་པའི་གཞི་མ་སོ་ཐར་སྤྱོད་ཚེ། །དགེ་བའི་བསྙེན་གནས་གཙང་གཙུག་སྡེ་དང་། །དྲང་སྲོང་ཉིས་བརྒྱ་ལྔ་བཅུའི་སྡེ་རྣམས། །ཚུལ་དང་ཁྲིམས་ལ་ཉམས་པ་མེད་པར། །ཚུལ་ཁྲིམས་བླ་མེད་ཕྱིན་པར་མཛོད་ཅིག །གྲུབ་དབང་གཡུང་དྲུང་ཚུལ་ཁྲིམས་མཁྱེན་ནོ། །བྱང་ཆུབ་སེམས་དཔའི་དོན་ལ་བསླབ་ཚེ། །སེམས་དཔའ་རྣམ་གཉིས་བསླབ་བྱའི་གནས་རྣམས། །མ་ལུས་ཤེས་ནས་གཞན་ཕན་སེམས་སྐྱེས། །འགྲོ་དྲུག་སེམས་ཅན་ཕ་མར་ཤེས་ནས། །རང་ལས་གཞན་གཅེས་བྱང་ཆུབ་སེམས་ཀྱིས། །བདེ་སྡུག་གཏོང་ལེན་ཤེས་པར་མཛོད་ཅིག །གྲུབ་དབང་གཡུང་དྲུང་ཚུལ་ཁྲིམས་མཁྱེན་ནོ། །ཉེ་ལམ་ཟབ་མོ་གསང་སྔགས་སྒྲུབ་ཚེ། །དབང་བཞི་ཡོངས་སུ་རྫོགས་པར་ཐོབ་ཅིང་། །རྒྱུད་སྡེ་བཞི་ཡི་དམ་ཚིག་ཀུན་ལྡན། །རིམ་གཉིས་ཟབ་མོའི་དོན་ལ་གོམས་ནས། །རིག་འཛིན་རྣམ་བཞིའི་གོ་འཕང་བཀོད་ཅིག །གྲུབ་དབང་གཡུང་དྲུང་ཚུལ་ཁྲིམས་མཁྱེན་ནོ། །རྫོགས་པ་ཆེན་པོའི་ལམ་སྒོར་ཞུགས་ཚེ། །སྤྲོས་བཅས་སྤྲོས་མེད་ཤིན་ཏུ་སྤྲོས་མེད། །རབ་ཏུ་སྤྲོས་པ་མེད་པའི་དབང་ཐོབ། །ཁྲིགས་ཆོད་ཐོད་རྒལ་ཉམས་ལེན་ནུས་ཤིང་། །སྣང་བཞི་མཐར་ཕྱིན་བོན་ཉིད་ཟད་སར། །ཀུན་བཟང་དགོངས་པའི་ངང་ལ་ཞོག་ཅིག །ཅེས་སོ།། དེ་ནས་ལོ་གང་མཚམས་སོང་རྗེས་རྗེ་ཉིད་གེ་མོ་ཚོ་བའི་སྤྱི་དབང་བསྐུར་དུ་ཕེབས་སྐབས་སྤྲུལ་སྐུ་གང་ཤར་མཆོག་ཀྱང་བསམ་ཡས་ལ་ཕྱག་བཞག་ཟིན་ནས་ཕྱིར་ཕེབས་ཏེ་རྗེ་དང་མཇལ་འཕྲད་ཀྱིས་གསུང་མོལ་ཞིབ་པར་གནང་སྟེ་ཉིན་གསུམ་ཙམ་བཞུགས། སྔོན་གྱི་ཞལ་ཆད་ལྟར་བླ་མ་རྣམ་གཉིས་མ་མཇལ་བར་དུ་ལོ་བཅུ་གསུམ་ཙམ་སོང་སྐད། དེ་ནས་གང་ཤར་རིན་པོ་ཆེ་རང་ཡུལ་དང་། བླ་མ་མཆོག་རང་དགོན་དུ་ཕྱིར་ཕེབས། འགྲོ་མགོན་གཡུང་དྲུང་ཚུལ་ཁྲིམས་ཉམས་སྣང་དང་། ཞིང་ཕེབ་སྐབས་ཀྱི་སྒྲུབ་རྟགས་སྐོར་ཞེས་པ་ལས། ༧ བླ་མ་སྙ་ཆེན་ལི་ཤུ་དང་དབྱེར་མ་མཆིས་པ། དཔལ་ལྡན་བླ་མའི་ཞབས་ལ་ཕྱག་འཚལ་ལོ།། དེ་ཡང་སྐྱབས་མཆོག་འགྲོ་བའི་མགོན་པོ་རྟོགས་ལྡན་གཡུང་དྲུང་ཚུལ་ཁྲིམས་དེ་ཉིད་དགུང་ལོ་རེ་བརྒྱད་མེ་ཕག་ལོའི་ཟླ་བ་དྲུག་པའི་ཚེས་ཉེར་ལྔའི་ནུབ་མོར་ཉམས་སྣང་འདི་ལྟར་ཤར། ༼དཔེ་གཞན་ཞིག་ཏུ་ཅུང་མི་འདྲ་བ་སྣང་།༽ བོན་རྒན་གྱི་སྣང་བ་འཁྲུལ་ལམ་ལ། །སྟག་གཟིག་གྲ་རྒོད་ཅན་གྱི་མཆེ་བ་དགྲ་ལ་ངོམ། །གཅན་གཟན་གདུག་པ་ཅན་གྱི་ཁ་གདང་། །རྒྱལ་གྱི་དཀོར་དྲུག་ཅན་གྱི་ལས་བྱེད་མང་། །དྲེད་མོང་ཕག་རྒོད་སྤྱང་ཁུ་གསུམ་ནི་ཤ་ལ་དགའ། །བྱ་རྒྱལ་ཁྱུང་ཆེན་བཞིན་དུ་ཀླད་ནས་བཅོམ། །བྱ་རིགས་རྣམས་ཀྱི་སོ་སོ་སྒྲ་སྐད་གྲགས། །གཅན་གཟན་སྦར་མོ་ཅན་གྱི་སྦར་ལྕགས་ངོམ། །ཆུ་སྲིན་ཁ་དགུ་ཅན་གྱི་ཁ་དགུ་མིག་བསྒྲད། །བྱོལ་སོང་སྡིག་པ་སྦལ་པ་པིར་དང་ལྕོང་མོའི་ཁ་ནས་ཙིར་ཙིར་སྒྲོགས། །ཡུལ་ས་འཁྲོས་པའི་བོན་རྒན་དང་། །རྒན་མོ་སེ་མགོ་གཉིས་ཀྱི་འདྲ་བཞག་འདི། ང་བོན་རྒན་ལ་ཟེར། །ཤྭ་ཕོ་ཆེན་ཤི་ན་ཤི་ས། །མགོ་རུ་བཅུ་ས་ལ་འཐོར་ས། །ཡུལ་འདི་ན་འདུག་པའི་རེས་མོས་འཁོར། །ལྕགས་འབྲུག་ལོ་བའི་སེར་མོ་དེ། །ལྷོ་ནུབ་སྲིན་པོའི་ཡུལ་དུ་གཤེགས། །ཞེས་དང་། དེ་ནས་མེ་མོ་ཞབས་སྐོར་ཕེབས་༼མེ་མོར་ཕེབས་ཞོར་དང་ར་བླ་བྲང་དུ་བྱོན་ནས་གུ་རུ་བླ་མ་གཡུང་དྲུང་རྒྱལ་མཚན་༼༡༩༣༦མེ་བྱི་ལོར་འཁྲུངས་༽ཕྲུ་གུ་ཆུང་ངུ་ཞིག་ཡོད་པས་དེ་རིང་བླ་ཆུང་འདི་ལ་ཚེ་སྒྲུབ་དབང་བརྒྱ་ཞིག་བསྐུར་དགོས་གསུངས། ཡབ་ཀྱིས་དེ་རིང་རུ་བ་སྤོ་དགོས་པས་སྟབས་བདེ་མིན་གྱིས་རྗེས་སོར་མཛད་ན་ཞུས་པས་བླ་མས་ཡིན་གཅིག་བསྐུར་དགོས་གསུངས་ནས་དབང་གནང་། བླ་མ་ལ་ཞོ་ཞལ་དཀར་གང་དྲངས་པས་ཅུང་ཟད་བཞེས་ཏེ་འཕྲོ་རྣམས་དེ་གར་བླ་ཆུང་གིས་འཐུང་དགོས་གསུངས་ནས་བླ་ཆུང་ལ་གསོལ་བཅུག ཞལ་དཀར་ཆུ་འཁྲུ་མི་དགོས་གསུངས་ནས་བསྟན་རྒྱུན་བསྐྱང་བའི་ཐུགས་སྨོན་མཛད་དེ་ཕེབས། ཕྱིས་སུ་བླ་མ་གཡུང་དྲུང་རྒྱལ་མཚན་གྱིས་དགོན་འདི་ཉམས་གསོ་བྱ་བའི་སྐལ་པ་བྱུང་ཞིང་ཁོང་གི་མི་རྒྱུད་སྔོན་མ་རྣམས་ལ་ཚེ་རིང་པོ་ཐུབ་པ་དཀོན་ཡང་ཁོང་ཚེ་རིང་ཙམ་ཐུབ་པ་ཡང་བླ་མ་དམ་པའི་སྐུ་དྲིན་ཡིན་པ་འདྲ་གསུངས།༽ནས་ངོ་མཚར་གྱི་རྟགས་མང་དུ་སྣང་བས་ཡིག་ཚོགས་འདི་རུ་མ་བྲིས། ཞེས་དང་། དེར་ཞབས་རྗེས་བཞག་པ་ད་ལྟ་ཡང་མཇལ་རྒྱུ་ཡོད། དེ་ཉིད་ལས། སླར་ཧོར་ཟླ་བརྒྱད་པའི་ཚེས་ཉི་ཤུ་གཉིས་སྐུ་བསྙུང་གཞིའི་ཚུལ་བསྟན་ནས། ཚེས་ཉེར་བཞི་ཉིན་སྙུང་གཞི་དང་བ་ཡོང་སྐབས་སུ། སྐུ་ཚ་རྒྱལ་ཚབ་རིན་པོ་ཆེས་སྣང་གསལ་རིན་པོ་ཆེ་སྤྱན་འདྲེན་ཞུ་ཞུས་པས། ཞལ་ནས་ད་ལྟ་ཕེབས་མི་ཐུབ་པ་འདྲ། ཞག་བཞིའི་ཐོག་ནས་བྱོན་དགོས་པ་འདྲ་གསུངས། ཞེས་གསལ།། ཡང་དགོན་འདིའི་མ་དགོན་དཔལ་ལྡན་གཡུང་དྲུང་གླིང་ངམ་གྲྭ་ས་གོང་འོག་གི་མཁན་སློབ་རྣམས་དཀའ་དྲིན་ཆེ་ཚུལ་དང་། བོན་རྙིང་མའམ་རྒྱལ་བ་བྲུ་ཡི་རིང་ལུགས་གསེར་ཞུན་མ་ཞེས་པའི་བཀའ་གསུང་བདུད་རྩིའི་ཐིགས་པ་རང་ཅག་རྗེས་འཇུག་ཀུན་གྱི་སྤྱི་བོར་བབས་ཡོད་པས་ཐུགས་བསམ་ནན་ཏན་དགོས་པའི་ཚུལ་དང་། དགོན་འདིའི་ལམ་ལུགས་རྒྱལ་བ་མཉམ་མེད་ཆེན་པོའི་བཅའ་ཁྲིམས་རྩ་འཛིན་དགོས་ཚུལ་སོགས་བསླབ་བྱ་ཞལ་ཏ་མང་དུ་གནང་། འདིའི་སྐོར་རྣམས་ཁྱུང་པོ་སྟེང་ཆེན་དགོན་གྱི་མཚམས་པ་བཀྲ་རྒྱལ་གྱི་ཞལ་ནས་ཐོས་སོ།། དེ་ཉིད་ལས། ཚེས་ཉེར་ལྔ་རྒྱལ་ཕུར་འགྲུབ་སྦྱོར་ཐོ་རངས་ཁར་འདིར་སྣང་སྐུ་ཡི་བཀོད་པ་བསྡུས་ནས་དགོངས་པ་བོན་ཉིད་དབྱིངས་སུ་གཤེགས་སོ།། དེ་ནས་བདུན་གཅིག་བར་སྐུ་གདུང་ཡར་ལ་འཕགས་པ་དང་། སྐུ་མདོག་གཞོན་ནུ་ལྟར་དཀར་བ། བདུན་གསུམ་བཞིའི་ཐོག་དང་། དགོངས་ཞག་ཁོག་ལ་གཟིམ་ཁང་ཕྱི་ནང་ལ་འཇའ་འོད་མི་འདྲ་བ་སྣ་ཚོགས་ཤར་བ་དང་། སྒྲ་དང་མེ་ཏོག་གི་ཆར་འབབ་པ་སོགས་ངོ་མཚར་གྱི་རྟགས་མང་དུ་བྱུང་བའོ།། དེ་ནས་ཧོར་ཟླ་བཅུ་པའི་ཚེས་བཅོ་བརྒྱད་དགོངས་ཞག་རྫོགས་མཚམས་བཀྲ་ཤིས་གསོལ།། ཞེས་གསལ་ལོ།། དེ་ནས་དམ་པའི་ཞལ་བཀོད་ལྟར་སྐུ་གདུང་རིན་པོ་ཆེ་ཉིད་གཡུང་དྲུང་བཀོད་ལེགས་ཀྱི་མཆོད་སྡོང་ཐོག་བརྩེགས་གཉིས་ཅན་གྱི་ནང་དུ་བཞུགས་སུ་གསོལ་བ་ཕྱིས་རིག་གསར་བར་དུ་དད་ལྡན་རྣམས་ཀྱི་སྐོར་ཕྱག་མཆོད་འབུལ་དད་པའི་རྟེན་དུ་ལྷམ་མེར་བཞུགས་སོ།།

ཞེས་པ་འདི་ནི་འབྲེལ་ཡོད་ཀྱི་ཡིག་ཆ་དང་རྒན་རབས་ཀྱི་ངག་སྒྲོས་ལས་ཇི་ལྟར་བྱུང་བ་བཞིན་བསྡུ་སྒྲིག་པོ་ནི་ཨ་གྲགས་པ་ཚུལ་ཁྲིམས་ཡེ་ཤེས་སོ།། ༢༠༡༢་༦་༢༦ཉིན་བསྟན་རྣམ་པས་གློག་ཀླད་དུ་བསྒྲིགས།།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག