ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ལེགས་རྩོམ། >> བསླབ་བྱ། >> སྙན་བརྒྱུད་མན་ངག་གསེར་གྱི་ཐིགས་པ།
སྙན་བརྒྱུད་མན་ངག་གསེར་གྱི་ཐིགས་པ།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། རིག་འཛིན་མུ་ལ་རང་གྲོལ་རྩལ།] [ཟླ་ཚེས། 13-03-16] [ཀློག་གྲངས། ]

ཚེ་དབང་རིག་འཛིན་ཆེན་པོའི་སྙན་བརྒྱུད་མན་ངག་གསེར་གྱི་ཐིགས་པ་ཞེས་བྱ་བ་བཞུགས་སོ། །

   ཨཿ མ་བཅོས་གཡེང་མེད་ལྟ་བ་མཐའ་དང་བྲལ། །མ་སྒོམ་སྒོམ་པ་རིག་སྟོང་རང་ཞལ་མཇལ། །མ་བཅོས་སྤྱོད་པ་ཡེ་ཤེས་རོལ་པའི་རྒྱན། །མ་སྒྲུབ་འབྲས་བུ་བོན་སྐུ་ཚེ་འདིར་བཞེངས། །ཟབ་མོ་རྫོགས་ཆེན་རྒྱུད་སྡེ་རྒྱ་མཚོའི་སྙིང་། །ཡང་ཟབ་གདམས་པ་སྙན་བརྒྱུད་ཀུན་གྱི་མཆོག །མན་ངག་ཁྲིད་གདམས་ཟབ་མོ་འདི་རུ་བསྟན། །རྒྱ་ནག་ཡུལ་གྱི་གླང་ཆེན་འགྱིང་བའི་རི། །ཝ་གཉན་(万年)ཞེས་པའི་དགོན་པར་འདུག་པའི་དུས། །ཚེ་དབང་རིག་འཛིན་མཇལ་སྣང་ལུང་བསྟན་བྱུང་། །དག་སྣང་སྙན་བརྒྱུད་གདམས་པ་བདག་ལ་གནང་། །གཞི་ལམ་འབྲས་གསུམ་ལྟ་སྒོམ་སྤྱོད་གསུམ་དོན། །མ་ནོར་བསྟན་པ་གནད་དོན་མཛུབ་ཚུགས་འདི། །གང་ཟག་བློ་ཡི་སྤྱོད་པས་མ་སླད་པ། །རིག་འཛིན་མཁའ་འགྲོའི་སྙན་དུ་བརྒྱུད་པའི་བོན། །གཞི་ལ་མཛུབ་ཚུགས་ལམ་གྱི་ལམ་མཁན་འདྲ། །འབྲས་བུ་ཀུན་འབྱུང་ཡིད་བཞིན་ནོར་བུ་ཡིན། །ལྟ་བ་མཐའ་བྲལ་རྟག་ཆད་རྐྱེན་དང་བྲལ། །སྒོམ་པ་བློ་བྲལ་རིག་སྟོང་རྗེན་པ་བསྟན། །སྤྱོད་པ་ཚུལ་བྲལ་ཅི་སྤྱོད་ཤུགས་འབྱུང་གྲོལ། །དམ་པ་དྲུག་གིས་ས་བཅད་ཚིག་ཏུ་བསྟན། །གང་ཟག་སྐལ་ལྡན་རྣམས་ཀྱིས་ཉམས་སུ་ལོངས། །སྐལ་མེད་ཁ་ཁྱེར་ཅན་ལ་གསང་བའི་རྒྱ། །ས་མ་ཡ་ཨ། རིག་འཛིན་ཚེ་དབང་ཆེན་པོར་ཕྱག་འཚལ་ལོ། །བླ་མ་ཚེ་དབང་རིག་འཛིན་གྱི་ཞལ་ནས་གསུངས་པའི་གདམས་པ་ནི། །སྙན་བརྒྱུད་ཀུན་གྱི་བཅུད་བསྡུས་པ། ཟབ་མོ་བོན་གྱི་སྙིང་དང་འདྲ། །གཞི་ཡི་ངོ་བོ་བསྟན་པ་ནི། །འཁོར་འདས་ཀུན་འབྱུང་གཡོ་མེད་རྟག་ཆད་བྲལ། །དཔེ་དོན་ངེས་མེད་སྒྲ་རྟོག་ཡུལ་ལས་འདས། །སྟོང་བ་ཀུན་ཁྱབ་གསལ་བའི་རང་མདངས་ཅན། །གསལ་ལ་དངོས་མེད་སྟོང་གཟུགས་འོད་དུ་སྣང་། །ཅིར་ཡང་སྣང་རྩལ་མ་འགག་ཆོ་འཕྲུལ་གཡོ། །སྣང་གྲགས་དྲན་རྟོག་རང་བཞིན་མེད་པར་འགྱུ། །གཞི་ཡི་གནས་ལུགས་མཚན་མའི་མཚོན་བྱ་བྲལ། །གང་གིས་མ་བཟོས་རང་འབྱུང་རང་བཞིན་མེད། །རིག་སྟོང་རྗེན་ནེ་བ་དེ་དང་བོའི་གཞི། །སངས་མ་རྒྱས་ཏེ་སེམས་ཅན་གོལ་ས་མེད། །སངས་རྒྱས་སེམས་ཅན་གང་གིས་སྒྲོ་མ་བཏགས། །གཞི་འདི་ཀ་དག་དྲི་བྲལ་སངས་རྒྱས་དངོས། །འབད་རྩོལ་མ་བྱས་ཡེ་ནས་འདས་པ་ལ། །སྐྱེ་མཆེད་མ་འགག་ཅིར་ཡང་འབྱུང་རུང་གནས། །རྟག་པའི་དངོས་མེད་ཆད་པའི་མཐར་མ་ལྷུང་། །ཡོད་མེད་ཡིན་མིན་འདི་ཡིན་ངོས་བཟུང་མེད། །གསལ་སྟོང་སྙིང་བོ་བདེ་ཆེན་བོན་གྱི་སྐུ། །གཞི་ལ་གཞི་རྩལ་སྟོང་བའི་ཆོ་འཕྲུལ་འབྱུང་། །གཞི་ངོར་རང་དག་རིག་པའི་རང་ཚུགས་ཟིན། །ཀུན་ཏུ་བཟང་བོ་ཡེ་སངས་རྒྱས་པ་ཞེས། །གཞི་དག་རང་དག་དག་པ་གཉིས་ལྡན་པའི། །བོན་གྱི་སྐུ་ཞེས་དེ་ལ་བཏགས་པ་ཡིན། །གཞི་ལ་གཞི་སྣང་གཡོ་བའི་ཆོ་འཕྲུལ་ལ། །གཞན་སྣང་བཟུང་བའི་རིག་པ་ཚུགས་མ་ཐུབ། །ལྷན་སྐྱེས་མ་རིག་རྨོངས་པའི་རྒྱར་ཚུད་ནས། །ཀུན་བཏགས་སྣང་བཅས་དངོས་པོར་ཞེན་པ་ཡི། །ཆགས་སྡང་རྨོངས་པའི་ཕྲག་དོག་ཡུལ་དུ་བཟུང་། །རིག་པའི་རང་ངོ་མ་མཐོང་མ་རིག་ཞེན་པའི་སྒྲིབ། །ཀུན་གཞིར་རྨོངས་པས་སྒྲིབ་པའི་བག་ཆགས་སྣ་ཚོགས་བསགས། །བག་ཆགས་མཐུ་ལས་བརྟས་པའི་རིགས་དྲུག་ཡུལ་སྣང་ཤར། །རྒྱུ་ལ་འབྲས་བུ་ཚུལ་དུ་བདེ་སྡུག་སྣ་ཚོགས་མྱོང་། །བཟང་རྟོག་བག་ཆགས་སྟོབས་ཀྱིས་མཐོ་རིས་བདེ་གནས་གྲུབ། །ངན་རྟོག་བག་ཆགས་སྟོབས་ཀྱིས་ངན་སོང་གསུམ་དུ་འཁྲུལ། །བཟང་ངན་བག་ཆགས་མཐུ་ལས་དགེ་སྡིག་གཉིས་སུ་བརྟས། །ཡང་དག་དོན་དམ་མཐོང་ན་རྒྱུ་འབྲས་རྐྱེན་དང་བྲལ། །གཞི་ཡི་གྲོལ་འཁྲུལ་གཉིས་ཀྱི་དོན་འདི་བསྟན་པའོ། །ཡེ་སངས་རྒྱས་པའི་གཞི་དེ་ཀུན་ལ་ཡོད་མོད་ཀྱང་། །རང་གིས་རང་ངོ་མ་མཐོང་གཞན་འཛིན་ཀུན་བཏགས་བློས། །གློ་བུར་མ་རིག་གཉིས་འཁྲུལ་སྐྱེ་བཞི་རྒྱུད་ལྔའི་འགྲོ། །ཀུན་ཁྱབ་བདེར་གཤེགས་སྙིང་བོ་རང་སེམས་སངས་རྒྱས་ཏེ། །རང་ངོ་མ་མཐོང་གཞན་སྣང་བག་ཆགས་མཐུག་པོས་སྒྲིབ། །མན་ངག་ལུང་བསྟན་བླ་མའི་ཞལ་མཇལ་ནས། །དབང་བཞི་རྒྱུད་ལ་སྨིན་པའི་རང་ངོ་མཐོང་། །དྲན་བློས་རྟོག་པ་བྲལ་བའི་ཧ་རེ་བ། །ཐུན་བཅད་ངང་གིས་སྒོམ་པའི་ལྷན་ནེ་སྟོང་། །སྔོན་རྗེས་རྟོགས་པའི་སྐྱོན་བྲལ་གཞི་ངོ་སལེ་གནས། །གནས་འགྱུ་རིག་པ་ངོ་ཤེས་རྒྱུ་རྐྱེན་རྩལ་བྲལ་སྟོང་། །རྫོགས་ཆེན་དོན་ལ་སྒོམ་པ་སེམས་རིག་དབྱེ་བ་གནད། །སེམས་ནི་གཅིག་རྒྱུ་གཅིག་འགག་བློ་ཡི་རྟོག་ཚོགས་ཏེ། །བློ་བྲལ་རིག་པ་ཧ་རེ་མཐོང་བ་གནད་ཀྱི་མན་ངག་ཡིན། །བཟང་ངན་རྟོག་པ་ཅི་སྐྱེ་མཁན་པོ་འདི་ཡིན་མེད། །ཧ་སང་རང་ཡལ་གནས་པ་རིག་པའི་ཡེ་ཤེས་ཡིན། །གང་གིས་བཅོས་སླད་མེད་པ་རང་འབྱུང་སྟོང་ཆེན་གཤིས། །གང་གིས་སྒྲིབ་གཡོགས་མཚན་བྲལ་སལེ་ཧ་རེ་བ། །ཅི་སྣང་ཅི་ཤར་ཐམས་ཅད་རིག་པའི་རང་གདངས་ཏེ། །རང་འབྱུང་ཡེ་ཤེས་ཞེས་ཀྱང་འདི་ལ་ཟེར་བ་ཡིན། །འདི་ཞེས་ལྟ་སྒོམ་རྩོལ་བྲལ་ངོ་ཤེས་ལྷག་གེ་བ། །མ་ཡེངས་གཉུག་མའི་རྒྱུན་མཐུད་ངང་ལ་ངང་གིས་མཇལ། །འདི་ནི་རང་རིག་ཡེ་ཤེས་བོན་སྐུའི་དགོངས་པ་ཡིན། །འདི་དོན་རྟོགས་པའི་གང་ཟག་རབ་ནི་སྒོམ་བློ་བྲལ། །འབྲིང་གི་དྲན་པའི་རྒྱུན་མཐུད་སྒོམ་པའི་སྐྱེད་ཀྱང་བསྲིངས། །ཐ་མ་ནན་ཏན་སྒོམ་པས་རང་ངོ་ཤེས་ཙམ་འབྱུང་། །མན་ངག་ཟབ་མོ་འདི་ནི་དབང་རབ་རྣམས་ལ་བསྟན། །རིག་པའི་ཡེ་ཤེས་ངོ་ཤེས་སྣང་སྲིད་སེམས་ཀྱི་རྩལ། །འདི་ལྟར་སྣང་བ་སྣ་ཚོགས་བོན་ཉིད་སྟོང་བའི་འཕྲུལ། །དངོས་པོ་གྲུབ་པ་མེད་པ་རྨི་ལམ་ནོར་དང་མཚུངས། །བཟང་ངན་སྣ་ཚོགས་སྣང་ཡང་ཆུ་ཟླའི་གཟུགས་བརྙན་བཞིན། །རང་མདངས་རང་ལ་ཤར་བའི་རང་སྣང་སྟོང་གཟུགས་ལ། །གཞན་སྣང་ཏིལ་ཙམ་མ་གྲུབ་བྱང་ཆུབ་སེམས་ཀྱི་རྩལ། །ཆགས་སྡང་ཡུལ་ལ་རྨོངས་པས་རང་གིས་རང་མགོ་གཡོག །སྣང་བ་སེམས་སུ་ཤེས་ན་ཆགས་སྡང་ཡུལ་མ་གྲུབ། །རིག་པ་རྗེན་པར་མཐོང་བས་ཅི་སྐྱེ་རང་སར་ཡལ། །བློ་ཡིས་འབད་རྩོལ་བྲལ་བའི་གཉུག་མའི་དྲན་ཤེས་བསྟེན། །གང་ལ་གཅེས་འཛིན་མེད་པ་སྟོང་བའི་རང་གཟུགས་མཐོང་། །འདི་བྱེད་བློ་ཡིས་མ་ལྷད་བྱ་བྲལ་ལྷན་ནེ་བ། །སྒོམ་ཅན་རྣལ་འབྱོར་ཞེས་ཀྱང་འདི་ལ་བཏགས་པ་ཡིན། །རིག་པའི་རང་ངོ་མཐོང་བས་ཀུན་གཞི་སྒྲིབ་པ་བྲལ། །མ་རིག་འཁྱག་པ་ཞུ་བའི་རིག་པ་ཆུ་བཞིན་དྭངས། །སྣང་བའི་རྫུན་ཕུག་བརྡོལ་བས་རང་སྣང་དངོས་མེད་ཤེས། །བློ་སྐྱེད་གཟུང་འཛིན་བྲལ་བའི་ཀུན་གཞི་བག་ཆགས་ཟད། །རང་སེམས་བོན་སྐུར་རྟོགས་པས་རྒྱུ་འབྲས་མཚན་མ་བྲལ། །ལམ་གྱི་ཉམས་སུ་ལེན་པའི་དོན་འདི་བསྟན་པའོ། །གཞི་ཉིད་སྒྲིབ་པ་བྲལ་བས་ལམ་གྱི་རྩོལ་བ་ཟད། །འབྲས་བུ་གཞན་ལ་མི་རེ་རང་སེམས་བོན་གྱི་སྐུ། །སྣང་བ་ལོགས་སུ་མ་སྤང་རང་སྣང་དབྱིངས་སུ་དག །བཟང་ངན་རྩིས་གདབ་བྲལ་བའི་འོད་གསལ་མཁའ་ལྟར་ཁྱབ། །རྣམ་པར་རྟོག་པ་ཅི་སྐྱེས་འཛིན་མེད་རང་ཡལ་དྭངས། །ཉོན་མོངས་གཞི་ལ་མི་ཆགས་ཡེ་ཤེས་རང་མདངས་གསལ། །སྣང་བ་བོན་ཉིད་དངོས་བཞེངས་སེམས་ཉིད་མངོན་སངས་རྒྱས། །འཁོར་འདས་མཉམ་པ་གདལ་ཏེ་ཐིག་ལེ་གཅིག་ལ་འདུས། །ཡེ་ཤེས་བརྒྱད་ཁྲི་བཞི་སྟོང་མཁྱེན་པའི་རྩལ་ཀྱང་རྫོགས། །གདོས་བཅས་གཟུགས་སྣང་ཟད་ནས་དངོས་མེད་འོད་ལུས་གྲུབ། །སྐྱེ་འཆི་མིང་ཙམ་མ་གྲུབ་རྒྱུ་འབྲས་ཚད་མ་ཟད། །སྐུ་གསུམ་ལམ་སྣང་བཞེངས་ནས་འབྲས་བུ་གཞན་མེད་ཐོབ། །རིག་སྟོང་བོན་སྐུ་དངོས་བཞེངས་གསལ་སྣང་ལོངས་སྤྱོད་རྫོགས། །སྣ་ཚོགས་རྩལ་དུ་སྤྲུལ་བའི་སྤྲུལ་སྐུས་འགྲོ་བ་འདུལ། །འགྲོ་དོན་རང་དབང་འགྱུར་བའི་སྐུ་ཚེ་ངེས་པ་མེད། །སྣང་བ་དབྱིངས་སུ་དག་ནས་ཀ་དག་ངང་དུ་གནས། །ནང་དབྱིངས་འཕོ་འགྱུར་དང་བྲལ་གཞོན་ནུ་ཚུལ་དུ་བཞུགས། །སྟོང་གསལ་ལྷན་ནེ་གནས་ཀྱང་ཁ་མིག་དངོས་མ་གྲུབ། །ཕྱི་གསལ་ལྷུན་གྲུབ་སྣང་ཆ་ངེས་མེད་ཅི་ཡང་གཡོ། །སྐུ་དང་ཞིང་ཁམས་མ་ངེས་ཅི་ཡང་སྣང་དུ་ཡོད། །རིག་པ་སྐྱེ་འཇུག་དབང་ཐོབ་སེམས་ཅན་གྲངས་མེད་གྲོལ། །རྒྱུ་རྐྱེན་རྩོལ་བས་མ་བྱས་གཞི་དག་ངང་དུ་གནས། །སྣང་སེམས་ཡ་བྲལ་མ་སོང་སྙིགས་མ་དྭངས་མར་ཐིམ། །ཀ་དག་གཞི་དབྱིངས་ཆེན་པོར་དུས་གསུམ་མཉམ་པར་གནས། །འབྲས་བུ་མཐར་ཐུག་ཐོབ་པའི་སངས་རྒྱས་འདི་ལ་ཟེར། །དབང་འབྲིང་ཚེ་འདིར་མ་གྲོལ་འཆི་ཁའི་འོད་གསལ་དུ། །དབྱིངས་རིག་མ་བུ་འབྲེལ་ནས་གཞི་ཡི་རང་ས་ཟིན། །གལ་ཏེ་དེ་རུ་མ་གྲོལ་བོན་ཉིད་བར་དོ་ན། །གཞི་ལ་གཞི་སྣང་གཡོ་བའི་འོད་གསལ་ཤར་བའི་ཚེ། །རང་སྣང་དངོས་མེད་ཤེས་ནས་རིག་པའི་རང་ཚུགས་ཐུབ། །འོད་གསལ་དབྱིངས་སུ་དག་ནས་འབྲས་བུ་དུས་འདིར་བཞེངས། །དེ་རུ་མ་གྲོལ་གཞི་སྣང་འོད་གསལ་ལས། །སྐུ་དང་ཞིང་ཁམས་ལ་སོགས་རྒྱ་ཆེར་སྣང་བའི་དུས། །རང་སྣང་དངོས་མེད་ཤེས་ནས་སྐུ་དང་དབྱེར་མེད་གྲོལ། །ལོངས་སྤྱོད་རྫོགས་པའི་ཞིང་ཁམས་བཀོད་པ་ལྷུན་གྱིས་གྲུབ། །དབང་ཐ་དེ་རུ་མ་གྲོལ་སྲིད་པའི་བར་དོ་ན། །ཐེག་ཆེན་འདི་དང་འཕྲད་པའི་བག་ཆགས་བཟང་བོའི་སྟོབས། །རང་བཞིན་སྤྲུལ་བའི་ཞིང་དུ་མངོན་པར་སངས་རྒྱས་ཏེ། །ལོ་གྲངས་ལྔ་བརྒྱ་དག་ཏུ་དོན་ལ་སྒོམ་བྱས་ན། །མཐར་ཐུག་གཞི་ཡི་དབྱིངས་སུ་མི་ལྡོག་གྲོལ་བར་འགྱུར། །འབྲས་བུ་སྐུ་གསུམ་ཐོབ་པའི་དོན་འདི་བསྟན་པའོ། །
   རིག་འཛིན་ཚེ་དབང་ཆེན་པོར་ཕྱག་འཚལ་ལོ། །བླ་མ་ཚེ་དབང་རིག་འཛིན་གྱི་ཞལ་ནས་བདག་ལ་འདི་སྐད་གསུངས། །ཡང་རྩེ་བླ་མེད་ཐེག་པ་འདི། །ཉམས་སུ་ལེན་པའི་གང་ཟག་ལ། །ལྟ་སྒོམ་སྤྱོད་པ་དོན་བསྡུས་བསྟན། །སྐལ་ལྡན་ལས་འབྲེལ་ཅན་གྱི་བུ། །ཙི་ཏའི་དབུས་སུ་འཆང་བ་བགྱིས། །སྐལ་མེད་རྣམས་ལ་མ་བསྟན་ཅིག །ས་མ་ཡ་ཨ། ཡང་རྩེ་བླ་མེད་ལྟ་བ་འདི། །འཁོར་འདས་གཉིས་མཉམ་ཡང་དོག་མེད། །བཟང་ངན་བདེ་སྡུག་རྩིས་གདབ་བྲལ། །ཐམས་ཅད་བྱང་ཆུབ་སེམས་ཀྱི་རྩལ། །ལྟ་བའི་གྲོལ་ཕུག་བསྟན་པ་ནི། །ད་ལྟའི་ཤེས་པ་ཐོལ་སྐྱེས་ལ། །ཅེར་བལྟས་ཧ་རེ་མཇལ་བ་འདི། །རང་རིག་ཡེ་ཤེས་ངོ་བོ་ཡིན། །རྟག་པའི་དངོས་མེད་ངོ་བོ་སྟོང་། །ཆད་མཐའ་མ་ལྷུང་རང་བཞིན་གསལ། །རང་མདངས་འོད་ལྔ་གཡོ་བ་ལས། །རྟེན་པ་སྣོད་ཀྱི་འཇིག་རྟེན་ཀུན། །སྟོང་གཟུགས་འོད་གསལ་ངང་དུ་སྣང་། །རང་ངོ་མ་ཤེས་གཞན་འཛིན་གྱིས། །ཁམས་གསུམ་སེམས་ཅན་འདི་ལ་འཁྲུལ། །རང་གི་རིག་ངོ་རྟོགས་པ་ཡིས། །ཇི་ལྟར་སྣང་ཡང་སྟོང་བའི་རྒྱུན། །གཡོ་བ་བཅུད་ཀྱི་སེམས་ཅན་ཡང་། །བྱང་ཆུབ་སེམས་ཀྱི་རྩལ་སྣང་སྟེ། །ཆགས་སྡང་གཟུང་འཛིན་བྲལ་བ་ན། །སྟོང་གཟུགས་ཡེ་ཤེས་རོལ་པའི་ངང་། །མྱ་ངན་འདས་ལས་ཤར་བ་ཡི། །རྒྱལ་བའི་ཞིང་ཁམས་གྲངས་མེད་པ། །དངོས་པོ་མ་གྲུབ་སེམས་ཀྱི་རྩལ། །འཁོར་བའི་འགྲོ་རྣམས་འཁྲུལ་བ་ཡི། །རིགས་དྲུག་བར་དོའི་སྣང་བ་ཡང་། །དངོས་པོ་མ་གྲུབ་སེམས་ཀྱི་རྩལ། །རྒྱུ་དང་འབྲས་བུ་བག་ཆགས་སྟོབས། །བདེ་དང་སྡུག་བསྔལ་འདྲ་མིན་ཡང་། །བྱང་ཆུབ་སེམས་ཀྱི་རོལ་པའི་རྩལ། །ཡང་རྩེ་བླ་མེད་ལྟ་བ་འདི། །འཁོར་འདས་གཉིས་མེད་སྟོང་བའི་འཕྲུལ། །ཇི་ལྟར་སྣང་ཡང་རང་སྣང་སྟེ། །གསལ་སྟོང་སེམས་ཀྱི་རང་མདངས་ཡིན། །བདེ་དང་སྡུག་བསྔལ་ཅི་འབྱུང་ཡང་། །མྱོང་བའི་མཁན་པོའི་དངོས་མ་གྲུབ། །ཀ་དག་རིག་པའི་རང་མདངས་ཏེ། །རང་འབྱུང་ཡེ་ཤེས་ངོ་བོ་ཡིན། །རྒྱུ་དང་འབྲས་བུ་གཉིས་སུ་མེད། །ཀུན་གཞི་ཀ་དག་དྲི་མ་བྲལ། །རྒྱུ་འབྲས་ཀུན་བཏགས་བློས་བཟོས་ཙམ། །གློ་བུར་རྒྱུ་རྐྱེན་དངོས་མ་གྲུབ། །རང་རིག་སྟོང་ཆེན་ལྟ་བ་འདིས། །རྒྱུ་འབྲས་མཚན་མ་དབྱིངས་སུ་དག །ཡེ་སངས་རྒྱས་པའི་མགོན་པོ་དང་། །དམྱལ་བའི་རག་ཤ་སྡེ་དཔོན་ཡང་། །བྱང་ཆུབ་སེམས་ཀྱི་རྩལ་སྣང་སྟེ། །བཟང་ངན་གཉིས་སུ་དངོས་མ་གྲུབ། །ཕྱི་སྣོད་འཇིག་རྟེན་རྒྱ་ཆེར་ཡང་། །བྱང་ཆུབ་སེམས་ཀྱི་རྩལ་སྣང་སྟེ། །ཆུ་ཟླའི་དཀྱིལ་འཁོར་ཤར་བ་བཞིན། །དངོས་མེད་སྟོང་གཟུགས་རང་སྣང་འཁྲུལ། །ནང་བཅུད་སེམས་ཅན་གྲངས་མང་ཡང་། །བྱང་ཆུབ་སེམས་ཀྱི་རྩལ་སྣང་སྟེ། །རྨི་ལམ་གྲོགས་བཞིན་སྟོང་བའི་འཁྲུལ། །དངོས་པོ་གྲུབ་པ་གང་ཡང་མེད། །ཕྱི་ནང་སྣོད་བཅུད་སེམས་ཀྱི་རྩལ། །འོད་གསལ་སྟོང་བའི་རང་གཟུགས་ཏེ། །བོན་ཉིད་དཀྱིལ་འཁོར་དངོས་སུ་སྣང་། །ཐམས་ཅད་ཐིག་ལེ་གཅིག་ཏུ་རྫོགས། །ཡང་རྩེ་རྣལ་འབྱོར་ལྟ་བ་འདི། །མཐའ་བཞི་རྒྱ་གྲོལ་དབྱིངས་ཡངས་ཞིང་། །བློ་བྲལ་རྩོལ་མེད་ཟང་ཁ་མ། །མ་ཡེངས་གཉུག་མའི་གཤིས་སུ་བཞག །ཀུན་ཤེས་བག་ཡང་བདེ་བ་ཆེ། །ཡ་ང་བག་ཚ་མེད་པ་ཡིས། །རང་སྣང་ཐག་ཆོད་འབབས་དང་ལྡན། །ལྟ་བའི་རྒྱལ་པོ་དོན་འདིས་བསྟན། །བླ་ན་མེད་པའི་སྒོམ་པ་ནི། །ཆེད་དུ་སྒོམ་པ་འདིས་མི་བཟོ། །བློ་ཡི་བཅོས་སུ་མ་སླད་པ། །བཟང་ངན་རྟོག་པ་ཅི་སྐྱེས་ཀྱང་། །མཁན་པོ་ངོས་བཟུང་རྩལ་བྲལ་སྟོང་། །གཏད་མེད་ས་ལེ་རང་རིག་པ། །བླ་ན་མེད་པའི་སྒོམ་པ་ཡིན། །ཕྱི་རུ་ཡེངས་ན་འཁྱར་པོར་ཤོར། །ནང་དུ་འཛིན་ན་རྟོག་པས་ལྷད། །ངོ་བོར་ཞེན་ན་འཛིན་པས་བཅིངས། །མ་ཡེངས་རིག་པའི་རང་སོར་ཚུགས། །ཅི་སྐྱེས་རྟོག་པ་རང་ཡལ་ཐོངས། །ཞེན་མེད་ཧ་རེ་ལྷོད་ཀྱིས་ཀློད། །ཅི་ཡང་ཡིད་སྤྱོད་བྲལ་བ་ཡི། །ས་ལེ་ཧ་རེ་གནས་པ་ན། །སྣ་ཚོགས་སྣང་ཡང་སྟོང་བའི་གཟུགས། །གཞན་འཛིན་བློ་ཡི་རྒྱུན་ཐག་ཆད། །བཟང་ངན་དྲན་རྟོག་ཡེ་ཤེས་ཏེ། །སྟོང་བ་རང་ཤར་རང་ས་གྲོལ། །གཞན་མེད་སྟོང་ལ་འཛིན་མེད་གསལ། །བླ་ན་མེད་པའི་སྒོམ་པའོ། །སྒོམ་དང་མ་སྒོམ་གཉིས་མེད་དེ། །སྒོམ་པའི་བློས་བཟོས་ཡིད་སྤྱོད་བྲལ། །མ་སྒོམ་གཡེངས་སུ་དངོས་པོ་མེད། །རང་བབ་རང་སོར་བཞག་པ་ཡིན། །ཟ་ཉལ་འགྲོ་འདུག་སྤྱོད་ལམ་ཀུན། །བཟང་ངན་རྟོག་ཚོགས་མཉམ་གྲོལ་ངང་། །བློ་ཡི་ཞེན་འཛིན་བྲལ་བ་ཡིས། །རིག་པའི་རང་སོར་ཚུགས་པ་ན། །ཞེན་མེད་འཛིན་མེད་རང་དག་སྟེ། །རང་རིག་ཡེ་ཤེས་སལེ་མཐོང་། །བླ་ན་མེད་པའི་སྒོམ་པ་ཡིན། །སྒོམ་མེད་དོན་ནི་འདིས་བསྟན་ནོ། །ཤུགས་འབྱུང་རང་གྲོལ་སྤྱོད་པའི་མཆོག །ཡིད་སྤྱོད་ཚུལ་འཆོས་བཟང་ངན་བྲལ། །ཤུགས་ལས་ཅི་ཤར་སྤང་བླང་མེད། །སྤུ་གྲི་འཁོར་ལོའི་སོ་ཁ་བཞིན། །ཐད་ཁ་རྦད་ཀྱིས་གཅོད་པ་ཡི། །སེང་གེ་ལྟ་བུ་སྤྱོད་པ་ཡིན། །ཅི་སྤྱོད་སྒོམ་པའི་རྩལ་དུ་འགྲོ། །ཡིད་བཅོས་སྤྱོད་པའི་གཟུང་འཛིན་བྲལ། །ལྟ་ངོ་སྒོམ་ལ་སྒོམ་ངོ་གཅོད། །བཟང་ངན་སྤང་བླང་ཐེ་ཚོམ་མེད། །ཅི་སྤྱོད་རིག་སྟོང་ཅེ་རེ་ཤར། །ཤུགས་འབྱུང་རང་གྲོལ་སྤྱོད་པའོ། །མི་ཆོས་ཚུལ་བཅོས་བདུད་ཀྱིས་བསླུས། །གང་བྱུང་སྤྱོད་པ་རྣམ་པར་དག །སྒོམ་པའི་སོ་དང་མ་བྲལ་ན། །བཟང་ངན་གཉིས་མཉམ་སྤྱོད་པའོ། །དགེ་སྡིག་བཟང་ངན་བླང་དོར་མེད། །བློ་བྲལ་ཡིད་སྤྱོད་གཟུང་འཛིན་མེད། །ཆེད་དུ་སྤྱོད་པ་མ་ཡིན་པ། །སྒོམ་པའི་གཉུག་དྲན་གཤིས་ལུགས་ལ། །ཡེ་ཤེས་རོལ་པ་ཅི་ཤར་ཡང་། །ཐོགས་མེད་རྩལ་ཆེན་སྤྱོད་པ་ཡིན། །ཚད་མེད་ལྔ་ཡང་སྤྱོད་པའི་མཆོག །ལྟ་སྒོམ་ཅེར་གྲོལ་གདེང་ལྡན་པའི། །ཅི་སྤྱོད་ཡེ་ཤེས་རོལ་པ་སྟེ། །གང་བྱུང་སྤྱོད་པའི་རྩལ་ཆེན་རྫོགས། །ལྟ་སྒོམ་གཉིས་མཉམ་ལ་ཆེན་བཟླ། །ཤུགས་འབྱུང་སྤྱོད་པ་རྣམ་པར་རྒྱལ། །རྐྱེན་དང་བསྲེ་ཞིང་རྩལ་སྦྱོང་སྟེ། །མ་ངེས་སྤྱོད་པ་མཉམ་པ་རོལ། །རྟུལ་ཞུགས་རྣལ་འབྱོར་ཐེག་ཆེན་རྒྱན། །ཤུགས་ལ་ཅི་སྤྱོད་རང་སར་གྲོལ། །ཁྱུང་ཆེན་ནམ་མཁར་འཕུར་བ་བཞིན། །སྤྱོད་པའི་རྒྱལ་བོ་བླ་ན་མེད། །ཐེག་དམན་ཚུལ་འཆོས་ཡིད་ཆགས་དང་། །སྨྱོ་སྤྱོད་རྒྱལ་འགོང་སྙིང་ཞུགས་དང་། །ནག་པོ་ཁ་འབྱམས་སྤྱོད་པ་སོགས། །ལོག་པའི་སྤྱོད་པ་ཟིལ་གྱིས་གནོན། །ཆེད་དུ་མ་སྤང་ཤུགས་ལས་གྲོལ། །ཚུལ་ལྡན་དྲང་སྲོང་སྤྱོད་པ་དང་། །བག་ལྡན་རྒྱལ་པོའི་སྤྱོད་པ་དང་། །ལེགས་སྤྱོད་སྐྱེས་བུའི་སྤྱོད་པ་རྣམས། །སྤང་མེད་བླང་བྲལ་ཤུགས་ལ་སྤྱོད། །གཞན་མེད་ལམ་ཁྱེར་གདེང་དང་ལྡན། །བུ་ཆུང་ལྟ་བུའི་སྤྱོད་པ་དང་། །ཁྱི་ཕག་ལྟ་བུའི་སྤྱོད་པ་དང་། །ཀུན་ལས་རྒྱལ་བའི་སྤྱོད་པ་ནི། །ཡང་རྩེ་ལྟ་བའི་རྒྱན་དུ་འགྱུར། །བླ་མེད་སྒོམ་པའི་རྩལ་དང་ལྡན། །ཤུགས་འབྱུང་ཡེ་དག་སྤྱོད་པའོ། །ལྟ་སྒོམ་སྤྱོད་པའི་དོན་བསྡུས་འདི། །ཚེ་དབང་བདག་གིས་ཉམས་སུ་བླངས། །ལས་ལྡན་བུ་ལ་བོན་སྐལ་གཏད། །ཕྱི་རབས་འགྲོ་རྣམས་གྲོལ་བ་དང་། །ཐེག་ཆེན་བསྟན་པ་དར་བར་ཤོག །ས་མ་ཡ། རྒྱ་རྒྱ་རྒྱ། ཨ་ཨ་ཨ། །ཞེས་མན་ངག་གསེར་གྱི་ཐིག་པ་ཞེས་བྱ་བ་འདི་ཉིད་ཞིག་པོ་ཤེལ་གྱི་རུས་ཐོབ་རྩོད་དུས་གསང་བ་འཛིན་པ་མུ་ལ་རང་གྲོལ་རྩལ་ཞེས་འབོད་པས་རྒྱ་ནག་གླང་ཆེན་འགྱིང་རིའི་ཝ་གཉན(万年)ཞེས་པའི་དགོན་པར་གཤེན་གྱི་འབྱུང་ལྡན༣༠༡ནང་ཚན་ཉག་མ་༣༠བའི་བོད་རབ་བྱུང་༡༧པའི་ཆུ་སྦྲུལ་ལོའི་ཟླ་དང་བོའི་ཚེས་ལྔ་ཉིན་ཐོལ་ཤར་དུ་ཕབས་པས་བསྟན་འགྲོའི་དོན་ཆེན་འབྱུང་བའི་རྒྱུ་རུ་གྱུར་ཅིག །བཀྲ་ཤིས། དགེའོ། །མུ་ཙུག་སྨྲར། །

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག