ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> གསུང་རབ། >> དཔེ་ཚོགས། >> ཚུལ་ཆེན་རིན་པོ་ཆེའི་གསུང་འབུམ་པར་དུ་བསྐྲུན་པ།
ཚུལ་ཆེན་རིན་པོ་ཆེའི་གསུང་འབུམ་པར་དུ་བསྐྲུན་པ།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། རིན་སྤུངས་ཚུལ་བསྟན།] [ཟླ་ཚེས། 12-09-06] [ཀློག་གྲངས། ]

སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་མ་ཧཱ་པཎྜི་ཏ་རྗེ་བཙུན་ཚུལ་ཁྲིམས་བསྟན་པའི་རྒྱལ་མཚན་གྱི་གསུང་འབུམ་པར་དུ་བསྐྲུན་པ།
 
དཔེ་སྐྲུན་གསལ་བཤད།

   དེ་ཡང་འགྲོ་བ་མིའི་རིགས་ཀྱི་བསམ་པའི་ལོངས་སྤྱོད་གྱ་ནོམ་དུ་སྐྲུན་བྱེད་ཇི་སྙེད་ཅིག་ཡོད་པ་ལས་རང་རེའི་མཚོ་བོད་མཐོ་སྒང་དུ་གཞིས་ཆགས་པའི་གདོང་དམར་བོད་ཀྱི་ཆོས་རིག་ནི་གཟི་བྱིན་མངོན་པ་བཀྲ་བའི་ཁྱད་ནོར་ཞིག་ཡིན་པ་དེང་གི་ཆར་རྒྱལ་ཕྱི་ནང་གི་ཤེས་ནས་སྨྲ་བ་ཀུན་གྱིས་དོ་སྣང་དང་རྩིས་མཐོང་ཇེ་ཆེར་བྱས་དང་བྱེད་བཞིན་པ་ལས་ཤེས་ནུས། བོད་ཀྱི་ཆོས་རིག་འདི་ཀོའང་བསྡུས་ཏེ་བརྗོད་ན་ལོ་རྒྱུས་ཀྱི་དལ་འབབ་རིང་མོའི་གཞུང་དུ་བན་བོན་བསྟན་གཉིས་ཀྱི་སྐྱེས་ཆེན་དམ་པ་བགྲང་གིས་མི་བཟོད་པ་བྱོན་པ་དག་གིས་འབད་པ་ལྷུར་བཞེས་ཀྱི་ཉེར་ལེན་ལས་བྱུང་བ་ཡིན། བོད་མིའི་བསམ་བློའི་འཁྱེར་སོ་དང་། འཇིག་རྟེན་ལྟ་ཚུལ། དེ་ལས་འཕྲོས་པའི་རིན་ཐང་ལྟ་ཚུལ་དང་བདེ་སྡུག་གི་ལྟ་ཚུལ་སོགས་མི་རབས་ནས་མི་རབས་སུ་བརྒྱུད་ཅིང་ཆགས་ཏེ་བག་ལ་ཉར་བའི་ཐུན་མོང་གི་འདུ་ཤེས་ཤིག་ཡོད་པ་འདི་བོད་ཀྱི་ཆོས་རིག་གི་བྱིན་མཐུ་ལས་བྱུང་བའི་རྒྱུན་ཡིན་ལ། ཡི་གེའི་གཟུགས་སུ་ཕབ་ཡོད་པའི་ལྔ་ཕྲག་ཟུང་གི་རིག་གནས་ནི་བོད་ཀྱི་ཆོས་རིག་གི་རྒྱུན་ཉར་བའི་ཕུང་པོ་ཡིན། སྔ་མ་ནི་གཟུགས་མེད་ཡིན་ལ་ཕྱི་མ་ནི་གཟུགས་བཅས་ཡིན། གཟུགས་མེད་ཀྱི་ཆ་ནི་ཆོས་རིག་དེ་ཉིད་ལོངས་སུ་སྤྱོད་པའི་མི་རིགས་གང་དེའི་འདུ་ཤེས་ཀྱི་བག་ལ་ཉར་ཡོད་པས་ན་ཚོགས་པའི་རྒྱུན་མ་ཆད་ཀྱི་བར་དུ་དེ་ཡང་མངོན་ལ་མི་མངོན་པའི་ཚུལ་དུ་ཅུང་ཡུན་རིང་གནས་སྲིད། གཟུགས་བཅས་ཆ་ནི་དུས་དང་དུང་མིན་གྱི་རྐྱེན་པས་འབྱུང་ལྔའི་ལྟོ་བར་འཐིམ་པ་ལྟར་ཅུང་འཇིག་སླ། གལ་སྲིད་གཟུགས་བཅས་ཀྱི་ཆ་འཇིག་ཚེ་གཟུགས་མེད་ཀྱི་ཆའང་རིམ་བཞིན་བརླན་གཤེར་གྱིས་ཕོངས་པའི་སྡོང་ལོ་ལྟར་སྔོ་ལྗང་ལྗང་གི་གཟི་མདངས་དེ་ཡུན་རིང་གནས་དཀའ། རྒྱུ་མཚན་དེ་ལྟ་བས་ན་ཡབ་མེས་གོང་མ་རྣམས་ཀྱིས་ཤུལ་དུ་བཞག་པའི་རིག་གཞུང་འཐོར་བརླག་ཏུ་སོང་དང་འགྲོ་བཞིན་ཡོད་པ་རྣམས་མྱུར་སྐྱོབ་དང་། ཐར་ཐོར་དུ་གནས་པ་རྣམས་འཚོལ་སྡུད་དང་དག་སྒྲིག དཔེ་དཀོན་གླེགས་བམ་མདའ་ཚད་དུ་ཉར་བ་རྣམས་འགྲེམས་སྤེལ་གཏོང་རྒྱུ་ནི་ཕྱི་རབས་རྗེས་འཇུག་རྣམས་ཀྱི་བཤོལ་དུ་མེད་པའི་འགན་དུ་གྲུབ་བོ། །དེང་ཡང་རང་རེའི་མེས་རྒྱལ་གྱི་སྲིད་ཇུས་བཟང་པོའི་བྱིན་མཐུ་ལས་བན་བོན་རིས་སུ་མ་ཆད་པའི་རིག་གཞུང་འབོར་ཆེན་དེང་རབས་ཀྱི་འཕྲུལ་རྩལ་ལ་བརྟེན་ནས་དེབ་གཟུགས་སུ་དཔེ་སྐྲུན་བྱས་དང་བྱེད་བཞིན་ཡོད་པ་ནིའང་ཇི་སྐད་དུ། བཀྲ་ཤིས་ཀུན་གྱི་བཀྲ་ཤིས་པ། །གྲགས་པའི་བཀྲ་ཤིས་སྙན་གྲགས་དགེ །ཞེས་ཨེ་མ་བསྐལ་བ་བཟང་ངོ་མཚར་ཆེ་སྙམ་མོ། །ལར་གངས་ལྗོངས་རྒྱལ་བསྟན་རིས་མེད་ལས་གཡུང་དྲུང་བོན་ལུགས་ནི་སྒྲུབ་པའི་བཀའ་བབས་སུ་སོང་བས་སྔོན་བྱོན་ལོ་པཎ་མཁས་གྲུབ་རིག་འཛིན་གོང་མ་རྣམས་ཀྱིས་བཤད་སྒྲུབ་གཉིས་ལས་སྒྲུབ་པ་གཙོ་བོར་མཛད་པས་རྟོགས་པའི་བཙན་ས་བཟུང་སྟེ་གདོས་བཅས་ཕུང་པོ་འོད་ལུས་སུ་དེངས་པ་ལྟ་བུ་སྒྲུབ་པའི་འབྲས་བུ་མངོན་པ་འཕགས་པའི་སྐྱེས་ཆེན་དམ་པ་གནམ་གྱི་སྐར་མ་ས་ལ་བཀབ་པ་ལྟ་བུ་བྱོན་ཡོད་པ་ལས། མཁས་པའི་འབྲས་རྟགས་སུ་བརྩམས་ཆོས་དྲེའུ་ཡི་ཁལ་དུ་ལོན་པ་ཅན་བླ་ཆེན་དྲན་པ་དང་འགྲོ་མགོན་བློ་གྲོས། ཡར་མེ་བ། རྗེ་མཉམ་མེད་ཆེན་པོ། ཤར་རྫ་བ་སོགས་བསམ་གྱིས་མི་ཁྱབ་པ་ཞིག་བྱོན་ཡོད་མོད་ཀྱང་། ལོ་རྒྱུས་ཀྱི་མིག་རྒྱངས་ཀྱིས་མི་རིགས་ཧྲིལ་བོའི་ཆ་ནས་གཞལ་ན། བལྟོས་བཅས་སུ་ལུགས་གཞན་དང་བསྡུར་ན་ཕྱོགས་དེར་གཞོལ་བ་མ་མཛད་པའི་ཚུལ་མངོན་པར་གསལ་ལོ། །དེ་ལས་སྐབས་སུ་བབ་པའི་བརྗོད་གཞིར་གྱུར་པ་སྟེ། གཡུང་དྲུང་བོན་ལུགས་ཀྱི་གནས་ལྔ་རིག་པའི་པཎ་ཊུ་ཏ་ཆེན་པོ་ཚུལ་ཆེན་བསྟན་པའི་རྒྱལ་མཚན་༼༡༨༨༨ ༡༩༣༢༽ནི་མཁས་པའི་གོ་སར་གཤེགས་པའི་སྐྱེས་ཆེན་སྟེ་རྒྱལ་བསྟན་སྤྱི་དང་བྱེ་བྲག་ཞྭ་དཀར་བསྟན་པའི་རང་ལུགས་དྲི་མ་མེད་པ་འཛིན་པའི་སླད་དུ་བསམ་བཞིན་དུ་མདོ་སྨད་རྔ་ལྗོངས་ཕྱུག་མོའི་པང་དུ་སྐྱེ་བ་བཞེས་པ་ཞིག་ཡིན། དགུང་ལོ་ལྔའི་ཐོག་ཏུ་སྐུ་གོང་མ་ཚུལ་ཁྲིམས་ཡེ་ཤེས་ཀྱི་ཡང་སྤྲུལ་དུ་གདན་ས་བཀོད་པ་ནས་བཟུང་ཡོངས་འཛིན་ཡོན་ཏན་རྒྱ་མཚོ་དང་མཁས་གྲུབ་གཡུང་དྲུང་ཚུལ་ཁྲིམས་དབང་རྒྱལ་དང་གྲུབ་དབང་ཤར་རྫ་བ་ཆེན་པོ་སོགས་མཚན་ལྡན་བཤེས་གཉེན་དུ་མ་ལས་སྨིན་བྱེད་ཀྱི་དབང་དང་གྲོལ་བྱེད་ཀྱི་ཁྲིད། རྒྱབ་རྟེན་གྱི་ལུང་དང་བཅས་པ་དཔག་མེད་མནོས་ཤིང་། སུམ་རྟགས་དག་གསུམ་དང་སྒྲ་སྙན་རྩིས་གསུམ་སོགས་ཐུན་མོང་ཕྱིའི་རིག་པའི་སྐོར་ལའང་རང་གཞན་གཉིས་ཀའི་ལུགས་ཀྱི་སྦྱངས་པ་ཕུལ་ཕྱིན་མཛད་པས་མཁས་པའི་ཡང་རྩེར་སོན། མདོ་སྔགས་སེམས་གསུམ་དང་ཁྱད་པར་དུ་ཡང་གསང་རྫོགས་པ་ཆེན་པོར་རྩེ་གཅིག་ཏུ་ཉམས་བཞེས་མཛད་པས་གྲུབ་པའི་གོ་འཕང་བརྙེས། མདོར་ན་སྐུ་ཚེ་ཧྲིལ་བོར་རང་དོན་དུ་ཐོས་བསམ་སྒོམ་གསུམ་དང་གཞན་དོན་དུ་འཆད་རྩོད་རྩོམ་གསུམ། གཉིས་ཀའི་དོན་དུ་བཤད་སྒྲུབ་ལས་གསུམ་གྱི་དུས་འདའ་བ་མཛད་དེ་བསྟན་པའི་བདག་པོའི་ཁུར་བཞེས་པ་ཞིག་ཡིན། དམ་པ་འདི་པའི་ལྗགས་རྩོམ་ཀྱང་སུམ་རྟགས་དང་སྙན་ངག སྐར་རྩིས་སོགས་ཐུན་མོངས་རིག་གནས་སྐོར་དང་བྱང་ཆུབ་ལམ་གྱི་རིམ་པས་མཚོན་པའི་ནང་རིག་སྐོར་བཅས་པོ་ཏི་མདའ་ཚད་མ་གསུམ་ཡོད་པའང་ཇི་སྐད་དུ། ཚིག་གི་དག་ཆས་དོན་གྱི་གནད་འབྱིན་ཅིང་།།དོན་གྱི་གོ་བས་ཚིག་གི་དག་ཐོན་པ་ཞེས་བརྗོད་པ་ལྟར་ཚིག་གི་བརྗོད་བདེ་ཞིང་གཙང་བ། དོན་གྱི་གནད་ཕུག་ཅིང་གོ་སླ་བ་སོགས་མཁས་རྒུའི་ཡིད་དབང་ཅིག་ཅར་འགུགས་པའི་ཁྱད་ཆོས་འབུར་དུ་ཐོན་ནོ། །ད་ལན་རྟོགས་ལྡན་དགོན་གྱི་སྙན་ཚིག་སྨྲ་བའི་དབང་པོ་མཁྱེན་ཡངས་ཀུན་གྲོལ་རྒྱ་མཚོ་མཆོག་ནས་གསུང་འབུམ་འདི་ཀོ་དེབ་གཟུགས་སུ་ལེགས་པར་བསྒྲིགས་ཏེ་ཚད་ལྡན་དུ་དཔེ་སྐྲུན་བྱེད་པའི་རེ་འདུན་བཅོལ་བཞིན་ངེད་དཔེ་སྐྲུན་ཁང་དུ་ཕེབས་པ་ལ། ངེད་ཅག་ནས་གསེར་གྱི་ཕ་བོང་སྒོ་ལ་རང་འགྲིལ་དུ་དམིགས་ཏེ་དད་གུས་དང་སྤྲོ་དགའ་དཔག་མེད་ཀྱིས་དེ་དེ་བཞིན་ནོ་ཞེས་དཔེ་སྐྲུན་གྱི་ལས་ལ་ཞུགས་ཏེ་མཐར་པོད་གསུམ་གྱི་བདག་ཉིད་ཅན་གྱི་གསུང་འབུམ་རིན་ཐང་ཅན་འདི་ཀོ་རྒྱ་ཆེ་བའི་ཀློག་པ་བོའི་སྤྱན་སྔར་བསྟར་ཐུབ་པ་ཡིན་ལགས་ཞེས་གུས་ཨ་སྔགས་ཚེ་རིང་བཀྲ་ཤིས་སམ་བརྡ་སྤྲོད་བཏགས་མིང་དུ་སྒྲ་དབྱངས་སྨྲ་བའི་རྡོ་རྗེར་འབོད་པས་དཔེ་སྐྲུན་གསལ་བཤད་ཀྱི་ཚུལ་དུ་སྤོས་ངད་ལྡང་བའི་གྲོང་ནས་༢༠༡༢ལོའི་ཟླ་༧ཚེས་༡༣ཉིན་སུག་བྲིས་སུ་བགྱིས་སོ།།


གསུང་འབུམ་པོད་དང་བོའི་ཕྱི་ཤོག

གསུང་འབུམ་པོད་གཉིས་པའི་ཕྱི་ཤོག

གསུང་འབུམ་པོད་གསུམ་པའི་ཕྱི་ཤོག

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག