ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ལོ་རྒྱུས། >> སྨྲང་རབས་ལོ་རྒྱུས། >> ཧོར་སྤྱི་ཁྱབ་རྒྱལ་པོའི་བློན་ཆེན་ག་རྒྱ་འགྲམ་ནག་གི་ལོ་རྒྱུས་རགས་བསྡུས།
ཧོར་སྤྱི་ཁྱབ་རྒྱལ་པོའི་བློན་ཆེན་ག་རྒྱ་འགྲམ་ནག་གི་ལོ་རྒྱུས་རགས་བསྡུས།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། ཨ་ཀྲོང་རིན་ཆེན་རྒྱལ་མཚན།] [ཟླ་ཚེས། 11-10-04] [ཀློག་གྲངས། ]

   མདོ་ཁམས་ཆུ་བཞི་སྒང་དྲུག་གི་ནང་ཚན་དངུལ་རྫ་ཟིལ་མོའི་སྒང་སྟོད་ཧོར་སེ་ཆེན་རྒྱལ་པོའི་གདུང་རྒྱུད་ཇིང་གྷིར་ཧོར་གྱི་རྗེ་བོའི་མངའ་ཁོང་ཧོར་འབྲོག་ཤོག་སྤ་བ་ལུང་ཞེས་ཡོངས་སུ་གྲགས་པའི་རི་རྒྱུད་དུ་ཡབ་ནི་ཧོར་སྤྱི་ཁྱབ་རྒྱལ་པོའི་བློན་ཆེན་ག་རྒྱ་བསོད་ནམས་བསྟན་དར་དང་ཡུམ་ཆུ་ཁའིདཔོན་ཚང་གི་སྲས་མོ་བསོད་ནམས་གནམ་མཚོ་གཉིས་ལ་བུ་བདུན་དང་བུ་མོ་གཅིག་བྱུང་ཡོད་པའི་ནང་ཚན་བུ་བཞི་པ་དེ་ཡིན་ཁོང་ནི་སྤྱི་ལོ(༡༩༠༨)ལོར་སྐྱེས་ཤིང་འགྲམ་གཡས་ལ་རྨེ་བ་ནག་པོ་མཐེབ་རྗེས་ཙམ་ཞིག་ཡོད་ཅིང་དེ་ལ་སྤུ་མདོག་སྣ་ཚོགས་སུ་སྐྱེས་ཡོད་སྟབས་ཁོང་གི་མཚན་ལ་ཡོངས་གྲགས་ལ་ག་རྒྱ་འགྲམ་ནག་ཞེས་འབོད་པ་ལས་དངོས་མིང་ནི་ག་རྒྱ་དཀོན་མཆོག་རྒྱལ་མཚན་ཟེར་གྱིན་ཡོད། ཁོང་ནི་ཆུང་དུས་ཧོར་སྤྱི་ཁྱབ་རྒྱལ་པོའི་སྔགས་དགོན་ཨ་དཀར་དགོན་ཟེར་བ་ལ་སྒྲིག་ཞུགས་ཏེ་བསྙེན་གནས་ཀྱི་སྡོམ་པ་ལེན་མྱོང་བ་དང་ལོ་ན་ཆེར་སོན་རྗེས་ཧོར་སྤྱི་ཁྱབ་རྒྱལ་པོའི་བློན་ཆེན་གྱི་གོ་གནས་འཛིན་པར་ཁོང་ཆུང་དུས་ནས་བཙན་ཕྱུག་འཛོམས་པའི་དཔའ་རྒོད་ཞིག་ཏུ་གྲགས་པ་མ་ཟད་དཀོན་མཆོག་ལ་མཆོད་པ་དང་མ་ནུས་པ་ལ་སྦྱིན་པ་སོགས་གཏོང་ཕོད་ཆེ་ཞིང་མཐོ་ལ་འགྲན ་སེམས་དང་དམའ་ལ་བྱམས་སྐྱོང་གྲོགས་པོ་དང་ཉེ་འབྲེལ་གྱི་བར་དུ་ཚེ་ཐག་རིང་ཞིང་བློ་རྒྱ་ཡངས་ལ་དཔའ་ངར་ཆེ་བ་སོགས་ཀྱི་གཤིས་རྒྱུད་ལྡན་པའི་དཔའ་བོ་ཞིག་ཏུ་སྙན་པའི་གྲགས་པ་ཀུན་ལ་ཁྱབ་པའོ།

ག་རྒྱ་གྲམ་ནག་གིས་འཇོ་འབུ་ཁྲ་བསད་པའི་སྐོར།

   ཁོང་ནི་རང་ལོ་༡༧་ཐོག་ཏུ་མཚོ་སྔོན་ཞིང་ཆེན་དེམས་ཇི་ཉེར་ལྔའི་འབྲོང་པ་སྟོད་དུ་ཚོང་ལས་བྱེད་ཞོར་དུ་འཇོ་འབུ་ཁྲ་ཟེར་བ་དེའི་སར་བུ་ལོན་ལེན་རྒྱུ་ཡོད་པ་དེ་བརྡ་འདེད་ཀྱི་ཆེད་དུ་ཡབ་བསོད་ནམས་བསྟན་གྱིས་མངགས་ཆ་བྱས་པ་ལྟར། འབྲོང་སྟོད་དུ་ཚོང་ལས་བྱེད་ཞོར་བུས་འདེད་བྱེད་སྐབས་འཇོ་འབུ་ཁྲས་ངས་བུ་ལོན་གཙང་སྤྲོད་ཟིན་པ་ཡིན་ཞེས་བཤད་པས་ཁོས་ཡིད་ཆེས་བྱས་ཏེ་ཕྱིར་ལོག་སྟེ་ཕ་ཡི་མདུན་ལ་སླེབས་ནས་འབུ་ཁྲའི་སྐད་ཆ་བཤད་པས་མ་འདོད་པའི་རྣམ་འགྱུར་བསྟན་ནས་ཁྱེད་རང་བུ་མོ་ཞིག་མིན་ནམ་ད་ཡིན་ན་ག་རྒྱ་ཚང་ལ་བུ་མི་འདུག་ཅེས་བཤད་པས་ག་རྒྱ་འགྲམ་ནག་ནི་འབུ་ཁྲའི་ཐོག་ཏུ་ཁོང་འཁྲོ་མེ་ལྟར་འབར་བས་གནས་སྐབས་སུ་བྱ་ཐབས་ཅི་ཡང་མ་མཆིས་དེའི་ཕྱི་ལོར་ག་རྒྱ་འགྲམ་ནག་རང་ལོ་༡༨ཐོག་སྔ་ལོ་བཞིན་ཚོང་ལས་བྱེད་ཞོར་བུས་འདེད་དང་སྦྲགས་ཏེ་གཏོང་སྐབས་དང་པོར་ཚོང་ལས་ཀྱི་བྱ་བ་ཡོངས་སུ་བསྒྲུབས་དེ་རྗེས་འབུ་ཁྲའི་སར་ལན་བཏང་སྟེ་ཁྱེད་རང་སྔ་ལོ་རྫུན་བཤད་ནས་བུན་འཇལ་མ་བྱུང་བས་ད་ལེན་གཙང་སྤྲོད་མ་བྱུང་ན་སྡེ་མོར་མི་འཇོག་ཅེས་བཤད་དེ་འཕྲིན་ཆ་གཏོང་བས་འབུ་ཁྲ་ཡང་སུ་ཞིག་ལ་མི་སྐྲག་པའི་ཕོ་རྒོད་ཞིག་ཡིན་སྟབས་ཁྱོད་ག་རྒྱ་ཚོང་གིས་གཞན་གྱིས་ལག་ཏུ་བུ་ལོན་གཉིས་ཁུག་ཟ་གི་ཡོད་པས་དེ་ང་ལ་མི་འགྲོ་མ་གཞི་ཁྱོད་རང་ན་ནིང་དཔའ་རྩལ་མེད་པས་ད་ལོ་ཉོས་ཡོད་ཚོད་འདུག་ཡོང་བསམ་་ན་ཤོག་ཅེས་ལན་སློག་པར་བརྟེན། ཁོང་གཉིས་འདམ་ཆུའི་ཆུ་རྒྱུད་ལ་དགྲ་དུས་བགོས་ཏེ་གྲི་འཐབ་བྱེད་སྐབས་འབུ་ཁྲས་ག་རྒྱ་འགྲམ་ནག་ལ་རལ་གྲི་དང་པོར་བསྣུན་པས་ལུས་ཀྱི་བ་སྤུ་ཙམ་ཡང་གནོད་མ་ཐོན་དེ་མཚམས་ག་རྒྱས་འབུ་ཁྲའི་སོག་ཁྲག་ལ་གྲི་གཡུག་པས་འབུ་ཁྲ་གཞོགས་ས་མ་ལྷུང་ཙམ་གྱི་རྨ་ཆེན་བཏང་བས་འབུ་ཁྲ་ས་ལ་འགྱེལ་སྟབས་ག་རྒྱས་འབུ་ཁྲ་རྨ་ཆིང་རྒྱབ་སྟེ་འཇོ་རུ་བའི་ས་ལ་བསྐྱལ་ནས་ག་རྒྱ་ཕྱིར་ལོག དེ་ནས་བཟུང་ག་རྒྱ་འགྲམ་ནག་སྔར་ལས་ལྷག་པའི་དཔའ་རྩལ་ཆེ་བའི་སྙན་གྲགས་བྱུང་བ་མ་ཟད་ལུས་ལ་མཚོན་མི་འགྲོ་ཟེར་ནས་ཡ་མཚན་སྐྱེ་བའི་གནས་སུ་གྱུར།

ག་ཚབ་གཉིས་ཐོག་མའི་འགལ་གཞི་བྱུང་ཚུལ་སྐོར།

   སྔོན་ཚབ་ཤིས་བོན་ཐར་བུན་ལོན་དགོས་རིགས་བོན་ཐས་ཚབ་ཤི་ལ་བུན་ལོན་ཇི་ལྟར་སྙག་རུང་ཚབ་ཤིས་བུན་དངུལ་མ་སྤྲད་པས་བོན་ཐའི་དཔོན་འཁོར་ཚོས་ཐབས་ཤེས་ཟད་ནས་བོན་ཐར་དགོས་པའི་ཊམ་རྡོ་ཉེར་ལྔའི་མ་སྐྱེད་དང་ཆབས་ཅིག་ཏུ་ག་རྒྱ་རྣམ་ཚང་གིས་བཞེས་རོགས་ཟེར་ནས་གན་རྒྱ་ག་རྒྱ་བསོད་ནམས་བསྟན་དར་གྱི་ལག་ཏུ་བཞག་པས་སྐབས་དེར་ག་རྒྱ་འགྲམ་ནག་ནས་ཚབ་ཤིའི་ལག་ཏུ་བུན་ལོན་ལོན་རྒྱུ་ཁག་པོ་རེད་སྐྱུར་ན་བཞག་ན་བཟང་ཞེས་བཤད་པས། ཕ་བསྟན་དར་དང་བུ་སྐར་མ་གཉིས་རྒྱུ་བརྣག་ཆེ་བས་གན་རྒྱ་དེ་བླངས་པར་བརྟེན་ག་ཚབ་ཐོག་མར་འགལ་བའི་རྒྱུ་རྩ་དེ་ནས་བྱུང་བ་རེད། དེ་རྗེས་ག་རྒྱ་ཚང་གིས་ཚབ་ཤི་ལ་བོན་ཐའི་ངོ་བསྒྱུར་གྱི་བུན་ལོན་དེ་ཅི་ཙམ་སྙག་ཀྱང་ཚབ་ཤིས་གཏན་ནས་མ་སྤྲད། མཐར་ཧོར་སྤྱི་སྦྲ་ཆེན་ས་གནས་སུ་འབྱོར་སྐབས་ག་རྒྱ་བསོད་ནམས་བསྟན་དར་གྱིས་བུན་དོན་སྐོར་ཚབ་ཤི་ལ་ཁ་མཆུ་བཙུགས་པས་ཁོང་གཉིས་ཧོར་སྤྱིའི་མདུན་དུ་གདོང་བཤེར་བྱེད་སྐབས་ཚབ་ཤི་ཨ་རྣམ་གྱིས་ག་རྒྱ་བསྟན་དར་ཁ་གྲགས་རྒྱུ་མེད་པར་བཟོས་པའི་སྐད་གྲགས་ཆེན་པོ་བྱུང་ཡོད་པ་རེད། མཐར་ཐག་ཆོད་ཀྱི་རྒྱུ་དོན་ཐོག་ག་རྒྱས་ལོན་ནས་ཚབ་ཤིས་བུན་འཇལ་བྱེད་དགོས་བྱུང་རུང་གདོང་བཤེར་སྐབས་སུ་ག་རྒྱ་ཕམ་པའི་མིང་རྣ་ཤོར་སྟབས་དེ་ནས་བཟུང་ག་རྒྱ་བསོད་ནམས་བསྟན་དར་གྱིས་ཚབ་ཤི་ལ་དགྲ་ནག་ཏུ་བཟུང་ཏེ་བསྡད་པ་རེད། དེ་རྗེས་ག་རྒྱ་བསོད་ནམས་བསྟན་དར་ནད་ཀྱིས་མནར་བས་གྲོངས་ཁའི་ཁ་ཆེམས་དུ་ང་འཆི་ཁར་གཞན་གྱི་སེམས་ཆགས་གང་ཡང་མེད་ཚབ་ཤི་ཨ་རྣམ་དགྲ་ལན་ཞིག་མ་ལོན་བར་ང་མིག་བཙུམ་དཀའ་བས་བུ་ཁྱེད་ཚོས་དེ་ལ་དགྲ་ཤ་ལོན་པའི་ཁས་ལེན་ང་ཡི་ཤི་ལག་འཁྱགས་པ་འདི་ཁྱེད་ཚོའི་གསོན་ལག་ཚ་པོས་འཇུས་དགོས་ཅེས་ལབ་པས་བུ་གཞན་སུ་གང་གིས་འཇུ་མ་ནུས་པའི་སྐབས་བུ་དཀོན་མཆོག་རྒྱལ་མཚན་ནམ་འགྲམ་ནག་གིས་ཕ་ཡི་ལག་པ་འཇུས་ནས་ཚབ་ཤི་ལ་དགྲ་ལན་ངས་སྤྲོད་ཟེར་ནས་ཁས་བླངས་པར་བརྟེན་ག་རྒྱ་འགྲམ་ནག་གིས་ཚབ་ཤི་ལ་དགྲ་ཤ་ལེན་དགོས་བསམ་པའི་དམ་བཅའ་ཡིད་ལ་འཆང་ནས་བསྡད་སྐབས་སུ་མི་ངན་ཁ་ཤས་ཅིག་གིས་ཕན་ཚུན་བར་དཀྲུག་ཤིང་རྒྱབ་པས་ཁོང་གཉིས་ཀྱི་འགལ་བ་དེ་མེ་ལ་ཤིང་སྣོན་བརྒྱབ་པ་ལྟར་གྱུར་ཡོད་པ་རེད།

ག་ཚབ་གཉིས་དངོས་སུ་འཁྲུག་འཛིང་བྱུང་བའི་སྐོར།

   ཉིན་ཞིག་ག་རྒྱ་འགྲམ་ནག་གིས་ནང་འཁོར་ཨ་ཕྲུག་ཁ་ཤས་ཁྲིད་ནས་ཟོ་དོར་ཚབ་ཤིའི་སྒོར་བབས་སྐབས་དེར་ཚབ་ཤི་ཨ་རྣམ་དང་ཁོ་རང་གི་བུ་ཆུང་བ་གཉིས་བསྡད་མེད་པ་རེད་དེ་དུས་ཚབ་ཤིའི་སྤོ་བོ་གཅིག་གྲོངས་པས་ཀླུ་ཕུག་དགོན་པའི་གྲྭ་པ་འགའ་དགེ་རྩ་ཞེ་དགུ་བཟུང་ནས་བཞུགས་པས་དེའི་སར་ག་རྒྱའི་ཨ་ཕྲུག་ཁ་ཤས་འཛུལ་ནས་ཨ་རྣམ་གྱི་ཕ་གཡང་མཆོག་གྲི་རུབ་རྒྱབ་ཏེ་བསད། དེ་སྐབས་སུ་ཚབ་ཤིའི་བུ་ལོ་ན་བཅུ་བདུན་ལོངས་པ་ཞིག་གིས་ག་རྒྱ་སླེབས་པ་མཐོང་འཕྲལ་མེ་མདའ་བརྒྱབ་ནས་ག་རྒྱའི་སྤུན་ཉེ་དཔལ་གྲགས་ཟེར་བ་དེར་བསད་པ་དང་ཁ་ཤས་རྨས་སྐྱོན་བཟོས། དེ་མཚམས་ག་རྒྱ་གཡོག་འཁོར་ཐད་ཀར་ནང་དུ་མ་འཛུལ་བར་ཐབས་ཇུས་གཞན་དུ་གཏོང་བས་བར་དེར་ག་རྒྱའི་སྤུན་རྗེས་རྒྱལ་ཟེར་བ་དེས་ཚབ་ཤིའི་བུ་མོ་དང་སྔོན་དུ་འབྲེལ་བ་ཡོད་པར་བརྟེན་བུ་ཕྱིར་ཐོན་ན་མི་གསོད་རྒྱུའི་ཁ་ཆད་བྱས་ཏེ་བུ་མོས་མིང་པོ་འཇུས་ནས་སྒེའུ་ཁུང་ནས་ཕྱིར་ཐོན་བྱུང་མཚམས་ག་རྒྱའི་ཨ་ཕྲུག་ཁ་ཤས་ཤིག་གིས་མེ་མདའ་བརྒྱབ་ཏེ་བསད་པ་དང་ཚབ་ཤིའི་རྒྱུ་ནོར་རྣམས་བསྡུས་ཏེ་འདེད་ཁར་ག་རྒྱས་ཨ་མཆོད་གྲྭ་པ་རྣམ་ཀྱི་མདུན་དུ་ཕྱིན་ཏེ་བརྗོད་དོན་ངས་ཚབ་ཤིའི་ཕ་གཡང་མཆོག་རྒན་པོ་གསོད་བསམ་པ་མེད་རུང་ཨ་ཕྲུག་ཚོས་ལག་ཐལ་གྱིས་བསད་ཉེས་ཤོར་འདུག་ཁྱེད་རྣམས་དེའི་ཆེད་དུ་ཡང་བསྐྱར་ཞེ་དགུ་ཐེངས་གཅིག་སྐྱེལ་དགོས་ཞེས་བརྗོད་ནས་དེ་དོན་དུ་འབྲི་བྲུས་མ་བཅུ་བཞག་སྟེ་གཞན་ཚང་མ་འཕྲོག་བཅོམ་བྱས། དེ་རྗེས་ག་ཚབ་གྱོད་དོན་ཐག་གཅོད་སྐབས་ཨ་རྣམ་གྱིས་ཧོར་སྤྱིའི་བཀའ་ཅི་གནང་དང་ལེན་དང་ག་རྒྱས་ཅི་བཤད་ཉན་པ་ལྟ་བུའི་རྣམ་འགྱུར་བཟུང་བ་མ་ཟད་དེ་ནས་བཟུང་དངོས་ཤུགས་རྒྱུ་གསུམ་གང་གི་ཐོག་ག་རྒྱར་མཐུན་པོ་བྱེད་པའི་བཟོ་བསྟན་དེ་རྗེས་རིང་མིན་དུ་ག་རྒྱ་ལྷ་སར་འགྲོ་རྩིས་ཡོད་པ་ཐོས་སྐབས་ཨ་རྣམ་གྱིས་བློ་འཁེལ་ཉེ་འབྲེལ་དང་གྲོགས་པོ་ཁ་ཤས་ཤིག་དང་ལྷན་དུ་ནུབ་གཅིག་ལ་ག་རྒྱ་དགྲ་ལན་འཕྲོད་མིན་གྲོས་བསྡུར་སྐབས་སུ་ཉེ་འབྲེལ་དང་གྲོགས་པོ་རྣམས་ཀྱིབཤད་དོན་ག་རྒྱར་དགྲ་ལན་ལེན་རྒྱུ་ཤིན་དུ་དཀའ་བ་དང་ང་རང་ཚོ་སྡོད་བདེ་བྱུང་ན་ལེགས་ཚུལ་བཤད་པའི་མཐར་ཚབ་ཤི་ཨ་རྣམ་གྱིས་ང་ཡི་བུ་ནི་གཞོན་ནུ་ཡིན་སྟབས་གྲི་ཤིར་འགྲོ་སྲིད་ཀྱང་ཕ་རྒན་པོ་ལོ་བདུན་བཅུ་ལོན་པ་གྲི་ཤིར་སོང་བ་དེ་བློ་ཡུལ་དུ་མི་གཤོང་མི་བ་ཞིག་ཡིན་པས་ངས་དགྲ་ལན་ཞིག་མ་ལོང་ན་གསོན་ས་སྟེང་དུ་བསྡད་ཀྱང་ཕན་པ་མེད་ད་ལན་ངས་ག་རྒྱ་དགྲ་ལན་ལེན་རྒྱུ་ཡིན་ཞེས་བཤད་ཁྱེད་རྣམས་དགྲ་འཐབ་ཀྱི་ནང་དུ་དཀའ་ངལ་དང་ཉེན་ཁ་ཡོད་པར་བརྟེན་དཔུང་རོགས་སུ་འགྲོ་མ་ནུས་ན་ཁག་མེད་ཅེས་ཚིག་ཐག་བཅད་ནས་བཤད་པས་ཁོང་ཚོས་ཁྱེད་ཀྱི་དངོས་འབྲེལ་གྱི་དགྲ་ལན་ལེན་རྒྱུའི་བློ་ཐག་ཆོད་ན་ངེད་ཚོ་ཁྱེད་ཀྱི་དཔུང་རོགས་འགྲོ་རྒྱུ་ཐག་ཆོད་ཡིན་ཟེར་ནས་ག་རྒྱར་དགྲ་ལན་ལེན་རྒྱུར་ཐག་བཅད་པ་རེད། དེ་ནས་རིང་མིན་དུ་ག་རྒྱ་ནང་འཁོར་ཟོ་དོར་ཚབ་ཤིའི་ཉེ་འགྲམ་དུ་ན་ཞག་འདུག་བྱེད་སྐབས་ཚབ་ཤི་ཨ་རྣམ་ཕ་བུ་གཉིས་ཀྱིས་ཤ་མར་ཇ་བཅས་ཁྱེར་ནས་གསོལ་ཞབས་ཡིན་ཟེར་ནས་ག་རྒྱ་ལ་ཕུལ་བ་དང་ཆབས་ཅིག་འདི་སྐད་དོ། ག་ཚབ་བར་སྔོན་འགལ་བ་མེད་རུང་སྐབས་ཞིག་རྐྱེན་དབང་གིས་དེ་ལྟར་གྱུར་བ་རེད་འོན་ཀྱང་ད་ནས་བཟུང་ངས་ཁྱེད་ལ། མ་ཐུབ་ཤན་པ་ལག་དམར་དགྲ་མིན། མ་ཐེག་གསེར་གྱི་ཕ་བོང་རྒྱུ་མིན། ཞེས་པའི་དཔེ་ལྟར། ངས་ཁྱེད་ལ་དགྲ་སེམས་མི་བཟུང་ལ་ཁྱེད་ཀྱིས་ཀྱང་ངེད་ཚང་ལ་སྡང་སེམས་་མི་འཛིན་རོགས་གནང་ཞེས་བཤད། ངས་ཕ་འདས་པའི་ཆེད་དུ་ལས་བཞི་རྒྱུན་ལྔ་བླུག་རྩིས་ཡོད་པར་བརྟེན་གསེར་དགོས་གལ་ཆེ་བས་ཁྱེད་ཀྱིས་གསེར་ཉོ་བྱེད་ཅིག་བསྣམས་རོགས་ཐུགས་ཡིད་མ་ཆེས་ན་ངའི་བུ་ཁྱེད་མཉམ་དུ་འཕྲད་རོགས་ཞེས་ཚིག་ཐག་ཆོད་པོས་བཤད་སྐབས་ག་རྒྱ་འགྲམ་ནག་ཡིད་ཆེས་ནས་ཁྱེད་ཀྱི་བུ་ཁྲིད་མི་དགོས་ཕྱིན་ཆད་ཁྱེད་ཀྱི་ཟེར་བ་བཞིན་བྱ་འོས་ད་ལན་ཁྱེད་ཀྱི་གསེར་ངས་ཉོ་ཡོང་དངུལ་སྐུར་མི་ད གོས་ཞེས་བཤད་རྗེས་ཁོང་གཉིས་གྲོགས་འགྲིག་གི་རྣམ་པ་བྱུང་ཡོད་པ་རེད། དེ་རྗེས་ག་རྒྱ་ལྷ་སར་སྐྱོད་ནས་དུས་ཡུན་གང་འཚམས་སོང་རྗེས་ཚབ་ཤི་ཨ་རྣམ་སྤུན་ཉེ་དང་ཨ་ཕྲུག་བཅས་རྟ་སྦོད་རང་འགྲིག་བྱས་ཏེ་ག་རྒྱ་རྗེས་འདེད་བྱས་ནས་ཕྱིན་པས་ག་རྒྱ་ནག་ཆུ་ལྷོ་མ་ཤོག་ཁའི་འགྲམ་དུ་སྒར་བབས་ཏེ་བསྡད་ཡོད་བསྟབ་དེའི་མཚན་མོར་ཚབ་ཤིས་ག་རྒྱའི་ཐོག་ལ་བླུག་པས་གུར་གཉིས་ཡོད་པ་གཅིག་གི་ནང་དུ་ག་རྒྱ་བཟའ་མི་གཉིས་དང་གཡོག་ཁ་ཤས་ཡོད་གཞན་གྱི་ནང་དུ་སྤུན་མཆེད་གཙོས་གཡོག་པོ་ཁ་ཤས་ཡོད་པར་ཚབ་ཤི་ཨ་རྣམ་དང་རས་པ་སྐྱ་བདག་གཙོས་ཁག་གཉིས་བགོིས་ཏེ་གུར་ཆོན་གྲིས་བཅད་དེ་མཚན་གཏིབ་བཏང་བས་རས་པ་སྐྱ་བདག་འགྲོ་སའི་ག་རྒྱ་འགྲམ་ནག་གི་གུར་གྱི་རྟིང་པ་ཨབ་ཁུང་དུ་ཚུད་ཡོད་སྟབས་ལམ་སེང་འགྱེལ་མ་ཐུབ་པའི་མཚམས་དེར་ག་རྒྱ་འགྲམ་ནག་བྲོས་པས་ཐར་བ་དང་། ཨ་རྣམ་གྱི་གཏིབ་པའི་གུར་དེར་མི་རེ་རེ་བཞིན་སུ་ཡིན་དྲིས་ཏེ་གྲི་གཙབ་ཀྱིས་བསད། བྱ་ཕྲུག་རྗེས་དགའ་ཟེར་བ་དེས་ང་མཁར་དམར་བླ་བྲང་གི་གཡོག་པོ་ཡིན་ལབ་པས་དེ་མ་བསད་དེའི་རུམ་དུ་སྐར་སྡུག་ཟེར་བ་སྦས་པས་དེ་གཉིས་ཐར། དེ་རྗེས་མི་བསད་པའི་རོ་བཤེར་སྐབས་འགྲམ་ནག་ཤོར་བ་ཤེས་རྗེས་ཚབ་ཤིས་བྲེལ་ཚུབ་ངང་ག་རྒྱའི་སྒར་ཆས་དངོས་རིགས་རྣམས་བསྡུས་ཏེ་ཕྱིེར་ལོག་ཡོང་བ་རེད། དེ་རྗེས་འགྲམ་ནག་སྒར་སར་རོ་སྐོར་དུ་སོང་ནས་བསྟས་པས་བ་ངན་བསྟན་འཛིན་ཤི་མ་གསོན་དུ་ལུས་ཡོད་པ་དེའི་འོག་ན་མེ་མདའ་སྟག་གཟིག་དེ་ལུས་ཡོད་པ་ཚུར་བླངས་པས་བ་ངན་བསྟན་འཛིན་ནས་འགྲམ་ནག་བསྡད་པ་མཐོང་རྗེས་ཡ་ཁྱེད་འཚམས་འདུག་པ་བློ་བདེ་ཟེར་ནས་དབུག་ཆད། དེ་ནས་ག་རྒྱ་འགྲམ་ནག་ནམ་གསལ་རྗེས་ལྷོ་མའི་བརྒྱ་དཔོན་སར་ཕྱིན་པས་ཁོང་གཉིས་སྔོན་ནས་ཤག་པོ་ཡིན་པར་བརྟེན་དེར་བསྡད་དེ་གཤིན་པོ་རྣམས་ཀྱི་དོན་དུ་དགེ་རྩ་སྒྲུབ་སྟེ་ཉིན་ཤས་རིང་བསྡད་དེ་རྗེས་ག་རྒྱ་ནག་ཆུ་རྒྱུད་ནས་ལྷ་སར་ཕྱིན་དེར་འབྱོར་རྗེས་ག་རྒྱས་སྐུ་དྲག་དང་འཁོན་འགྲས་ཡོད་ས་ཀ་ཤོད་པ་བཅས་སར་བཅར་ནས་ཕོ་ཤེད་དང་ཡུད་བརྗོད་ཅི་རིགས་ཀྱི་སྒོ་ནས་བུ ་ལོན་སོགས་གཡར་ཏེ་དངུལ་དང་མེ་མདའ་ཉོན་ནས་ཕ་ཡུལ་དུ་འབྱོར་རྗེས་ཉིན་ཤས་རིང་སྡད་དེ་བསང་གསོལ་མཆོད་བསྟོད་བྱས་ཏེ་ཚབ་ཤིར་དགྲ་ལན་དུ་ཕྱིན་ག་རྒྱ་ལམ་རྒྱུས་དེ་ཙམ་མེད་པས་ས་ཤེས་ཁྲིད་དེ་སོང་བས་མཚན་མོ་ཞིག་ཏུ་ཚབ་ཤི་དང་འཕྲད་སྐབས་མེ་མདའ་འཕེན་རེས་གང་འཚམས་བྱས་རྗེས་ཚབ་ཤི་གཡོལ་བས་མ་མཐོང་དེ་ནས་ག་རྒྱ་མྱུར་སྐྱོད་ཀྱིས་རྗེས་འདེད་བྱས་པས་སྡེ་དུད་ཁ་ཤས་ཡོ ད་སར་ཞིག་ན་མི་གཅིག་ལ་ཚབ་ཤི་གར་ཡོད་བཙན་འདྲི་བྱས་པས་ཤིང་ལུང་ནང་དུ་ཡོད་རེད་ཞེས་བཤད་དེ་ག་རྒྱ་མྱུར་དུ་ཕྱིན་པས་ཤིང་ལུང་ཚབ་ཤིའི་སྦྲ་མཐོང་སར་འབྱོར་རྗེས་ག་རྒྱས་དེ་རིང་ག་ཚབ་གཉིས་རྒྱལ་ཕམ་ཐག་གཅོད་ཀྱི་སྐབས་ཡིན་ཞེས་ཟེར་ཏེ་མི་མང་ཤོས་དེར་བཞག་དཔོན་འཁོར་ཧྲག་ཐུས་ཁ་ཤས་ཤིག་ཚབ་ཤིའི་སྒོར་བླུག་པ་རེད་སྐབས་དེར་ཚབ་ཤི་ཨ་རྣམ་གྱིས་སྔོན་ཙམ་ནས་ག་རྒྱ་སྦྲ་ཐོག་ཏུ་སླེབས་ཉེར་ཡོད་པ་ཤེས་རུང་སྟོབས་ཤུགས་ཆེ་ཆུང་གིས་དོ་ཟླར་མི་ཐུབ་སྙམ་ནས་ཁོ་རང་གི་སྦྲ་མཐོང་སའི་རི་རྩེ་ཞིག་ནས་རྒྱང་སོ་བཙུགས་ནས་བསྡད་ཡོད་པ་རེད། སྐབས་དེར་ག་རྒྱ་སྦྲ་ཐོག་ཏུ་བབས་ནས་ཚབ་ཤིའི་བུ་དང་བཟའ་ཟླ་གཙོས་ཉེ་འཁོར་བཅས་ཁྱོན་སྡོམ་མི་བཅུ་ལྷག་ཙམ་བསད་ནས་ཕྱི་ཡི་རྟ་ནོར་ལུག་སོགས་དང་ནང་གི་དངོས་ཆས་རིགས་ཆ་ཚང་འདེད་འཁྱེར་བྱས་ནས་ག་རྒྱ་འགྲམ་ནག་རྒྱལ་ཁ་ཐོབ་པའོ།

ག་རྒྱ་འགྲམ་ནག་གིས་འབུམ་རྒྱུད་དཔོན་དཀྲོང་བའི་སྐོར།

   སྤྱི་ལོ་༼༡༩༤༣ ལོར་འབུམ་རྒྱུད་དཔོན་གྱི་ཇག་དམག་ཧོར་འབྲོག་ཤོག་སར་སླེབས་ནས་རྟ་ནོར་ལུག་སོགས་བརྒྱ་སྐོར་ཁ་ཤས་ཇག་འདེད་ཤོར་མཐར། འབྲོག་ཤོག་གིས་དེ་མཚམས་ག་རྒྱ་འགྲམ་ནག་ལ་སྙན་གསན་ཞུས་པས་ག་རྒྱས་ཨ་ཕྲུག་ཁ་ཤས་ཅིག་ཁྲིད་ནས་ར་མདར་སོང་བས་ཇག་པ་རྣམས་ཉུག་ཆུ་བརྒལ་ནས་རྒྱབ་ཀྱི་རི་སྡེབས་ནས་འདེད་འགྲོ་བས་དེ་མཚམས་ཇག་པས་མཐོང་སྐབས་ས་འབུར་གཉིས་ཀྱི་རྒྱབ་ནས་ག་རྒྱར་གཏད་དེ་མེ་མདའ་ཇི་ཙམ་འཕང་ཀྱང་ག་རྒྱར་མ་ཕོག་པར་དེ་མཚམས་ག་རྒྱ་ཉེ་སར་སླེབས་ཏེ་འཕེན་རེས་ཏོག་ཙམ་བྱས་མཐར་ག་རྒྱ་འགྲམ ་ནག་ཇག་པའི་འཛིང་རའི་ཐོག་ཏུ་མཆོང་སྐྱོད་བྱས་ཏེ་མེ་མདའི་དྲག་ཆར་ཕབས་པས་འབུམ་རྒྱུད་དཔོན་གཙོས་མི་བཞི་ལྔ་ཞིག་བསད་པས་དེ་འཕྲོ་ཇག་མི་ཚང་མས་མགོ་སྒུར་ཟེར་ནས་མེ་མདའ་ཚང་མ་ས་ལ་བཞག་པས་ག་རྒྱས་ཚེ་ཐར་གཏོང་། ཉེ་ཐུག་འཕེན་རེས་སྐབས་ག་རྒྱའི་མེ་མདའི་རུ་ལ་མདེར་ཕོག་ནས་ཆག་སྐྱོན་བྱུང་བ་ལས་གཞན་གང་ཡང་སྐྱོན་མེད། དེ་ནས་གང་ཆེའི་ཤོར་ནོར་ཚང་མ་ཚུལ་བླངས་ཁར་འབུམ་རྒྱུད་དཔོན་གྱི་རྟ་སྦོད་ཚང་མ་བླངས་ཏེ་ཇག་པ་རྣམས་རང་སར་ལོག་ཏུ་བཅུག སྤྱི་༼༡༩༤༤ ལོར་ག་རྒྱ་འགྲམ་ནག་གིས་དེ་ལྔ་མི་མང་པོ་བསད་པའི་སྡིག་བཤག་ཡིན་ཟེར་ཏེ་ཙ་རི་རོང་བསྐོར་ལ་ཕྱིན་པ་རེད། དེ་དུས་བོད་ས་གནས་སྲིད་གཞུང་གིས་མངགས་གཏོང་བྱས་པའི་དཀྱིལ་སྒར་སྡེ་པ་ཞེས་པའི་གཞུང་ཞབས་སྣང་མེད་དུ་བཏང་ནས་ཁོ་རང་གིས་སྒྲིགས་འཛུགས་ལྟ་བུ་བྱས་ཏེ་ཀློ་བའི་ཉེར་འཚེ་ལས་སྒྲོལ་ནས་སྐོར་བ་བསྐོར་ཏེ་ཕྱིར་ལོག་པའོ། །

ག་རྒྱ་དང་རི་བ་འཁྲུགས་པའི་སྐོར།

   ཧོར་འབྲོག་ཤོག་ཟེར་བ་ནི་དེ་སྔའི་ཧོར་ཚོ་སོ་དགུའི་ཡ་གྱལ་ཧོར་རྒྱལ་པོའི་བཞུགས་གནས་ཡིན་པ་སྔར་བཤད་ལྟར་དང་། དགེ་རྒྱས་རི་བ་ནི་དེ་སྔའི་དེམས་ཇི་ཉེར་ལྔའི་ཁོངས་གཏོགས་དགེ་རྒྱས་བྱང་རོང་ཤོག་བཞིའི་གྲས་ཡིན། ཁོང་གཉིས་འཁྲུག་རྐྱེན་འབྱུང་རྩ་གཙོ་བོ་ཕ་ཡུལ་སྟོད་ནས་ཡིན་པའི་མི་འཁྱམས་བསམ་གྲུབ་ཟེར་བ་ཞིག་ཧོར་འབྲོག་ཤོག་གང་ཆེའི་སར་སླེབས་ཏེ་རྟ་སྦོད་ཉོ་ཚོང་འགའ་བྱས་ནས་ཟླ་གཅིག་ལྷག་ཙམ་བསྡད། དེ་རྗེས་མི་འཁྱམས་བསམ་གྲུབ་ཟེར་བ་དེས་དགེ་རྒྱས་རི་བའི་དཔོན་མི་འགྱུར་ལ་མགོ་བཏགས་ཞུས་ནས་བསྡད་ཡོད་པ་རེད། ཉིན་ཞིག་མི་འཁྱམས་དེས་རི་བ་དཔོན་མི་འགྱུར་ནི་ཁ་དཔུང་སྟོབས་ཤེད་ཆེ་ལ་ཇག་རྐུན་བྱེད་རྒྱུར་དགའ་བས་ཁོ་རང་གིས་ནམ་རྒྱུན་རྫིག་གཏམ་འདོན་དུས། ས་བཙན་པོ་མི་ཡི་མ་ཟིན་ལེ། བྱང་ཁོག་ལྕགས་མཁར་སྦུག་གུ་རེད། ཕོ་སྐྱེས་པོ་མི་ཡི་མ་འདོད་ལེ། ང་རི་བའི་རྒྱ་རྐྱ་མགོ་སྔོན་ཡིན། ཞེས་ཟེར་གྱི་ཡོད་པ་རེད། ཁོ་བོས་དཔོན་མི་འགྱུར་གྱི་གཤིས་རྒྱུད་ཤེས་ནས་དཔོན་ལ་རོགས་རམ་ཞུས་པས་དཔོན་གྱིས་ཁོ་རང་གི་ཚ་བོ་གཙོས་མི་བདུན་རོགས་བཏང་བས་མི་དེ་རྣམས་ཀྱིས་འབྲོག་ཤོག་དམར་རུ་ཤོག་ཁའི་ནང་དུ་བཙན་བྱོལ་བྱས་ཏེ་ཇག་རྒྱབ་སྐབས་དམར་རུ་ཤོག་ཁའི་འགོ་བ་དབང་མཆོག་གཙོས་རྟ་པ་སུམ་ཅུས་བསྐོར་ཏེ་མེ་མདའ་འཕེན་རེས་བྱས་མཐར་ཇག་མི་བདུན་ཆ་ཚང་བསད་པ་རེད། དེ་རྗེས་སྐྱེ་དགུ་མདོར་འབྲོག་ཤོག་གི་ཇ་བདལ་ལེན་མཁན་བློན་པོ་འཁོར་ཚ་སྐར་རྒྱན་དང་། སྟག་ལུང་བྲ་བོ་གཉིས་གཙོས་པའི་སྒར་ཆུང་ཁ་ཤས་ཕྱིན་པས་ཡར་ལམ་དགེ་རྒྱས་རི་བའི་ས་མཚམས་བརྒྱུད་དགོས་སྟབས་དཔོན་མི་འགྱུར་ནས་ལམ་སྒུག་བྱས་ཏེ་ཇ་དང་ཁལ་གཡག་སྒར་ཆས་གོ་ལག་དང་བཅས་པ་ཆ་ཚང་འཕྲོག་ཁར་ད་དུང་མི་ཁ་ཤས་ཀྱི་མགོ་སྐྲའི་ལྷས་མ་སྟག་གཡུ་དང་བཅས་བྲེགས་པ་མ་ཟད། རྣ་ལོང་ཡང་འཕྲོག་སྟེ་འབྲོག་ཤོག་དཔོན་བློན་ལ་བརྙས་གཏམ་གྱི་འཕྲིན་ཆ་བསྐུར་ཏེ། དཔེ་རུ་ལྟག་ཕུད་རྣ་ལོང་ཞྭ་འཕྲུ་གསུམ། ཕ་རྗེ་དཔོན་གྱི་སྐུ་སྐལ་རེད་ཅེས་ཟེར་སྲོལ་ཡོད་པ་འདི་དཔོན་རྒྱལ་སྲས་ཁྱོད་ལ་གཏད་པ་ཡིན་ཞེས་དང་། ད་དུང་ཁྱོད་ཀྱི་ནང་བློན་ག་རྒྱ་འགྲམ་ནག་ཟེར་བ་ནི་སྤྲ་བྲག་ནག་གི་བུ་ཡིན་ཟེར་གྱི་ཡོད་ན། ང་རི་བ་མི་འགྱུར་ཡང་བྲག་ཆེན་ར་རྒོད་ཀྱི་བུ་ཡིན། སྤྲ་བྲག་ནག་དང་བྲག་ཆེན་ར་རྒོད་ཟེར་བ་གཉིས་ནི་སོ་སོའི་རྒྱབ་རི་མིང་ཡིན། ཡང་ང་ས་བཙན་ལྕགས་མཀར་སྦུག་གུ་ལ། རི་བ་མི་ཡི་སྐྱང་ཀི་ཡོད། བུ་རྟ་ལྕགས་ཀྱི་སེར་བ་ཡིན། ཁྱོད་དཔོན་བློན་གཉིས་ཡོང་ཕོད་ན་ངེད་སྐྱ་སེར་གཉིས་དང་རལ་ཁ་བཀྱེ་ནས་སུ་རྒྱལ་སུ་ཕམ་ཐག་བཅད་ཆོག་ཟེར་ནས་རྫིག་གཏམ་སྣ་ཚོགས་བཤད། ཇ་བདལ་ལེན་མཁན་རྣམས་རང་ཡུལ་དུ་འབྱོར་རྗེས་སུ་ལམ་བར་གྱི་གནས་ཚུལ་སྐོར། འབྲོག་ཤོག་དཔོན་བློན་གཉིས་ལ་བདེ་སྡུག་ཞུ་འབོད་དང་སྦྲགས་རི་བ་མི་འགྱུར་གྱིས་བསྐུར་བའི་འཕྲིན་ཆ་རྣམས་ཞུས་ཡོད་པ་རེད། དེ་ནས་འབྲོག་ཤོག་དཔོན་སྡེས་རི་བ་ལ་དགྲ་ལན་ཅི་ཙམ་ལེན་རྒྱུའི་གྲོས་མོལ་བྱེད་སྐབས་ག་རྒྱ་འགྲམ་ནག་ནས་རི་བའི་བརྙས་བཅོས་ཀྱི་སྐད་ཆར་ཁོང་ཁྲོ་མེ་ལྟར་འབར་ཏེ་བཤད་དོན། ད་ཐེངས་དཔོན་ཁྱེད་དམག་ལ་ཕེབས་དགོས། ང་ག་རྒྱ་བུས་རི་བ་མི་འགྱུར་གྱི་མགོ་ལག་ལེན་ཐུབ་པ་བྱེད་རྒྱུ་ཡིན། ཡང་ན་ངའི་དུར་ས་རི་བའི་ས་ཐོག་ཏུ་འདེབས་རྒྱུ་ཡིན་ཞེས་ཚིག་ཐག་ཆོད་པོའི་སྒོ་ནས་བཤད། སྐབས་དེར་དཔོན་རྒྱལ་སྲས་ཀྱིས་དེར་མོས་མཐུན་བྱས་ཏེ་འབྲོག་ཤོག་ཤོག་ཁ་བཅུ་དྲུག་གི་དམག་བསྡུ་རྒྱུ་དང་ཆབས་ཅིག་སྔར་ཡོད་ཧོར་སྤྱི་ཁྱབ་རང་གི་ཧོར་སྦྲ་ཁྲི་འདུས་སྟོང་ཤོང་ཟེར་བའི་སྦྲ་ཆེན་པོ་ཞིག་ཡོད་པ་དེ་ཧོར་འབྲོག་ཤོག་གི་ས་གནས་ཀོ་ཡངས་དེའུ་སྟག་ཟེར་སར་ཕུབ་སྟེ་བླ་མ་གཤེན་སྤྲུལ་ཐུགས་རྗེ་ཉི་མ་གདན་དྲངས་ཏེ་སྤྱི་རིམ་གཟབ་རྒྱས་ཚོགས། ༼༡༩༤༠ ལོར་དམག་རྩིས་བླངས་ཏེ་གོ་ལག་རང་འགྲིག་གི་རྟ་པ་༼༢༥༠་དང་དམག་དཔོན་ག་རྒྱ་འགྲམ་ནག་ལ་བསྐོ་བཞག་བྱས། ཕྱི་ཉིན་བསང་བསྐོར་བྱེད་སྐབས་དམག་མི་རྣམས་ལ་དམག་དར་རང་འགྲིག་དང་དུས་མཚུངས་སུ་བླ་གྲྭ་རྣམས་ཀྱིས་ལྷ་གསོལ་དང་སྔགས་པ་ཚོས་དར་རྡེབ་འཕྲིན་བཅོལ་བྱེད་བཞིན་པའི་མཚམས་དེར་ག་རྒྱ་འགྲམ་ནག་གིས་གོས་ཆེན་སྨུག་ཁྲའི་ཚར་ཙག་ཅིག་གྱོན། སྦོད་རྒན་མ་ཞེས་པའི་མེ་མདའ་དེ་ཁུར། རྟ་འབྲོང་ནག་ལ་བཞོན ཧོར་རྒྱལ་སྲས་ཀྱིས་མཛོད་དར་ཞིག་མགུལ་དུ་སྒྲོན་ཏེ་དེ་སྔའི་ཧོར་སྤྱི་ཁྱབ་ཚང་གི་ཧོར་སེར་མཚོན་བྱེད་གོས་སེར་གྱི་དམག་དར་དེ་སྒྲེངས་ཏེ་དམག་ལ་ཆས། དེ་ནུབ་གུར་དཀར་ཚྭ་ཁ་ཟེར་སར་སྒར་རྒྱབ་ཏེ། ག་རྒྱའི་ཨ་ཕྲུག་མདོ་བ་བསྟན་གྲགས་ནས་རྩིས་རྒྱུད་ལྟར་དམག་རྒྱག་གི་ཚེས་གྲངས་དང་སྒྲ་ཅན་བསྐོར་ཏེ་དམག་རྒྱབ་སྐབས་ཀྱི་ཁ་གཏད་ཕྱོགས་གཏན་འཁེལ་བྱས། ཕྱི་ཉིན་ནས་བཟུང་ཉིན་ལྔ་ཡི་ཐོག་ཏུ་དེམས་ཆི་འབྲོང་པ་སྨད་མའི་ས་ཐོག་ཏུ་སླེབས། ཉིན་དེར་འབྲོང་སྨད་སྤྱི་སྲིབ་དུ་སླེབས་སྐབས་འཁྲུགས་རྩོད་ཅུང་ཙམ་ཤོར་སྐབས་ག་རྒྱ་མྱུར་དུ་ཡོང་ནས་རྟ་ལ་བབས་ཏེ་ཁྱེད་རང་ཚོས་འཐབ་བསམ་ང་དང་འཐབ་ག་རྒྱ་འགྲམ་ནག་ཟེར་བ་དེ་ཡིན་ཞེས་བཤད་པས་ཁོ་ཚོ་ཚང་མས་མགོ་སྒུར་བ་ཡིན་ཟེར་ནས་མེ་མདའ་རྒྱག་མཚམས་བཞག དེ་ནས་ལམ་དུ་བསྐྱོད་སྐབས་ལམ་ཁྲིད་རྨེ་རི་དགྲ་འདུལ་ནས་ག་རྒྱ་ལ་དེ་རིང་གང་ཆེས་དོན་མེད་འཛིང་མོ་སློང་བས་ཁོ་ཚོས་རི་བར་ལན་བརྡ་སྐྱེལ་ངེས་རེད། གལ་སྲིད་རི་བས་དགྲ་ཟོན་གྱི་གྲ་སྒྲིག་བྱས་ཚེ་ས་ཆ་ཤིན་ཏུ་བཙན་སྟབས་ང་ཚོས་དམག་རྒྱག་རྒྱུར་དཀའ་ངལ་ཡོང་གི་རེད་ཅེས་བཤད་པར། ག་རྒྱས་ད་ཡིན་ན་ང་ཚོ་མགྱོགས་ལམ་བཙལ་ན་དགའ་ཞེས་བཤད། རྨེ་རི་དགྲ་འདུལ་གྱིས་མགྱོགས་ལམ་བཙལ་ནས་དེ་ནུབ་རྩམ་སྡེར་ཁ་ཟེར་སར་སླེབས་རྗེས་དེ་དགོང་དེར་བསྡད། ཕྱི་ཉིན་དངོས་སུ་རི་བ་ལ་དགྲ་རྒྱུ་ཡིན་པས་རྨེ་རི་དགྲ་འདུལ་ལ་ས་བབས་སྐོར་སྐད་ཆ་ནན་པོ་དྲིས། ཁོས་ས་ཆ་དེ་མ་གཞི་བྱང་འབྲོག་གི་ས་ཡིན་རུང་གཞན་དང་མི་འདྲ་བའི་ས་བཙན་ཞིག་ཡོད་བྱང་ཁོག་རོང་དང་ལྕགས་མཁར་སྦུག་གུ་ཟེར་བ་དེ་གཉིས་གཅོང་རོང་ཤིན་ཏུ་དོག་ལ་བྲག་འཕྲང་ཆུ་བབས་ཡིན་པས་ལམ་དེ་བརྒྱུད་དགོས་པ་བཤད། དེར་མ་ཟད་དཔོན་མི་འགྱུར་སྡོད་ས་དེ་མིན་གྱི་ལ་སྒོ་དང་བྲག་འཕྲང་རྣམས་ཀྱང་ཤིན་ཏུ་དོག་པོ་ཡོད་པ་རེད་ཅེས་ཞིབ་པར་བཤད་རྗེས། དེ་ནུབ་ག་རྒྱ་འགྲམ་ནག་གིས་དོ་དགོང་སྔ་ཙམ་ནས་ཉལ་ཏེ་ནམ་དཀྱིལ་ཙམ་ནས་ར་རིང་ལ་ཁ་བརྒལ་ཐུབ་པ་བྱེད་དགོས་ཟེར་བཞིན་ཉལ་ཙམ་བྱས་ནས་ཡར་ལངས་རྗེས་ག་རྒྱའི་ཨ་ཕྲུག་མདོ་བ་བསྟན་གྲགས་ནས་ག་རྒྱའི་ཚབ་བྱས་ཏེ་བཤད་དོན། མདང་ནུབ་ཨ་བུའི་དགོངས་ལམ་ལྟར་ན། ང་ཚོའི་མི་རྨས་པ་ཙམ་ལས་སྲོག་ཉེས་མི་འདུག དེའི་ནང་དུ་ནག་རུ་ནམ་མཁའི་བུ་དེ་སྦྲ་ཡི་རེ་མིག་ཏུ་འཛུལ་སོང་བ་རྨིས་བྱུང་བས་དེ་ཁྲིད་རྒྱུ་མི་འདུག་གསུང་གི་འདུག་ཅེས་གཏམ་བཤད།

དངོས་སུ་དགྲ་འཐབ་བྱུང་བའི་སྐོར།

   ག་རྒྱ་འགྲམ་ནག་ནས་དམག་རྣམས་དགོས་ཏེ་ག་རྒྱ་དཔོན་འཁོར་རྣམས་དང་མི་རྟ་ཧྲག་བསྡུས་ཀྱི་རྟ་པ་བརྒྱ་ཙམ་ཞིག་དངོས་སུ་དགྲ་འཐབ་སར་འགྲོ་དགོས ཁ་ཤས་ཅིག་བྱང་ཁོག་ལྕགས་མཁར་རྒྱུད་དུ་ཕྱིན། ཁ་ཤས་ཀ་གུ་ར་བར་ནས་བྲག་ཆེན་རྒྱུད་ནས་ཕྱིན་ཟེར་ཏེ་གཏན་འཁེལ་བཟོས་པ་རེད། སྐབས་དེར་ག་རྒྱ་འགྲམ་ནག་གིས་དེ་རིང་ང་དགྲ་བོས་གསོད་ཐུབ་ན་རོ་ཆས་མི་འདུག་སྙམ་གྱི་རེད། དེས་ན་གཟབ་སྤྲོས་ཡག་པོ་བྱེད་དགོས་ཟེར་ནས་གོས་ཆེན་སྨུག་ཁྲའི་ཚར་ཙག་དེ་གྱོིན་ནས་གཟི་བྱུར་ཕྲེང་ཞགས་གཉིས་ག་ཤའི་ཚུལ་གྱིས་གོན། གསེར་གྱི་བཟོས་པའི་གའུ་ཅིག་རྒྱབ་དཀྱིལ་དུ་འཁེལ་བར་བྱས་ཏེ་དེ་མཚམས་གཡུལ་སར་ཕྱིན་པས། ཀ་གུ་ར་བར་བ་མར་སླེབས་པ་དང་ཚང་མས་རྟ་ལས་བབབ་ནས་མཉམ་འཛོམས་བྱས་ཐོག་ག་རྒྱས་ད་ལན་ང་ཚོ་དགྲ་འཐབ་དངོས་སུ་སྐྱེ་རྒྱུ་ཡིན་པས། སྔོན་བཤད་པ་ལྟར་སོ་སོ་ནས་འགྲོ་དགོས་ཟེར་ཏེ་ངེད་ག་རྒྱ་དཔུང་འཁོར་གྱིས་བྲག་ཆེན་ཕུ་ནས་མར་བླུག་སྟེ་བརྒྱབ་ཡོང་ཟེར་ནས་བཀོད་འདོམས་བྱས་རྗེས་སོ་སོ་ནས་ཕྱིན། དེའི་སྔ་ཉིན་གློ་བུར་དུ་སྐྱ་མི་ནག་པོ་ཞིག་དཔོན་མི་འགྱུར་ཚང་གི་སར་སླེབས་ནས་ནང་དུ་འཛུལ། མྱུར་དུ་མི་འགྱུར་གྱིས་ད་ཧོར་དམག་སླེབས་རན་འདུག་ཟེར་ནས་དམག་རྣམས་གྲ་སྒྲིག་བྱེད་དགོས་པར་བཤད། དེ་མཚམས་ཁོ་རང་གི་བཟའ་ཟླ་དང་ཡུལ་མི་རྣམས་ཀྱིས་དཔོན་ཁྱེད་ཀྱིས་མ་དགོངས་ལས་གང་ཡང་མེད་ཡིན་ན་ཡང་ད་ལན་དོན་ཆེན་ཡིན་པས་ཁྱེད་ཚེ་གཅིག་གི་དཔོན་མི་འགྱུར་བྱེད་ན་དགའ་བ་ལས་ཉིན་གཅིག་གི་རི་བ་མི་འགྱུར་བྱས་ན་མི་དགའ་ཁྱེད་མྱུར་དུ་བྱང་རོང་དུ་གཡོལ་ཏེ་རྫ་ཆུར་བརྒལ་ཐབས་བྱས་པ་ལས་ཧོར་དམག་མ་འཐབ་ན་དགའ་ཞེས་བཤད། མི་འགྱུར་གྱིས་བཟའ་ཟླ་སོགས་ཀྱི་ངག་བཀོད་ལ་མ་ཉན་པར་དེ་རིང་ཧོར་དམག་སླེབས་དུས་གཡོལ་རྒྱུ་ཕར་བཞག་གདོང་ལེན་བྱེད་དགོས་ཟེར་ནས་ཁོ་རང་གི་སྤུན་མཆེད་གྲྭ་པ་ཞིག་ཡོད་པ་ཁོ་གཉིས་རྟ་སྦོད་རང་འགྲིག་བྱས་ཏེ་དམག་རྣམས་བསྡུ་རུབ་བྱས་ནས་བྲག་ཆེན་མདོ་འགྲམ་གྱི་ལམ་འགག་ནས་ཁ་སྒུག་སྤྲད་དེ་ཧོར་དམག་གཅིག་ཀྱང་མ་ཤོར་བ་བྱེད་དགོས་ཟེར་ནས་བཀོད་སྒྲིགས་བྱས། སྐབས་དེར་ག་རྒྱའི་དམག་རྣམས་འགྲོ་བཞིན་པའི་སྐབས་གློ་བུར་དུ་མེ་མདའི་སྒྲ་སྐད་གྲགས་པས་མདུན་ཕྱོགས་ལ་བལྟས་དུས་མེ་དཔུང་ཐོན་པ་ལྟར་དམར་ཚུབ་ཚུབ་ཡོད་པ་དང་། རྒྱབ་ཕྱོགས་སུ་བལྟས་ན་མེ་འོད་ཀྱིས་གསལ་ལྷང་ལྷང་ཞིག་བྱུང་བས། དེ་མཚམས་མེ་མདའ་འཕེན་རེས་བྱས་སྐབས་མདའ་དང་མདེའུ་བུས་དྲག་ཆར་བབས་པ་ལྟར་བྱས་པས་རི་བའི་དམག་རྣམས་ཁ་ཤས་ཅིག་བསད་པས་གཞན་གཡོལ་ཐབས་ཅི་དྲག་བྱས་པ་ལས་གདོང་མཆང་གི་དགྲ་འཐབ་བྱེད་མི་ནུས། དེ་རྗེས་ཉི་མ་ཤར་དྲོད་ཙམ་ལ་སྔར་བཤད་པའི་བྱང་ཁོག་ལྕགས་མཁར་སྦུག་གུ་ཟེར་བའི་ས་བཙན་གྲགས་ཅན་དེའི་བརྒྱུད་ནས་ཐོན། དེ་མཚམས་བྲག་ཕུག་ཞིག་གི་མདུན་ནས་མེ་མདའ་རྒྱག་བཞིན་པར་མཐོང་ཚེ་ག་རྒྱ་འགྲམ་ནག་གིས་གདོང་ལེན་བྱས་ཏེ་མེ་མདའ་འཕེན་རེས་བྱས་ཚེ་མི་གཅིག་གི་མགོ་ལ་ཕོག་ནས་ཀླད་པ་གཏོར་ཏེ་བསད་པ་དང་གཅིག་ཤོས་དེའི་ལུས་ལ་མདིའུ་མང་པོ་ཐེབས་ནས་རྨ་སྐྱོན་་ཚབས་ཆེན་བཟོས་ཤིང་། ཁོ་རང་གི་མེ་མདའི་མདེའུ་རྫོགས་ནས་ཅི་བྱ་མེད་པར་མེ་མདའ་ལག་ནས་ཁྱེར་ཏེ་བྲག་ཕུག་ནས་ཐོན་ཏེ་འགྲོ་སྐབས་མགོ་སྒུར་ཟེར་ནས་ཇི་ཙམ་བོས་ཀྱང་ཡ་ལན་མེད་པར་ཕྱིན། དེ་འཕྲལ་མེ་མདའ་བརྒྱབ་ནས་ས་ལ་ཐེངས་མང་སྒྲིལ་ཡང་སླར་ཡང་ལངས་པས། དེ་མཚམས་ཁོ་འགྲམ་དུ་སླེབས་ནས་གྲི་གཙབ་བྱས་ཏེ་བསད། མི་དེ་རི་བ་དཔོན་གྱི་སྤུན་ཚུལ་ཁྲིམས་ཟེར་བ་དེ་ཡིན་པ་དང་སྔར་བྲག་ཕུག་ནང་དུ་བསད་པའི་གྲས་སུ་་དཔོན་མི་འགྱུར་ཡོད་པ་གཞི་ནས་ཤེས་པ་རེད། དེ་གཉིས་བསད་པ་ཤེས་འཕྲལ་ག་རྒྱའི་སེམས་ལ་འགྲིགས་པ་བྱུང་ཏེ་ག་རྒྱས་དགེ་རྒྱས་རི་བར་དགྲ་ལེན་ལོན་པས་རི་བ་མི་འགྱུར་གྱི་སྟོང་གཏམ་ལ་ཡ་ལན་སློག་པའི་གླུ། བྱང་ཁོག་ལྕགས་ཀྱི་སྦུག་གུ་དེ། ལྕགས་ཞིབ་རྡུང་བྱེད་མི་སེར་པོ་ཧོར། རི་བ་མི་ཡི་སྐྱང་ཀི་དེ། སྐྱང་ཁ་བཤུས་བྱེད་མི་ག་རྒྱ་བུ། དཔོན་རྒྱལ་སྲས་དགྲ་དེ་རྗེས་ནས་ཡོད། བློན་ག་རྒྱའི་རྟིང་མ་ད་རེས་བླངས་ཅེས་ཟེར་ཏེ་གླུ་དབྱངས་བླངས་ཡོད་པ་རེད། སྐབས་དེར་རི་བའི་རྒྱུ་ནོར་ཆ་ཚང་འདེད་འཁྱེར་བྱས་པ་དང་རི་བར་དགྲ་བརྒྱག་མཚམས་བཞག་ནས་ཕྱིར་ལོག་སྟེ་མཚན་མོ་ཉལ་རྗེས་རྨས་མ་ཚབ་ཆེན་ཁ་ཤས་འཁྲུལ་ནས་དེ་རྒྱོབ་དེ་གསོད་ཟེར་གྱི་འདུག དེ་མཚམས་རྐང་ཐུང་རིན་ཆེན་གྱིས་ག་རྒྱའི་སར་ཕྱིན་ནས་ཁྱེད་ཀྱིས་བཀའ་བསྒོ་བྱེད་རོགས་ཟེར་བས། ག་རྒྱས་ངས་བཀའ་བསྒོ་མི་ཤེས་སྦོད་རྒན་མ་མགོ་ལ་འཇོག་དགོས་རེད་དམ། ཡང་ན་འདོན་པ་འདོན་དགོས་ཁྱོད་རང་ཤེས་ཟེར་བར། རྐང་ཐུང་གིས་ཁྱེད་དགྲ་བླ་འཁོར་བའི་ཕོ་རྒོད་ཞིག་པས་མེ་མདའ་ཡིས་བཀའ་བསྒོ་ཀྱང་ལོས་ཆོག་ཟེར་ཞིང་། ཁོ་གཉིས་རྨས་མ་རྣམས་ཀྱི་སར་སོང་ནས་སྦོད་རྒན་མ་མགོ་འཇོག་ཙམ་བྱས་པས་འཁྲུལ་ལབ་འཇམ་དུ་ཕྱིན་པ་རེད། སྔོན་དམག་འཐབ་སྐབས་སུ་ཨར་ཤོག་ནས་ཡིན་པའི་ཚབ་ཤི་གཡུ་དབང་ཟེར་བ་དེ་འཁྲུག་འཛིང་བྱེད་སྐབས་སྐྲག་ཐག་ཆོད་ནས་བྲག་སྡེབས་ཆུ་འབབ་པའི་ཆུ་འོག་ཞིག་ལ་གབ་ནས་རྗེས་སུ་ཆུ་ཛར་རེ་ཡར་ལངས་ཡོང་བ་རེད། རྗེས་སུ་མི་རྣམས་ཀྱིས་ཁོ་ལ་འཕྱ་དམོད་བྱས་ནས་བཤད་པ། གཡུང་དབང་ཆུ་ལ་རང་དབང་ཐོབ། དགྲ་ཆུ་ཆང་འདྲེས་དུས་ཆུ་ནང་འཛུལ། ཨར་ཤོག་མི་ལ་ཆུ་གཤོག་ཡོད་ཅེས་ཟེར་གསོལ་ཡོད།

ཧོར་དམག་ཡར་ལོག་པའི་ལམ་རྒྱུད་ཀྱི་གནས་ཚུལ་སྐོར།

   ཉིན་ཞིག་ལམ་རྒྱུད་ཅིག་ལ་གུར་སྒར་ཞིག་ཡོད་པས་ག་རྒྱས་དེའི་སར་སོང་བས་དེ་ནི་ཚང་པ་གསེར་རྡོ་ཟེར་བ་དང་འབྲོང་པ་དཔོན་གྱི་ཁུ་བོ་དཔོན་སྦ་ཉོག་ཀྱང་དེར་བསྡད་ཡོད་པ་རེད། ཚོང་པ་གསེར་རྡོ་ནི་ག་རྒྱའི་ཚོང་ཤག་ག་རྒྱ་དེར་ངལ་གསོ་བྱས་ཏེ་གླེང་མོལ་བྱེད་སྐབས་དཔོན་སྦ་ཉོག་ནས་ག་རྒྱ་ཁྱེད་ཀྱིས་ད་ལན་དེ་འདྲའི་དགྲ་ཆེན་ཞིག་བརྒྱབ་སོང་། རི་བ་མི་འགྱུར་གྱི་སྤུན་ཉེ་གཉིས་བསད་ཚར་བ་རེད་དམ་ཞེས་དྲིས་པས། ག་རྒྱས་རི་བ་སྤུན་ཉེ་གཉིས་བསད་ཡོད་མེད་གསལ་པོར་ཤེས་མ་སོང་ཟེར་ནས་ཁོ་ལ་མ་བཤད། སྦ་ཉོག་ནས་རི་བ་དཔོན་སྤུན་གཉིས་བསད་ཚར་ཡོད་མེད་ཁུར་མདའ་བླང་ཡོད་ཚེ་དེར་ལྟས་ན་ཤེས་ཐུབ་ཅེས་ཟེར་བར། ག་རྒྱས་ནག་རུ་ནམ་མཁའ་ལ་མེ་མདའ་དེ་ཚོ་ཁྱེར་ཤོག་བརྗོད་ནས་ཁོ་ལ་བསྟན་པས་དེ་འཕྲལ་སྦ་ཉོག་ངོ་མདངས་འགྱུར་བཞིན་མིག་རྩ་མཆི་ཞག་འཁོར་བ་དང་། ཁྱེད་ཀྱིས་དེ་འདྲ་བཟོས་འདུག་ཕ་སྡེ་ཉི་ཤུ་རྩ་ལྔ་དེ་རྩ་བཞི་ལ་གཏུག་ཚར་བ་རེད་མེ་མདའ་འདི་གཉིས་ཅི་ལ་ནོར་སྐུ་མཆེད་གཉིས་ཀ་བསད་ཚར་བ་ཐག་གི་ཆོད་ཟེར་ཏེ་ངོ་ལ་ཕུར་ཕུར་འགའ་ཞིག་བྱེད་ཀྱིན་ཤུགས་རིང་ཁ་ཤས་ཅིག་བཏང་། དེ་རྗེས་ག་རྒྱ་དཔོན་འཁོར་རྣམས་ཕ་ཡུལ་འབྲོག་ཤོག་ཏུ་སླེབས་རྗེས་དགྲ་ཐོབ་ཀྱི་རྒྱུ་ནོར་བགོས་བརྒྱབ་སྐབས་དཔོན་རྒྱལ་སྲས་གདན་ཞུ་བྱས་ནས་བགོས་རྒྱུའི་དངོས་པོའི་གྲངས་དང་། བགོ་ཡུལ་གྱི་དམག་མིའི་གྲངས། དམག་འཐབ་སྐབས་མི་གསོད་མཁན་ངོས་བཟུང་ཚེ་རི་བའི་སྤུན་གཉིས་གསོད་མཁན་ང་ཡིན་ཁོ་ཡིན་ཟེར་ཀྱང་འབྲོག་ཤོག་གི་མི་གྲགས་དང་། དམག་མི་མང་ཆེ་བས་ག་རྒྱ་འགྲམ་ནག་གིས་བསད་ཡོད་པ་གཏན་འཁེལ་རེད་ཅེས་བཤད། ག་རྒྱའི་ཨ་ཕྲུག་རྣམས་ཀྱིས་དངོས་སུ་བསད་སར་མ་མཐོང་ཀྱང་རི་བ་སྤུན་གཉིས་བྲོས་མི་ཐུབ་པའི་རྒྱུ་མཚན་ག་རྒྱ་བུས་མདའ་བརྒྱབ་ནས་རྨས་པ་རེད་ཟེར་ནས་ཁ་གཅིག་མཚུངས་སུ་གྲགས། གང་ལྟར་དཔོན་རྒྱལ་སྲས་ཀྱིས་ག་རྒྱ་འགྲམ་ནག་ལ་བསྔགས་བསྟོད་ཆེར་བྱས་པ་མ་ཟད་དྲས་ཆས་དང་རྒྱུ་ནོར་སོགས་གང་ཅིའི་ཐད་ག་རྒྱར་ཆེ་སྐལ་བཞག་པ་དང་དེ་འཕྲོ་གཞན་རྣམས་ལ་བགོས་བརྒྱབ་སྟེ་ཧོར་འབྲོག་གི་དཔོན་འཁོར་རྣམས་ཀྱིས་ག་རྒྱ་དཀོན་མཆོག་རྒྱལ་མཚན་ནམ་འགྲམ་ནག་ལ་ཆེ་བསྟོད་བྱས་ཏེ། ས་བཙན་ལྕགས་མཁར་སྦུག་གུ་ལ། རི་བ་མི་ཡི་སྐྱང་ཀི་དེ། སྐྱང་ཁ་ཤུས་བྱེད་མི་སེར་པོ་ཧོར། བུ་རྟ་ལྕགས་ཀྱི་སེར་བ་དེ། ལྕགས་བཞུ་བརྡུང་བྱེད་མི་ག་རྒྱ་བུ་ཡིན་ཞེས་ཟེར་ཏེ་བསྔགས་བརྗོད་ཀྱི་མེ་ཏོག་འཐོར་བའོ།།

བྱང་སྤྱི་ཕ་ལྷས་ག་རྒྱ་དཀྲོང་བའི་སྐོར།

   ཆུ་རྟ་ལོ་ནས་བཟུང་ཧོར་ཚོ་རྫོང་དྲུག་དགོས་ཀྱི་ཡོད་པར་བརྟེན་དེ་ཚུན་རྫོང་འགོ་སོ་སོར་རྫོང་སྡོད་སེར་སྐྱ་སྦྲེལ་པོ་རེ་ཡོང་གི་ཡོད་པ་རེད་ཤིང་སྤྲེལ་ལོར་སྦྲ་ཆེན་རྫོང་དྲུང་འཁོར་སྟག་སྣ་དང་བརྩེ་དྲུང་མགོ་དཀར་གཉིས་གསར་དུ་སླེབས་པ་དང་། བཀྲས་མཐོང་གི་བུ་ཀྱང་སྦྲ་རྫོང་ལ་འབྱོར་ནས་རྒྱ་རྒོལ་རྩ་ཚིག་སྦྱར་བ་དང་རྫོང་ནང་ཁུལ་དུ་ཚོགས་འདུ་འཚོགས་པ་ནས་རྫོང་དཔོན་གྱི་བརྗིད་ཉམས་སྟོན་པའི་ནང་དུ་ག་རྒྱ་དཔོན་གཡོག་ཁ་ཤས་ཡོང་ནས་རྫོང་གི་སྒོ་འགྲམ་བར་རྟ་མ་བབས་པ་དང་ནང་ལ་ཡོང་དུས་རྫོང་དཔོན་ལ་གུས་ཞབས་མ་བྱས་པས། བཀྲས་མཐོང་བུ་དང་རྫོང་དཔོན་རྣམས་ཤིན་ཏུ་ཁྲོས་ཀྱང་ག་རྒྱའི་མདུན་ཁོང་ཁྲོ་ཁོག་ཏུ་བཅང་ནས་སྡོད་པ་ལས་གཞན་བྱ་ཐབས་མ་བྱུང་བཀྲས་མཐོང་བུ་ཡར་ལོག་རྗེས་བྱང་སྤྱི་ཕ་ལྷ་དང་ས་གནས་སྲིད་གཞུང་ལ་འགྲམ་ནག་ཟེར་བ་དེས་གཞུང་སའི་དཔོན་རིགས་མིག་ནང་དུ་མི་འཇོག་པར་མཐོང་ཆུང་ཁྱད་བསད་བྱེད་ཀྱི་འདུག་པས་དེ་མེད་པ་བཟོ་དགོས་ཚུལ་བཤད་ཡོད་པ་མ་ཟད་དྲུང་འཁོར་སྟག་སྣ་དང་འགྲམ་ནག་འགྲེག་པོ་གཏན་ནས་མེད་པའི་བྱང་སྤྱི་ཕ་ལྷར་རྟ་དྲིའུ་ཁ་ཤས་སྤྲད་དེ་ག་རྒྱས་རྒྱ་མི་ལ་ངན་འབྲེལ་བྱེད་ཀྱི་ཡོད་པ་དང་སྦྲ་རྫོང་རྐང་འོག་ཏུ་དྲངས་ཀྱི་ཡོད་པས་མི་དེ་མ་བསད་ཐབས་མེད་ཡིན་ཞེས་རྫུན་གཏམ་མང་དུ་བགྲང་རྩེ་དྲུང་མགོ་དཀར་ག་རྒྱར་སྟུན་ཐབས་བྱས་པའི་གྲོགས་པོ་ཆགས་ཡོད་པ་རེད། འབྲོག་ཤོག་ནས་ག་རྒྱ་དང་མ་འགྲེགས་པར་ནག་ཆུར་བྲོས་ཏེ་བསྡད་པའི་འབྲུ་ཞིག་ལྷ་མཆོག་ཟེར་བ་ཞིག་ཡོད་པ་དེས་བྱང་སྤྱིར་འགྲོ་ཁུངས་བཙལ་ནས་ག་རྒྱ་མེད་པ་བཟོ་ཐབས་ཞུས་པ་དང་། སྔོན་བོན་ཐ་དཔོན་ཚེ་སྒོ་ཚེ་ལྕགས་ཀྱིས་ཐག་ཆོད་བྱུང་བའི་རྒྱལ་རྩེ་ཡང་སྐབས་དེར་ནག་ཆུར་བཙོན་མིང་ནང་མའི་རྣམ་པའི་ཐོག་བྱང་སྤྱི་ཕ་ལྷ་ལ་ག་རྒྱ་གསོད་ཐབས་བརྒྱུད་སྐུལ་བྱས། དེས་མ་ཚད་ཨ་གོང་བརྒྱ་དཔོན་བསོད་རྡོར་ནས་སྔོན་འགོམ་དཔོན་གྱི་སྲས་ག་རྒྱས་བསད་པའི་དགྲ་ཤ་ལེན་ཕྱིར་ཁོ་རང་གིས་བྱང་སྤྱིས་ག་རྒྱ་གསོད་ཐབས་བརྒྱུད་སྐུལ་བྱས། གང་ལྟར་བྱང་སྤྱི་ཕ་ལྷས་ག་རྒྱ་གསོད་རྒྱུ་གཏན་འཁེལ་བཟོས་རྗེས་ཕྱི་ཚུལ་དུ་ག་རྒྱ་གསོད་པར་འགྲོ་རྒྱུ་མ་བསྟན་ཀྱང་༼༡༩༤༤ལོའི་སྟོན་དུས་སུ་བྱང་སྤྱི་ཕ་ལྷ་བོད་དོན་སྐོར་འདམས་དཀྱིལ་རི་ཤར་སྣ་ལ་ཡོང་གི་ཡོད་ཚུལ་གྲགས་ཏེ་མདའ་ཡིག་ཀྱང་སྦྲ་རྫོང་བར་འབྱོར་ཡོད་པ་རེད། དེའི་གོང་ཙམ་ནས་ཕ་ལྷས་སྙན་རོང་རྫོང་རྒྱལ་མཚན་ཡོན་ཏན་བརྒྱུད་ནས་ག་རྒྱ་འབྲེལ་བ་བཟོས་སྦྲ་རྫོང་རྩེ་དྲུང་མགོ་དཀར་ལ་བྱང་སྤྱི་ཚོ་དེམ་སར་སླེབས་སྐབས་ག་རྒྱས་བྱང་སྤྱིར་མཐུན་་པོ་མ་བྱས་བར་མདུན་དུ་བཅར་ཏེ་ཉེ་པོ་བྱས་ན་ལེགས་པ་དང་ག་རྒྱ་ཚང་ལ་ཕན་ཐོག་ཆེན་པོ་ཡོད་ཚུལ་བརྒྱུན་ཤོད་བྱེད་དུ་བཅུགས། དེ་རྗེས་བྱང་སྤྱི་ཕ་ལྷས་ག་རྒྱ་གསོད་རྒྱུའི་ཐོག་དངོས་སུ་ཁས་བླངས་ཏེ་ཉ་དང་རྒྱ་དཔོན་དང་གྲ་གཞི་དམག་གིས་ཞལ་ངོ་བློ་བཟང་ཟེར་བ་གཉིས་བཀོད་སྒྲིག་བྱས་པ་དང་ག་རྒྱ་མགོ་སྐོར་གཏོང་མཁན་ཚ་ཤོ་དཔལ་གྲགས་ཞེས་པ་དེ་དང་འགྲམ་ནག་གཉིས་ཀྱི་བར་མཛུབ་མོ་དམར་འགུག་གི་མནའ་ཤག་བཟོས་རྒྱུ་སོགས་གྲ་སྒྲིག་ཟིན་རྗེས་སྐུ་སྲུང་རྟ་དམག་ཉེར་ལྔ་ཁྲིད་དེ་ནག་ཆུ་ནས་རྡོག་ཐོ ན་གྱིས་ཆིག་སུ་བར་དང་། དེ་ནས་འོམ་ཀྱང་དང་གེ་དམར་མེ་མོ་ལ་བརྒལ་ནས་གདོང་ལམ་དུ་འབྱོར། གདོང་ལམ་དུ་བོན་ཐས་གྲ་སྒྲིག་དེ་ཙམ་མ་བྱུང་བས་ཕ་ལྷས་བོན་ཐ་ལ་ང་གྲྭ་རྐྱང་ཞིག་གིས་ངོས་ནས་བཤད་ན་མི་འགྲེགས་རྒྱུ་གང་ཡང་མེད་གཞུང་དགའ་ལྡན་ཕོ་བྲང་པའི་མཁན་རིམ་ཞིག་གི་ངོས་ནས་བཤད་ན་འགྲིག་གི་མི་འདུག་གཞུང་སའི་མཚན་སྙན་ལ་གནོད་པས་དཀྱུས་གུར་འདི་ཙམ་གྱི་ནང་ལ་གྲ་སྒྲིག་བྱས་པ་ནི་བརྙས་བཅོས་ཆེ་ཐག་ཆོད་པ་རེད་ཟེར་ནས་རྟ་ལྕག་བརྒྱ་རེ་གཞུ་རྩིས་བྱས་པར་ སྐྱབས་རྟེན་དུ་ཇ་དང་དངུལ་སོགས་སྤྲད་པས་རྟ་ལྕག་མ་གཞུས་ཙམ་ཞིག་བྱུང་བར་གྲགས། ཡང་དེའི་གོང་ཙམ་ནས་དྲུང་འཁོར་སྟག་སྣ་སྤ་ཅོག་བཤིག་ནས་སྦྲ་ཆེན་དུ་འགྲོ་ཞོར་ག་རྒྱའི་ནང་དུ་ཕྱིན་ནས་ཁོ་རང་གོ་གནས་ཕབས་ལུགས་དང་ད་དུང་བྱང་སྤྱིའི་ཞིབ་འཇུག་བྱེད་རྒྱུར་བརྟེན་དེ་དུས་ག་རྒྱས་བྱང་སྤྱིར་ཞུ་ཕྱོགས་མཛད་རོགས་བཤད་ཡོད་པ་རེད། དེ་ནས་ཕ་ལྷ་གདོང་ལམ་ནས་་སྦྲ་ཆེན་དུ་བསྐྱོད་སྐབས་ག་རྒྱ་སྡོད་སའི་སྤྲ་བ་མདོར་དང་འཕྲད་སྐབས་ཐབས་བསུ་བྱེད་སྐབས། བྱང་སྤྱིས་སང་ཉིན་ག་རྒྱ་བུ་སྦྲ་ཆེན་དུ་ཕེབས་རོགས་ཞུས་པ་ལྟར་ཕྱིན་ཉིན་ག་རྒྱ་འགྲམ་ནག་སྦྲ་ཆེན་དུ་ཕྱིན་ནས་དགོང་མོ་ནང་ལ་ལོག་རན་སྐབས་བྱང་སྤྱིས་སང་ཉིན་ཡང་བསྐྱར་ཕེབས་རོགས་ང་ཚོ་ཤོ་བག་རྒྱག་ཞེས་བཤད་པ་བཞིན་ཕྱི་ཉིན་སླར་ཡང་འགྲོ་རྩིས་བྱེད་སྐབས་སུ་སྤུན་མཆེད་ག་རྒྱ་སྐར་མ་ཡིས་ཁྱེད་རང་མ་འགྲོ་ད་ཡིན་ན་ཡག་ཚོད་ཡིན་འགྲོ་མ་མང་བསྡད་ན་དགའ་བ་རེད། སྡེ་པ་གཞུང་གི་སྐུ་དྲག་གིས་ཅི་བྱེད་ངེས་པ་མེད་ཅེས་བཤད་པས་ག་རྒྱ་འགྲམ་ནག་མ་ཉེན་ནས་སྦྲ་ཆེན་དུ་ཕྱིན་ཉི་མ་དགོང་དྲོ་ཙམ་ལ་ཕ་ལྷ་དང་ལྷན་དུ་སྔར་སྤྱི་ཁྱབ་ཚང་གི་སྦྲ་ཕུབ་སའི་བརྒྱུད་དུ་འཆམ་འཆམ་ལ་འགྲོ་གི་ཡོད་པ་རེད། འདིའི་དུས་བྱང་སྤྱི་ཕ་ལྷས་ག་རྒྱ་གསོད་ཐུབ་པའི་ཉེ་བརྟག་ནས་ག་རྒྱའི་མགོ་ཐོག་ཏུ་ཀུ་རེའི་ཚུལ་གྱིས་ལག་པ་བཞག་པ་རེད། དེ་རྗེས་ག་རྒྱའི་ནང་གི་ཨ་ཕྲུག་བརྒྱད་དགུ་ཞིག་ག་རྒྱ་འགྲམ་ནག་བསུ་བར་སླེབས་པས་ག་རྒྱ་འགྲོ་རྩིས་བྱས་སྐབས་བློ་བུར་དུ་ཚྭ་ཤོ་དཔལ་གྲགས་སླེབས་ནས་དེས་སྐུ་ངོ་སང་ཉིན་ཕེབས་ཐོན་གནང་རྒྱུ་རེད། དོ་དགོང་བཞུགས་རོགས་ང་ཚོ་ སྤྲོ་སྤྲོ སྐྱིད་སྐྱིད་བྱེད་ནི་འདུག་ཞེས་བཤད་པས་ག་རྒྱ་སྡོད་རྒྱུ་བྱས། ཨ་ཕྲུག་རྣམས་རང་ལོག་དུ་སོང་གཡོག་པོ་སྐར་སྡུག་གཅིག་པོ་ཉར། ག་རྒྱ་སྐབས་དེ་དུས་ཆང་མང་པོ་བཏུང་ཡོད་པས་ར་བཟི་ཡོད་སྟབས་ཚྭ་ཤོ་དཔལ་གྲགས་ཀྱིས་ག་རྒྱའི་ཐུང་མདའི་ནང་གི་མདེའུ་དེ་མདའ་ལོག་བརྒྱབ་སྟེ་བཞག དེ་ནས་དགོང་མོ་སྦྲ་རྫོང་ཐོག་ཁང་དུ་བྱང་སྤྱི་ཕ་ལྷ་དང་ག་རྒྱ་བཅས་བག་རྒྱག་ཆང་འཐུང་ཅི་དགར་བྱེད་ཀྱིན་ཞབས་གྲས་མནའ་ཟས་དེ་ཚོས་ག་རྒྱ་ལ་རེས་མོས་ཀྱིས་ངོ་ཆང་དྲངས་ནས་ཡུན་རིང་མཐར་ག་རྒྱ་ར་ཤིན་ཏུ་བཟི་ཡོད་བཏབ། དེ་མཚམས་ཕ་ལྷས་དོ་དགོང་བག་མཚམས་དེ་ཚོད་ཡིན་ཞེས་བཤད་ནས་ག་རྒྱ་བུ་མར་སྐྱེལ་དགོས་ཟེར་ནས་འགྲོ་བ་དང་། ཁོ་རང་གིས་གློག་བཞུ་ཁྱེར་ནས་རྗེས་སུ་ཡོང་། སྔོན་ཚུད་ནས་གྲབས་པའི་དང་བརྒྱ་དཔོན་བློ་བཟང་དང་ཞལ་ངོ་བློ་བཟང་བཅས་ག་རྒྱའི་གཡས་གཡོན་དུ་བརྟེན་པའི་ཟོལ་གྱིས་སྐས་ནས་བབས་སྐབས་སུ་སྐས་ཐོག་ནས་རྡོ་བཞུས་པ་དང་ཆབས་ཅིག་གཡས་གཡོན་འཇུ་མཁན་ཚོས་གྲི་རྡོའི་ཆར་ཕབས་པའི་ནང་ཐེངས་གཅིག་ག་རྒྱའི་ལག་གཡོན་ཤོར་ཏེ་ཐུང་མདའ་བླངས་ནས་སྐས་ཐོག་ཕ་ལྷར་བལྟས་ཏེ་འཕང་རུང་མདའ་ལོག་བླུགས་ཡོད་སྟབས་མ་འབར་བ་རེད། མཚམས་དེར་ག་རྒྱས་ཁོ་རེ་མནའ་ཟན་ཨ་ག་མ་མནའ་ཟོས་པས་ད་མ་ཡེལ་ཟེར་ནས་བོས་ཏེ་མཆང་ཀྱང་རྡོ་རུབ་བརྒྱབས་ནས་ག་རྒྱ་ས་ལ་འགྱེལ་ཏེ་ཤི་མ་གསོན་བཟོས། སྐབས་དེར་གཡོག་པོ་སྐར་སྡུག་གིས་ག་རྒྱ་གསོད་ཀྱིན་ཡོད་པ་མཐོང་སྐབས་གསང་སྤྱོད་ཀྱི་སྤྱོད་མིག་ནང་ནས་མར་བབས་ཏེ་བྲོས་པས་སྦྲ་ཆེན་སྲུང་དམག་གི་བཟའ་ཟླ་ཕྲུག་གུ་སྐྱེས་མ་ཐག་པ་ཞིག་གི་རུམ་དུ་གབ་ནས་ཡུན་རིང་སྡད་རྗེས་དམག་མིས་རོགས་བྱས་ལྕགས་རིའི་གྱང་རྒྱབ་བརྒལ་དུ་བཅུག་ནས་བྲོས་ཐར་གཏོང་བ་རེད། དེ་མཚམས་བྱང་སྤྱི་ཕ་ལྷས་ག་རྒྱ་ཤི་མ་གསོན་དུ་བཀྱིག་ནས་ཀ་བ་ལ་བསྡམ་ནས་བཤད་བཤད་བཏང་སྟེ་སྐེ་བསྡམས་ནས་བསད་པ་མ་གཏོགས་ག་རྒྱར་མཚོན་མི་འགྲོ་བས་གཞན་པའི་ཐབས་ཤེས་བྲལ། དེ་ནས་འབྲོག་ཤོག་དཔོན་ཧོར་རྒྱལ་སྲས་དང་རྫོང་སྡོད་རྩེ་དྲུང་མགོ་དཀར་བོས་ཏེ་དེ་གཉིས་ལའང་བཀའ་སྒྱུར་བཏང་ཞིང་བྱང་སྤྱིས་ག་རྒྱའི་མགོ་ལག་བྲེགས་ནས་ཡར་འཁྱེར་རྩིས་བྱས་ཡོད་པ་རེད། ཕྱི་ཉིན་ནམ་གསལ་རྗེས་སྦྲ་རྫོང་ས་སྲུང་ཁག་དང་དམག་རུ་ཤོག་གཅིག་ཡོད་པ་དེ་ཚོས་ག་རྒྱ་བསད་པ་ཤེས་རྗེས་སེམས་སྡུག་ཤུགས་ཆེར་ཡོད་པ་མ་ཟད་བརྒྱ་དཔོན་སྐལ་རབ་དང་སྐལ་ལྡན་ཟེར་བ་གཉིས་ཀྱིས་ཕ་ལྷའི་ངོ་སྡང་ལ་མ་འདོད་པའི་རྣམ་འགྱུར་ཅི་རིགས་བསྟན། འབྲོག་ཤོག་སྡེ་བས་འབྲི་གཡག་ཉི་ཤུ་ལྷག་ཞིག་བྱང་སྤྱི་ལ་སྤྲད་དེ་ག་རྒྱའི་མགོ་ལག་ཚུལ་བླངས། ནམ་རྒྱུན་ག་རྒྱ་འགྲམ་ནག་དང་ས་སྲུང་གྲ་བཞི་དཔོན་དམག་བར་ཧ་ཅང་མཐུན་པོ་ཡོད་པས། དེ་དགོང་བྱང་སྤྱི་ཕ་ལྷས་ས་སྲུང་གྲ་བཞི་དམག་ལ་གསང་བ་དམ་པོ་བྱས་ཡོད་པ་མ་གཏོགས་ག་རྒྱ་གསོད་པ་ཚོར་ན་འགྲམ་ནག་ཕྱོགས་སུ་ལངས་རྒྱུ་ཡིན་པ་གདོན་མི་ཟ། གཡོག་པོ་སྐར་སྡུག་བྲོས་རྗེས་ནང་ལ་སླེབས་ནས་བྱང་སྤྱིས་ག་རྒྱ་བསད་པ་དང་དཔོན་རྒྱལ་སྲས་ཀྱིས་འཛིན་གྱི་ཡོད་ཚུལ་བཤད་པས་དེ་ཕྲལ་ག་རྒྱའི་ཨ་ཕྲུག་ནང་གི་ཚོ་འཛིན་ཇུས་འདོན་གྲགས་ཤོས་མདོ་བ་བསྟན་གྲགས་ཡིན་པས་མྱུར་དུ་སྦྲ་ཆེན་ལ་ཕྱིན་པས་ག་རྒྱ་བསད་པ་ལས་དཔོན་ལ་སྐྱོན་ཆག་མེད་པ་ཤེས། གྲ་བཞི་བརྒྱ་དཔོན་གཉིས་ཀྱིས་ག་རྒྱ་ཚང་་གི་སྐར་མ་དང་ཀུན་གྲགས་སྤུན་གཉིས་ལ་ག་རྒྱའི་བུ་མོ་ཞེས་བཤད་པར་གྲགས། ཕོ་བཤད་མེད་པས་ཟུར་ཟའི་ཚུལ་དུ་བཤད། ཨ་ཕྲུག་ཚོས་ལན་པོ་ཐེངས་གཅིག་ཨེ་ལོན་ལྟས་ཚེ་བརྒྱ་དཔོན་གཉིས་ཀྱིས་ལྐོག་ནས་མེ་མདའི་མདེའུ་གང་དགོས་རོགས་རམ་བྱ་རྒྱུའི་སྐད་ཆ་བྱས་པ་ཡིན། རྗེས་སུ་ཨ་ཕྲུག་ཁ་ཤས་ཀྱིས་བྱང་སྤྱི་ཡར་ལོག་དུས་གདོང་ལམ་ནས་ཐེངས་གཅིག་དགྲ་ཤ་ལེན་རྒྱུའི་སེམས་ཐག་གཅོད་ཀྱི་ཡོད་རུང་ག་རྒྱ་སྤུན་གཉིས་དང་མདོ་བ་བསྟན་གྲགས་སོགས་ཀྱི་འདོད་ཚུལ་ནི་སྤྱིར་ཁ་གཏད་ཀྱི་ཐལ་ཆ་སོང་ན། ག་རྒྱ་ཚང་གི་ནང་རྩ་མེད་བཟོ་རྒྱུ་མ་ཟད། ཧོར་འབྲོག་ཤོག་དཔོན་སྡེ་ཡོངས་ལ་སྡོད་བཟོད་མེད་པ་ཡོང་ངེས་ཡིན་པས་ད་བཞག་ན་ལེགས་ཞེས་བཤད་པས། ཨ་ཕྲུག་ཚོས་ཐེངས་གཅིག་འཐབ་རྒྱུའི་འདུན་པ་དེ་ཆུ་ཡི་ལྦུ་བ་བཞིན་དུ་གྱུར་པ་རེད། ག་རྒྱ་བསད་པའི་ཕྱི་ཉིན་ནས་དྲུང་འཁོར་སྟ་སྣ་སྤ་ཅོག་རྒྱབ་ཡོད་པ་རེད། བྱང་སྤྱི་ཕ་ལྷས་ག་རྒྱ་འགྲམ་ནག་བསད་རྗེས་ཕྱིར་ལོག་ནས་གདོང་ལམ་དུ་སླེབས་སྐབས་དཀྱུས་ཆས་སྤྲས་ཏེ་ནག་ཆུར་མྱུར་བསྐྱོད་བྱས། མི་ཚོས་བྱང་སྤྱི་ཆེད་མངགས་ག་རྒྱ་གསོད་པར་ཡོང་བ་ལས། བོད་དོན་སྐོར་འདམ་དཀྱིལ་ཤར་སྣར་འགྲོ་རྒྱུ་ཡིན་ཟེར་བ་ནི་རྫུན་གཏམ་ཁོ་ན་ཡིན་པ་གཞི་ནས་རྟོགས་པ་རེད།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག