ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> གཡུང་དྲུང་བོན། >> ཆོ་ག་ཕྱག་ལེན། >> སྒྲུབ་རྫས་བུམ་པ་དང་བུམ་རྫས་ཀྱི་གསལ་བཤད་ཉུང་བསྡུས།
སྒྲུབ་རྫས་བུམ་པ་དང་བུམ་རྫས་ཀྱི་གསལ་བཤད་ཉུང་བསྡུས།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། སྐྱང་སྤྲུལ་དྲི་མེད་འོད་ཟེར།] [ཟླ་ཚེས། 12-03-30] [ཀློག་གྲངས། ]

ན་མོ་གུ་རུ་དེ་བ་ཌཱཀྐི་ཡ།
མ་རིག་འགྲོ་རྣམས་སྡུག་བསྔལ་འཁོར་མཚོ་ལས། །རྣམ་བྱང་བདེ་ཆེན་གླིང་དུ་བཀྲིད་དྲང་ཕྱིར། །
ཐུགས་རྗེའི་རྒྱུན་བསྲིངས་གང་འདུལ་ཐབས་སྟོན་པའི། །བསླུ་མེད་སྐྱབས་མཆོག་རྣམས་ལ་གུས་ཕྱག་འཚལ། །

བསྟན་པའི་སྙིང་པོ་གསང་སྔགས་བོན། །དེ་ཡི་སྒྲུབ་རྫས་གཙོ་བོ་སྟེ། །
བུ༷མ་པ༷་དང་ནི་བུ༷མ་རྫ༷ས་ཀྱི། །རྣམ་གཞག་ལུང་ལས་གསུངས་ལྟར་བྲི། །

      ཞེས་པས་མདུན་བསུས་ནས་གླེང་བར་བྱ་བ་ལ་སྤྱི་དང་བྱེ་བྲག་གཉིས་ལས། དང་པོ་ནི། འོ་སྐོལ་གྱི་སྟོན་པ་རྣམ་པ་ཐམས་ཅད་མཁྱེན་པ་གཤེན་རབ་མཆོག་གིས་གདུལ་དཀའི་འགྲོ་བ་འདུལ་བའི་ཐབས་སུ་བོན་སྒོ་བརྒྱད་ཁྲི་བཞི་སྟོང་སོགས་ཟབ་ཅིང་རྒྱ་ཆེ་བར་གསུངས་པ་རྣམས་ཀྱང་མདོར་བསྡུ་ན། རྒྱུ་མཚན་ཉིད་ཀྱི་ཐེག་པ་དང་། འབྲས་བུ་གསང་སྔགས་ཀྱི་ཐེག་པ་གཉིས་སུ་འདུ་བར་གསུངས། གསང་སྔགས་ལའང་གསང་སྔགས་བཀའ་དྲུག་དང་རྒྱུད་སྡེ་བཞི་ནང་གསེས་བཅས་མང་དུ་བཞུགས་ནའང་བསྡུ་ན་སྔགས་ཕྱི་རྒྱུད་དང་ནང་རྒྱུད་གཉིས་སུ་འདུ་བར་གསུངས་ལ། དེ་དག་ཉམས་སུ་ལེན་ཚུལ་ནི། ཕྱི་རྒྱུད་སྤྱི་འགྲོས་ལྟ་བུ་ལ། སྔོན་འགྲོ་བཅའ་གཞིའི་རིམ་པ། དངོས་གཞི་ཕྲིན་ལས་ཀྱི་རིམ་པ། རྗེས་བྱ་སྡུད་པའི་རིམ་པ་དང་གསུམ་སྟེ། དེ་རེ་རེ་ལ། སྙིང་པོ་དང་ཕྱག་རྒྱ་དང་རྫས་དང་ཚིག་བཤད་དང་ཏིང་འཛིན་དང་ལྔ་རེ་ཚང་དགོས་ལ། རྫས་ལའང་སྒྲུབ་རྫས། རྟེན་རྫས། རྒྱན་རྫས། མཆོད་རྫས། སྦྱིན་རྫས་སོགས་བསག་དགོས། དེ་རྣམས་དག་པ་གསུམ་མམ་དྲུག་གི་སྒོ་ནས་ཉམས་སུ་ལེན་དགོས་པར་གསུངས། དེ་ལ་བུ༷མ་པ༷་ནི་སྒྲུབ་རྫས་ཡིན་ལ་རྟེན་རྫས་གྲས་ཀྱང་ཡིན་ཞིང་། སྔོན་འགྲོ་བཅའ་གཞིའི་སྐབས་སུ་ཕྱག་བསྟར་བྱ་བ་སྟེ། དཔེར་ན། གཡུང་དྲུང་ཀློང་རྒྱས་ཀྱི་ཕྲིན་ལས་བཅོ་བརྒྱད་ལས། དྲུག་པ་སྟ་གོན་དུས་སུ་བུ༷མ་པ༷་དང་བུ༷མ་བཅུ༷ད་ལ་བྱིན་རླབས་དང་དག་གཙང་བྱས་ཏེ། བདུན་པ་རྒྱན་བཀོད་དུས་སུ་དཀྱིལ་འཁོར་དུ་དགོད་དགོས་པ་ལྟ་བུའོ། །
       གསང་སྔགས་ནང་རྒྱུད་ཉམས་སུ་ལེན་ཚུལ་ཡང་། སྔོན་འགྲོ་བསྙེན་པ་དང་། དངོས་གཞི་སྒྲུབ་པ་དང་། རྗེས་སུ་ལས་མཐའ་སྒྱུར་བའི་བོན་དང་གསུམ་གྱི་སྒོ་ནས་ཉམས་སུ་བླང་དགོས་པར་གསུངས། དེ་ཡང་ཡོངས་སུ་གྲགས་ཆེ་བ་གསས་མཁར་རིན་པོ་ཆེ་སྤྱི་སྤུངས་ལྟ་བུ་ལ། བསྙེན་པའི་གཞི་མ་སྒོ་དགུ། སྒྲུབ་པའི་ཡན་ལག་བཅོ་བརྒྱད། ལས་ཀྱི་མཐའ་སྒྱུར་སྡེ་དགུ་རུ་ཡོད་པ་ལས། བསྙེན་པའི་གཞི་མ་དགུ་ཡི་ནང་གི་ཉེ་བ་ནང་གི་བསྙེན་པ་ལས། རྫས་ལ་བསྙེན་པའི་སྐབས་སུ་རྫས་དྲུག་ལས་སྒྲུབ་རྫས་བུམ་པ་དང་ནང་བཅུད་རྫས་རྣམས་བསགས་པ་དེ། བཅའ་གཞི་ལས་བསྙེན་གྱི་ཆོ་ག་ལྟར། སྔགས་དང་ཏིང་འཛིན་ཚིག་བཤད་སོགས་དང་བཅས་ཏེ་མཚམས་བཅད་དང་དག་གཙང་བྱིན་རླབས་བྱས་ནས་ཕོ་བྲང་དཀྱིལ་འཁོར་དུ་དགོད་དགོས་པར་བྱ་བ་སྟེ། གསང་སྔགས་སྤྱི་ཡི་ཕྱག་ལེན་ཡང་དེ་ལྟར་ཡིན་ནོ། །དེ་ལྟར་བུ༷མ་པ༷་ནི་སྔོན་འགྲོ་བསྙེན་པའི་སྐབས་སུ་སྒྲུབ་རྫས་ཀྱི་གཙོ་བོ་དང་། དངོས་གཞི་སྒྲུབ་པའི་དུས་སུ་མདུན་བསྐྱེད་ཀྱི་དམིགས་རྟེན་གཙོ་བོ་དང་། འབྲས་བུ་དབང་བསྐུར་གྱི་དུས་ན་བུམ་པ་ལྷ་དང་གཞལ་ཡས་ཀྱི་དབང་ནི་དབང་གི་གཙོ་བོ་ཡིན་ཏེ་གསང་སྔགས་ཀྱི་ཆོ་ག་ལ་ཤིན་ཏུ་མཁོ་བའི་རྫས་ཤིག་གོ །
      གཉིས་པ། བྱེ་བྲག་ཏུ་བཤད་པ་ལ་ལྔ་སྟེ། བུམ་པའི་རྣམ་གཞག བུམ་རྫས་ཀྱི་རྣམ་གྲངས། བུམ་པའི་དག་དྲན། བུམ་རྫས་ཀྱི་ཕན་ནུས། བུམ་པའི་སྨོན་ལམ་བསྟན་པའོ། །དང་པོ་ལ་བུམ་པའི་མཚན་ཉིད་དང་ངོ་བོ། ངེས་ཚིག དབྱེ་བ་བཤད་པ་དང་གསུམ་ལས། དང་པོ་མཚན་ཉིད་ནི། སྤྱིར་མཚན་ཉིད་ཐེག་པའི་གཞུང་སོགས་ན། ལྟོ་ལྡིར་ཞབས་ཞུམ་ཆུ་སྐྱོར་གྱི་དོན་བྱེད་ནུས་པ་དེ་ཡིན་པའི་ཕྱིར། ཞེས་གསུངས། ཁྱད་པར་དུ་སྐབས་འདིར་གསང་སྔགས་ཀྱི་ལུགས་ལ་དེ་ཙམ་ཁོ་ན་མ་ཡིན་ཏེ། གསང་བ་ངེས་པའི་རྒྱན་ལས། བུ༷མ་པ༷འི་ངོ་བོ་ནི། བྱིན་རླབས་ཁྱད་པར་ཅན་འཇུག་པའི་རྐྱེན་དུ་གྱུར་པའི་སྒྲུབ་རྫས་གང་ཞིག་བདེན་པ་གཉིས་ཀྱིས་བསྡུས་པའོ། །ཞེས་དང་། སྤྱི་སྤུངས་རྫུ་འཕྲུལ་དྲྭ་བའི་རྒྱུད་ལས། བུམ་པའི་རང་བཞིན་བདག་ཉིད་གཅིག རིག་པ་ཡེ་ཤེས་གསལ་དང་ལྡན། །བུམ་པ་རིག་པ་གཉིས་མེད་ཅིང་། །ཐིག་ལེ་དབྱིངས་སུ་ལྷུན་གྱིས་གྲུབ། །ཅེས་དང་། མཁའ་འགྲོ་རིན་ཆེན་ཕྲེང་བའི་རྒྱུད་ལས། བུ༷མ་པ༷འི་ངོ་བོ་འདུས་ཤིང་འདྲིལ། །ཞེས་སོ། །གཉིས་པ། ངེས་ཚིག་ནི། རྫུ་འཕྲུལ་དྲྭ་བ་ལས། བུ༷མ་ནི་ཐམས་ཅད་བདེ་བའི་སྣོད། །པ༷་ནི་འཁོར་བའི་མྱ་ངན་ཟློག །བུ༷མ་ནི་གཞལ་ཡས་གསས་ཁང་ལྡན། །པ༷་ནི་ལྷ་ཡི་དཀྱིལ་འཁོར་རྫོགས། །བུ༷མ་ནི་རིག་པ་ཁྱབ་བདལ་ཆེ། །པ༷་ནི་མ་གཡོས་ཐིག་ལེ་གཅིག། དེ་ཕྱིར་བུ༷མ་པ༷་ཞེས་སུ་གྲགས། །ཞེས་དང་རིན་ཆེན་ཕྲེང་རྒྱུད་ལས། བུམ་པའི་ངེས་ཚིག་མི་བསྐྱོད་རྣལ། །ཞེས་དང་། རིག་པ་རྩལ་དབང་ལས། བུམ་པ་མཁའ་ཀློང་སྟོང་ཉིད་ནས། །ཞེས་པ་ནས། དེ་ཕྱིར་བུ༷མ་པ༷་ཞེས་བྱ་སྟེ། །ཞེས་པའི་བར་གསུངས་སོ། །གསུམ་པ་དབྱེ་བ་ནི། ཁྲོ་རྒྱུད་ལས། བུམ་པའི་དོན་བསྡུས་རྣམ་པ་གསུམ། །རྒྱན་ལྡན་རྫས་ཀྱི་བུམ་པ་དང་། །རླབས་ཆེན་སྟོབས་འགྱུར་བུམ་པ་དང་། །དངོས་གྲུབ་བདེ་ཆེན་བུམ་པའོ། །ཞེས་དང་ཡང་། དག་པ་ཁྲུས་ཀྱི་བུམ་པ་དང་། །དངོས་གྲུབ་ཕྱྭ་ཚེའི་བུམ་པ་དང་། །ཆོ་འཕྲུལ་དབང་གི་བུམ་པའོ། །ཞེས་པའི་ཕྱི་མ་དེ་ལ་ཕྱི་ནང་གསང་བའི་བུམ་པ་གསུམ་དུ་ཕྱེས་ཡོད། མེ་རི་འབར་བའི་རྒྱུད་ལས། དག་པ་ཁྲུས་བུམ་སོགས་གསུམ་གྱི་སྟེང་དུ། སྤྱི་བླུག་རིག་པའི་བུམ་པ་དང་བཞིར་གསུངས་སོ། །རིན་ཆེན་ཕྲེང་རྒྱུད་ལས། བུམ་པའི་དབྱེ་བ་རྣམ་པ་གཉིས། །རྒྱུ་ཡི་ཐེག་པ་བསྒྲུབ་བྱའི་ཕྱིར། །འབྱུང་འདུས་གཟུགས་ཀྱི་བུམ་པ་དང་། །འབྲས་བུ་དབྱིངས་སུ་གྲོལ་བའི་ཕྱིར། །རང་ཆས་རྟགས་ཀྱི་བུམ་པའོ། །རྒྱུ་ཡི་བུམ་པ་རྣམ་པ་ལྔ། །ཞེས་དང་། བསྡུས་པར་སྒྲུབ་བུམ་ལས་བུམ་གཉིས། །ཞེས་དང་དབང་གི་སྐབས་ན། འདེགས་པ་སྟོབས་ཆེན་རླུང་གི་བུམ་པ་སོགས་འབྱུང་བ་ལྔའི་བུམ་པའང་གསུངས་སོ། །རྫོགས་ཆེན་རིག་པ་རྩལ་དབང་ལས། མཚོན་པའི་བུམ་པ་རིན་ཆེན་སྣ་སྔའི་རྫས། །དོན་གྱི་བུམ་པ་རིག་པ་སྤྲོས་བྲལ་ཡིན། །རྟགས་ཀྱི་བུམ་པ་བདེ་ཆེན་བོན་ཉིད་དབྱིངས། །ཞེས་མཚོན་པ་བརྡ་དང་། གནས་པ་དོན་དང་། ཤར་བ་རྟགས་ཀྱི་བུམ་པ་གསུམ་དང་། ཕྱི་ནང་གསང་བའི་བུམ་པ་གསུམ་དུའང་གསུངས་སོ། །གཞན་ཡང་བུ༷མ་པ༷འི་ད༷བྱེ་བ༷་གསུངས་པ་མང་ངོ་། །ཡང་བུམ་པ་རང་དངོས་ནས་དབྱེ་ན་བདུན་ཏེ། མཉྗི། བུམ་པ། བུམ་རྫས། འོ་ཆུ། ཁ་རྒྱན། མགུལ་ཆིངས། གཟུངས་ཐག་རྣམས་སོ། །སྤྱི་སྤུངས་ལས། བུམ་པ་ལ་ནང་རྟེན་བཅུད་དགུ་ཚང་ཞེས་བུམ་རྫས་སྡེ་ཚན་ལྔའི་སྟེང་དུ་བུམ་ཆུ་ཁ་རྒྱན་མགུལ་ཆིངས་གཟུངས་ཐག་དང་དགུར་བཞེད་དོ། ། 
      གཉིས་པ་བུ༷མ་རྫས༷་ཀྱི་རྣམ་གྲངས་ལ། ཕྱི་རྒྱུད་ལ། ཀུན་དབྱིངས་ཆོ་ག་ལས། སྨན་དང་ཆུ་བོ། བདུད་རྩི་འོ་དཀར། རིན་ཆེན་ལྔ། སྙིང་པོ་ལྔ། ཕྱག་རྒྱ་ལྔ། དཀར་དངར་འབྲུ་བཅུད། ཅེས་དང་། བྱམས་མ་རྩ་བའི་དཀྱིལ་འཁོར་ལས། སྨན་དང་འབྲུ་བཅུད་སྙིང་པོ་ཕྱག་རྒྱའི་སྐུ། ཞེས་དང་། དུས་འཁོར་ལས། སྨན་དང་འབྲུ་བཅུད། ཅེས་དང་། སྨོན་ལམ་མཐའ་ཡས་སོགས་ལས། སྨན་འབྲུ་མེ་ཏོག་ཅེས་གསུངས་འདུག རྣམ་དག་ཆོ་གའི་དཔེ་ཆ་འགའ་ཞིག་ན། ཆར་ཆུ་མཚོ་ཆུ་འོ་མ། དཀར་གསུམ་དངར་གསུམ། གསུང་གི་དོན་དང་ལྡན་ཕྱིར་རིན་ཆེན་ལྔ། ཐུགས་ལྔའི་དོན་ཕྱིར་སྙིང་པོ་ལྔ། ཡོན་ཏན་ཕྱིར་དུ་སྨན་ལྔ། ཕྲིན་ལས་ཕྱིར་དུ་འབྲུ་ལྔ། ཞེས་བྲིས་འདུག (སྐུ་ལྔའི་དོན་དུ་དང་། སྤོས་ལྔ། ཆད་སོང་བ་འདྲ། ཉེར་ལྔ་མི་ཚང་མཆན།) དེ་ཕྱིར་བསྐྱེད་རྫོགས་ལྷ་གཉན་ཤེལ་སྒོང་དུ་རྣམ་དག་གི་ལུང་དོན་བཀོད་པ་ལས། བུམ་རྫས་ཉེར་ལྔ་ནི། རྣམ་དག་ལྟར་ན། སྐུའི་རིན་ཆེན་ལྔ་ནི། གསེར་གཡུ་མུ་ཏིག་ཤེལ་དུང་དང་། གསུང་གི་སྨན་ལྔ་ནི། བྱ་སེང་ཧ་ས་དེ་ཝ་དྲི་ཀ་ལྔ། ཞེས་པ་རིམ་པ་ལྟར། ཀཎ་ཌ་ཀ་རི། སླེ་དྲེས། རྒྱ་མཚོའི་ལྦུ་བ། དབང་ལག ཤུ་དག་དཀར་པོ་དང་ལྔའོ། །ཐུགས་ཀྱི་སྙིང་པོ་ལྔ་ནི། འབྲུའི་སྙིང་པོ་ཏིལ་དཀར། དེ་བཞིན་དུ་མེ་ཏོག་གི་སྦྲང་རྩི། ཤིང་གི་བུ་རམ། ཆུའི་ལན་ཚྭ། རྩི་ཐོག་གི་མར་དང་ལྔའོ། །ཡོན་ཏན་སྤོས་ལྔ་ནི། ག་བུར། ཛཱ་ཏི། གུར་ཀུམ། ཙན་དན། གླ་རྩི་ལྔའོ། །ཕྲིན་ལས་འབྲུ་ལྔ་ནི། ནས་འབྲས་ཏིལ་དཀར་གྲོ་མོན་སྲན་དང་ལྔའོ། །མཁན་པོ་ཉི་མ་བསྟན་འཛིན་གྱིས། མུ་ཏིག་ཤེལ་གཉིས་ཚབ་ཏུ་ཟངས་ལྕགས་གཉིས། གླ་རྩིའི་ཚབ་ཏུ་ཨ་ག་རུ། ཏིལ་དཀར་སྙིང་པོར་སོང་ཕྱིར་ཚབ་ཏུ་སོ་བ་བྲན་ནས་གཞན་མཐུན་པར་ཕྱི་རྒྱུད་ནང་རྒྱད་སྤྱི་ལ་འགྲོ་བར་བཤད་པ་ནི་ལེགས་སོ། །ཞེས་གསུངས་སོ། །ཀུན་གསལ་བྱམས་མའི་སྒྲུབ་ཆོག་ནའང་། བུམ་བཅུད་ལ། ཆུ་གསུམ་དང་དཀར་དངར་དང་རིན་ཆེན་ལྔ་སོགས་ཉེར་ལྔ་རྣམ་དག་དང་མཚུངས་སོ། །ནང་རྒྱུད་ལ། སྤྱི་སྤུངས་ཁྲོ་བོའི་རྒྱན་བཀོད་ལས། རྒྱལ་བ་རིགས་ལྔ་དང་། ཁྲོ་བོ་ཡབ་ལྔ་ལ་རིན་ཆེན་ལྔ། ཡུམ་ལྔ་ལ་སྨན་ལྔ། ཡེ་གཤེན་བརྒྱད་དམ་རིག་པ་ཡབ་བརྒྱད་ལ་འབྲུ་ལྔ། ཡུམ་བརྒྱད་ལ་སྤོས་ལྔ། དུས་བཞིའི་རྒྱལ་མོ་དང་སྒོ་བ་ཡབ་ཡུམ་ལ་གཙང་ཚན་ལྔ། དབལ་གྱད་དམག་དཔོན་སོགས་ལ་ཉུངས་དཀར་དང་སྐེ་ཚེ་རྣམས་བུམ་པར་བརྩལ་ཞེས་གསུངས། དབལ་ཕུར་ལས། དབལ་ཕུར་སྐུ་ཡི་དབང་དང་ལྡན་ཕྱིར་རིན་ཆེན་ལྔ་དང་གསུང་གི་སྨན་ལྔ་སོགས་ཉེར་ལྔ་བོ་རྣམ་དག་ལྟར་ལ། དེའི་སྟེང་དུ། ཐིག་ལེ་དཀར་དམར། རྫས་ཀྱི་ཕུར་བ། ཉུངས་དཀར་ནག་སྐེ་ཚེ་སོགས་བརྩལ་བར་གསུངས། གསང་སྔགས་མ་རྒྱུད་ན་རྣམ་དག་ཇི་ལྟ་བ་བཞིན་ནོ། །ཡང་ནང་རྒྱུད་ཀུན་ལ་བུམ་རྫས་ཉེར་ལྔའི་སྟེང་དུ་དམ་རྫས་བདུད་རྩི་ལྔའམ་དེ་ལྔའི་ཚབ་ཏུ་ཅུ་གང་དང་སིན་དྷུ་ར་སོགས་ལྔ་བརྩལ་ཞེས་གསུངས་པའང་ཡོད། ཡང་གསང་སྔགས་ཡི་དམ་ཀུན་འདུས་ལག་ལེན་ལས། རིན་ཆེན་གསེར་དངུལ་བྱུ་རུ་ཟངས་ལྕགས་ལྔ། །ཙན་དན་སྤང་སྤོས་བྲག་སྤོས་རྒྱ་སྤོས་ཨ་ག་རུ། །ག་བུར་ཨ་རུ་སུག་སྨེལ་ལི་ཤི་ཛཱ་ཏི་ལྔ། །ནས་འབྲས་གྲོ་སོ་བ་མོན་ཀྲན་ལྔ། །མར་བུ་རམ་སྦྲང་རྩི་ཏིལ་ལན་ཚྭ་ལྔའོ། །ཞེས་གསུངས་ཡོད། བླ་མེད་ཐེག་པའི་ལུགས་ལ། རིན་ཆེན་ཕྲེང་རྒྱུད་ལས། དུག་གི་རིགས་མ་ཡིན་པའི་འབྲུ་སྣ་སྨན་སྣ་ཀུན་ཚོགས་ན་ཤིས་པ་ཡིན། ཞེས་གསུངས་ལ། རིག་པ་རྩལ་དབང་ལས། མཚོན་པའི་བུམ་རྫས་ཉི་ཤུ་རྩ་ལྔ་སྟེ། །དོན་གྱི་བུམ་རྫས་ཡེ་ཤེས་རྣམ་ལྔ་ལྔ། །རྟགས་ཀྱི་བུམ་རྫས་དོན་སྙིང་དྭངས་མ་ལྔ། །ཞེས་གསུངས་སོ། །
      གསུམ་པ། བུམ་པའི་རྣམ་བཤད་དམ་དག་པ་དྲན་པ་ནི། རྒྱལ་བ་རྒྱ་མཚོའི་ཆོ་ག་ལས། ན་མོ། བུམ་པ་ཟླུམ་པོ་རབ་འབྱམས་གཞལ་ཡས་བོན་གྱི་སྐུ། །སྨན་སྤོས་འབྲུ་བཅུད་རྒྱལ་བའི་དཀྱིལ་འཁོར་ལྷ། །ཁ་རྒྱན་མགུལ་རྒྱན་ཚད་མེད་ལོངས་སྤྱོད་རྫོགས། །གཟུངས་ཐག་ཐུགས་རྗེའི་ཉག་ཐག་འགྲོ་བ་འདྲེན། །ཞེས་གསུངས་ལ། རྣམ་དག་དང་བྱམས་མ་དང་མ་རྒྱུད་དབལ་ཕུར་སོགས་ན་བུམ་རྫས་ཉེར་ལྔ་ནི་བདེ་བར་གཤེགས་པའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་བོ་ལ་ལྔ་ལྔ་སྟེ་ཕྱག་རྒྱ་ཉེར་ལྔའི་དོན་དང་ཡོན་ཏན་དང་དབང་དང་ལྡན་པར་གསུངས་ཡོད་ཀྱང་། དེ་དག་གི་ལུང་དྲངས་ན་ཡིག་ཚོགས་མང་བས་མ་དྲངས་སོ། །ཀུན་དབྱིངས་ཆོ་ག་ལས་ཀྱང་དེ་དང་འདྲ་བར་གསུངས་སོ། །གཤེན་རབ་རྣམ་རྒྱལ་མཆོད་གཞུང་ལས། བུམ་པ་འདི་ནི་ལྟ་བ་བླ་ན་མེད། །ཁྱུང་གསས་སངས་རྒྱས་སྐུ་དང་གཉིས་སུ་མེད། །ཅེས་པ་ནས། དཔལ་མགོན་བརྒྱ་རྩའི་སྐུ་དང་གཉིས་སུ་མེད། །ཅེས་པའི་བར་དུ་གསུངས་སོ། །དེ་བཞིན་དུ་སྤྱི་སྤུངས་རྒྱན་བཀོད་ལས། ཨཱོྃ་བུམ་པ་ཟླུམ་པོ་གཞལ་ཡས་བོན་གྱི་སྐུ། །ཁ་རྒྱན་ཚད་མེད་ལོངས་སྤྱོད་རྫོགས་པའི་སྐུ། །མགུལ་ཆིངས་སོ་སོར་གསལ་བ་ཅིར་ཡང་སྤྲུལ་བའི་སྐུ། །གཟུངས་ཐག་ཐུགས་རྗེ་ཚད་མེད་བཞི་དང་ལྡན། །ཆུ་དང་འོ་མ་གཉིས་མེད་བདེ་བའི་དབྱིངས། །འདུ་འབྲལ་མེད་པ་གཡུང་དྲུང་དོན་ལ་ངེས། །རིན་ཆེན་སྣ་ལྔ་ཀུན་འབྱུང་རིགས་ལྔ་ཡེ་ཤེས་སྐུ། །རིགས་ཀྱི་ཡབ་ལྔའི་སྐུ་དང་གཉིས་སུ་མེད། །སྨན་ལྔ་དབྱིངས་ཀློང་ཤེབ་རབ་དུག་ལྔ་འདུལ། །འབྱུང་བ་ཡུམ་ལྔའི་སྐུ་དང་གཉིས་སུ་མེད། །འབྲུ་ནི་རིག་པའི་དབང་བོ་ཡུལ་ལ་སྤྱོད། །ཡེ་གཤེན་བརྒྱད་ཀྱི་སྐུ་དང་གཉིས་སུ་མེད། །སྤོས་ནི་མ་ནོར་ལམ་འདྲེན་ཐུགས་དམ་བསྐུལ། །མཆོད་པའི་ལྷ་མོ་བརྒྱད་དང་གཉིས་སུ་མེད། །གཙང་ཚན་རྩ་དང་ཡན་ལག་དྲི་མ་སེལ། །དུས་བཞི་རྒྱལ་མོའི་སྐུ་དང་གཉིས་སུ་མེད། །མཚེ་ཉུངས་ཐབས་མཁས་རྫུ་འཕྲུལ་དུ་མ་འགྱེད། །ཁྲོ་མཆོག་བྱེ་བའི་སྐུ་དང་གཉིས་སུ་མེད། །ཅེས་གསུངས་པ་དང་། གསང་སྔགས་ཡི་དམ་ཀུན་འདུས་ལས། དག་གཙང་མཚན་ལྡན་བུམ་པ་དབྱིབས་ཟླུམ་པོ། །ཕྱོགས་རིས་མེད་པ་བོན་ཉིད་དབྱིངས་དང་མཉམ། །ཆུ་དང་འོ་མ་མཁའ་ཀློང་ཐབས་ཤེས་རྒྱུན། །རིན་ཆེན་ཀུན་འབྱུང་དཔོན་གསས་བླ་མའི་ཐུགས། །དྲི་སྤོས་དྭངས་སྤྲོ་ཞི་ལྷ་རྣམས་ཀྱི་སྐུ། །སྨན་སྣ་ནད་སེལ་ཁྲོ་ཚོགས་ཡོན་ཏན་རྩལ། །འབྲུ་ལྔ་གསོ་བྱེད་མ་སྲིང་མཁའ་འགྲོའི་གསུང། །སྙིང་པོ་སྣ་ལྔ་བོན་སྐྱོང་ཕྲིན་ལས་སྒྲུབ། །དམ་རྫས་རྩ་བའི་ལྷ་ཚོགས་མི་གཡེལ་རྟེན། །མཚེ་ཉུངས་བར་ཆོད་བགེགས་འདུལ་ལས་མཁན་ཚོགས། །དེ་ལྟར་གཞལ་ཡས་ལྷ་དང་དབྱེར་མེད་པ། །ཞེས་གསུངས།
      རིན་ཆེན་ཕྲེང་རྒྱུད་ལས་ཀྱང་། ན་མོ། བུམ་པ་ལྷ་ཡི་གཞལ་ཡས་འདི། ཡུམ་ཆེན་ས་ཏྲིག་ཨེར་སངས་རང་བཞིན་ཏེ། ཞེས་པ་སོགས་ཡུམ་ཆེན་ཕར་ཕྱིན་བཅུ་ཡི་རང་བཞིན་དུ་གསུངས་སོ། །དེ་བཞིན་དུ་སྔགས་ཕྱི་ནང་གི་སྒྲུབ་གཞུང་དང་དབང་ཆོག་དག་ན་གསུངས་པ་མང་ཡང་མདོར་དྲིལ་ན། མུན་སེལ་སྒྲོན་མེ་ལས། རིན་ཆེན་བུམ་པ་ལྷ་ཡི་གཞལ་ཡས་ཁང་། །ནང་བཅུད་བདེ་གཤེགས་ལྷ་ཚོགས་དབྱེ་རུ་མེད། །གཞལ་ཡས་ལྷ་དང་དབྱེར་མེད་བུམ་པ་འདི། །ཞེས་པ་ལྟར། སྒྲུབ་ཆོག་སོ་སོའི་དབང་གི་ལྷ་ཞལ་བསྟན་པ་ལས་བུམ་པ་གཞལ་ཡས་ཁང་དང་ནང་བཅུད་ཡི་དམ་ལྷ་ཚོགས་ཀྱི་རང་བཞིན་ཡིན་ཚུལ་ཞིབ་གསལ་གསུངས་པ་ལས་ཤེས་པ་བྱའོ། །དེ་ཡང་འདི་ལྟར། ཐབས་ཆེ་ལ་ལམ་མྱུར་བ་བསྒྱུར་ལམ་གསང་སྔགས་ཟབ་མོའི་བོན་ནི་ཚུལ་བཞིན་བསྒྲུབས་པའི་གྲུབ་རྟགས་ཁྱད་པར་ཅན་མང་དུ་འབྱུང་བ་ལས། བུམ་ཆུ་འཁོལ་བ་དང་འཕྱུར་བ་གྲང་ངར་ཆེ་དུས་སུ་བུམ་ཆུ་མི་འཁྱགས་པ་དང་བུམ་ཆུ་བཏུང་ན་ནད་ཡམས་སེལ་བ་དང་སྡིག་སྒྲིབ་དག་པ་སོགས་ཀྱི་མངོན་ཚུལ་བྱུང་བ་ནི་ཀུན་གྱིས་ཤེས་གསལ་ཡིན་ལ། ཁྱད་དུ་འཕགས་པའི་གྲུབ་རྟགས་ལ། བུམ་པ་ལྷ་ཡི་གཞལ་ཡས་ཁང་དུ་ནང་བཅུད་ཡི་དམ་ལྷ་ཚོགས་དངོས་སུ་བཞུགས་པའི་ཞལ་མཇལ་ཞིང་དབང་དང་བྱིན་རླབས་ཞུས་པ་ནི། གྲུབ་ཆེན་གོང་མ་རྣམས་ཀྱི་རྣམ་ཐར་དག་ན་གསལ་བ་སྟེ། གྱེར་མི་སྐྱང་འཕགས་ཆེན་པོའི་རྣམ་ཐར་ཡོན་ཏན་ཐུགས་རྗེ་ཉི་མ་ལས། ཡང་ཉིན་གཅིག་དབང་བུམ་བཅས་པའི་ནང་དུ་ཡང་། །ཀུན་སྣང་ཁྱབ་པ་ལ་སོགས་རིགས་ལྔ་དང་། །བདེར་གཤེགས་ཞི་ལྷ་བཞི་བཅུའི་སྐུ་རྣམས་ནི། །མཁའ་ལ་ཉི་ཤར་ཇི་བཞིན་སལ་ལེར་གསལ། །བདག་ཀྱང་ལུས་བསྒྱུར་རི་རབ་ཙམ་དུ་སྤྲུལ། །བུམ་པའི་ནང་དུ་གཤེགས་ཏེ་དབང་ཡང་ཞུས། །ཞི་ལྷ་འོད་འཕྲོས་བདག་ཉིད་ལུས་ལ་ཐིམ། །ཕྱིར་གཤེགས་ལུས་ཀྱང་སྔོན་གྱི་གཟུགས་སུ་བསྒྱུར། །ཞེས་སོགས་གསུངས་པ་ལྟར་རོ། །
      བཞི་བ། བུམ་རྫས་རྣམས་ཀྱི་ཕན་ནུས་བཤད་པ་ལ། རིག་པའི་གནས་ཆེན་ལྔའི་ཡ་གྱལ་རྗེས་གཟུང་གསོ་བ་རིག་པའི་གཞུང་ལས་གསུངས་པ་ལྟར། བུམ་རྫས་རེ་རེའི་ཕན་ནུས་གང་ཡིན་བསྟན་པར་བྱ་བ་སྟེ། དེ་ཡང་སྨན་གྱི་ནུས་པ་ལ་འབྱུང་བའི་ནུས་པ་དང་། ངོ་བོའི་ནུས་པ་གཉིས། ངོ་བོའི་ནུས་པ་ལ་ཡང་ནང་གསེས་སུ་བརྒྱད་ཡོད་དེ། སྟོབས་ཀྱི་ནུས་པ་དང་། རོ་དང་ཕྱོགས་མཐུན་གྱི་ནུས་པ་དང་། དྲིའི་ནུས་པ་དང་། གཉེན་པོའི་ནུས་པ་དང་། རིགས་མཐུན་གྱི་ནུས་པ་དང་། དབྱིབས་མཐུན་གྱི་ནུས་པ་དང་། རྟེན་འབྲེལ་གྱི་ནུས་པ་དང་། སྨོན་ལམ་གྱི་ནུས་པ་སྟེ་བརྒྱད་དང་། གཞན་ཡང་སྨན་རྣམས་ཀྱི་རོ་ཡི་ནུས་པ། ཞུ་རྗེས་ཀྱི་ནུས་པ། རྫས་རྐྱང་བ་རེའི་ནུས་པ། སྡེབས་སྦྱོར་བྱས་པའི་ཕན་ནུས་བཅས་ཚེ་ཡི་རིག་གཞུང་དག་ན་སོ་སོར་རྒྱ་ཆེར་གསུངས་ཡོད་ལ། འདིར་བུམ་རྫས་རེ་རེའི་ངོ་བོའི་ནུས་པ་རྣམས། གསོ་རིག་གཞུང་ཆེན་འབུམ་བཞིའི་དཔྱད་འབུམ་ཁྲ་བོ་དང་། སྨན་རྫས་ཀྱི་རིག་གཞུང་དྲི་མེད་ཤེལ་ཕྲེང་ལས་གསུངས་པ་རྣམས་ཁྲིགས་ཆགས་སུ་འགོད་པ་ལ། ༡༽ རིན་ཆེན་ལྔའི་ནུས་པ། གསེར༷་གྱིས་ཚེ་བསྲིང་རྒས་སྲ་དབྱིག་དུག་སེལ། །གཡུ༷་ཡིས་དུག་དང་མཆིན་པའི་ཚ་བ་སེལ། །མུ༷་ཏིག༷་ཀླད་པ་འཛག་གཅོད་དུག་ནད་སེལ། །ཤེལ༷་གྱིས་སྙིང་བྱིངས་འཐིབས་རྨུགས་རྨོངས་པ་སེལ། །དུང༷་གིས་རྣག་སྐེམ་འགྱིངས་འབིགས་རུས་ཚད་སེལ། །ཡང་མུ་ཏིག་དང་ཤེལ་གྱི་ཚབ་ཏུ་ཟངས་དང་ལྕགས་བཏང་ན། ཟངས་ཀྱིས་རྣག་སྐེམ་གློ་མཆིན་ཚ་བ་སེལ། །ལྕགས་ཀྱིས་མཆིན་དུག་མིག་ནད་སྐྱ་རྦབ་སེལ། །(ཁོང་དུ་བཏང་བྱ་འདྲ་ཡིན་ན་རིན་པོ་ཆེ་བཞུ་བའི་ཁམས་དང་མི་བཞུ་བའི་ཁམས་གང་ཡིན་སོ་སོའི་འདུལ་སྦྱོང་གི་ལག་ལེན་ལྟར་བཏུལ་མ་དང་། དུང་ནི་ཧར་བསྲེགས་བྱས་པ་བསྟེན་དགོས་པ་ལས། མ་བཏུལ་བའི་རྫས་རྒོད་གཏོང་མི་རུང་བར་གསུངས་སོ། །མཆན།) ༢༽སྨན་ལྔ། སླེ༷་དྲེ༷ས་ཀཎ༷་ཌ༷་ཀ༷་རིས༷་རླུང་ཚད་སེལ། །རྒྱ༷་མཚོ༷འི་ལྦུ༷་བ༷ས་མཁལ་ཚད་སྨད་ནད་སེལ། །དབ༷ང་པོ༷་ལག༷་པ༷ས་ལུས་སྟོབས་ཁུ་བ་སྐྱེད། །ཤུ༷་དག༷་མ་ཞུ་དྲོད་སྐྱེད་གག་ལྷོག་སེལ། །(ཤུ་དག་དཀར་པོ་ཡིན་ན་ལེགས།) ༣༽སྙིང་པོ་ལྔ། ཏིལ༷་གྱིས་རླུང་འཇོམས་ལུས་སྟོབས་འཕེལ་ཁམས་སྐྱེད། །སྦྲང༷་རྩིས༷་ཆུ་སེར་བད་ཀན་སེལ་བར་བྱེད། །བུ༷་ར༷མ་ནུས་པས་གྲང་རླུང་སེལ་བར་བྱེད། །ལ༷ན་ཚྭ༷ས་ཟས་འཇུ་སྐྲན་བཤིག་འགགས་པ་འབྱིན། །མ༷ར་གས༷ར་ནུས་པ་བསིལ་ཞིང་རོ་ཙ་ལ། །མདོག་སྟོབས་བསྐྱེད་ཅིང་མཁྲིས་ཚད་སེལ་བར་བྱེད། །མ༷ར་རྙིང༷་སྨྱོ་དང་བརྗེད་བྱེད་བརྒྱལ་རྨ་འཚོ། །ཞུན་མ༷ར་བློ་རྣོ་དྲན་གསལ་མདོག་སྟོབས་སྐྱེད། །ཚེ་འཕེལ་སྣུམ་པའི་མཆོག་སྟེ་ལས་སྟོང་བྱེད། ། ༤༽ སྤོས་ལྔ། ག༷་པུ༷ར་ཚ་བ་རྒྱས་པ་ཐོག་བབས་གསོད། །རྙིངས་ཤིང་ཞེན་པའི་ཚ་བ་རྩད་ནས་འབྱིན། །ཛཱ༷་ཏིས༷་རླུང་འཇོམས་སྙིང་གི་ནད་རྣམས་སེལ། །གུ༷ར་གུ༷མ་མཆིན་ནད་ཀུན་སེལ་རྩ་ཁ་སྡོམ། །ཙ༷ན་ད༷ན་དཀ༷ར་པོ༷ས་གློ་སྙིང་འཁྲུགས་ཚད་སེལ། །ཙ༷ན་ད༷ན་དམ༷ར་པོ༷ས་ཁྲག་གི་ཚད་པ་སེལ། །གླ༷་རྩིས༷་དུག་སྲིན་མཁལ་མཆིན་གཉན་ནད་སེལ། །ཡང་ན། ཨ༷་ག༷་རུ༷་ཡིས་སྙིང་སྲོག་ཚ་བ་སེལ། །(ནད་པ་ལྟ་བུས་བསྟེན་བྱ་ཡིན་ན། སྨན་རྫས་རྣམས་དུག་འདོན་པ་འཇམ་བཙལ་བ་སོགས་འདུལ་སྦྱོང་གི་ལག་ལེན་བྱས་ཟིན་པ་ཡིན་དགོས། མཆན།) ༥༽ འབྲུ་ལྔ། ནས༷་དཀ༷ར་རྩུབ་བསིལ་ལྕི་མངར་ཁོང་ཅུང་འཁྲོག །བཤང་བའི་རླུང་འཕེལ་རོ་ཙ་བརྟས་པར་བྱེད། །གཅིན་ཚིལ་མཁྲིས་པ་བད་ཀན་ཆམ་པ་དང་། །ལུད་པ་དབུགས་མི་བདེ་བ་སེལ་བར་བྱེད། །ད་རྒན་ལྐོག་མའི་ནད་དང་ལྤགས་ནད་སེལ། །ནས༷་སྔོན༷་བྱིས་གློ་ཚ་སུབ་རྒྱུ་གཟེར་སེལ། །ནས༷་སྔོན༷་བསྲེགས་པས་གློ་བའི་ནད་ལ་ཕན། །ནས༷་ན༷ག་རྨ་དང་ཤུ་བ་གདོན་ལ་ཕན། །ནས༷་གཞན་ལྕི་བསིལ་སྣུམ་མངར་ཤ་སྟོབས་སྐྱེད། །འབྲས༷་ཀྱི་ནུས་པ་སྣུམ་འཇམ་བསིལ་ལ་ཡང་། །ཉེས་པ་གསུམ་སེལ་རོ་ཙ་མདངས་དཀར་གསལ། །ལུས་ཡང་ཡིད་གཞུངས་འཁྲུ་དང་སྐྱུག་པ་གཅོད། །གྲོ༷་ནི་རོ་མངར་སྣུམ་བསིལ་ལྕི་བ་སྟེ། །རོ་ཙ་འཚོ་བྱེད་རླུང་དང་མཁྲིས་པར་ཕན། །དུག་ནད་ཚིགས་ལ་བྱེར་བ་སྡུད་པར་བྱེད། །ཤ་མཁྲེགས་ཆག་གྲུམ་སྦྱོར་ལ་ཅུང་ཟད་འཁྲུ། །སྲིན་དང་བད་ཀན་གྲང་བ་དག་ལ་གནོད། །སོ༷་བ༷་སྲེ་ད་བསིལ་ཡང་བད་མཁྲིས་སེལ། །བུ་དང་ཟུག་རྔུ་འབྱིན་པར་བྱེད་པ་ཡིན། །མོ༷ན་སྲ༷ན་ལེབ་མོ་དཀར་པོས་རླུང་སྐྱེད་ལ། །རྩུབ་ཅིང་ལྕི་ལ་བཤང་བ་འཕེལ་བར་བྱེད། །འདི་དང་སྲན་རིལ་བསྐ་མངར་བསིལ་ཡང་སྐྱ། །རྩ་འགགས་བད་ཀན་ཚད་སེལ་འཁྲུ་བ་གཅོད། །སྣུམ་སེལ་ཁྲག་མཁྲིས་ཚི་ཆེར་བྱུགས་ན་ཕན། །འབྲུམ་ནག་མེ་དབལ་ལུད་པ་དག་ལ་ཕན། །མོ༷ན་སྲ༷ན་གྲེ༷འུ་ཞེས་བྱ་མ་ཤ་ནི། །སྣུམ་པས་རླུང་སེལ་ཁུ་སྟོབས་བད་མཁྲིས་སྐྱེད། །ཅེས་དང་། ཡི་དམ་ཀུན་འདུས་ལུགས་ཀྱི་བུམ་རྫས་ལྟར་ན། །བྱུ་རུས་མཆིན་ཚད་རྩ་ཚད་དུག་རྣམས་སེལ། །སྤང་སྤོས་ཚད་རྙིང་དུག་ཚད་སེལ་སྐྲངས་འདུལ། །རྒྱ་སྤོས་དེར་མཚུངས་ཡན་ལག་རྣག་རྣམས་སྐེམ། །བྲག་སྤོས་རྨ་འདྲུབ་རྣག་སྐེམ་ལྷ་བ་འཛིན། །ཨ་རུ་ལན་ཚྭ་མ་གཏོགས་རོ་ལྔ་ལྡན། །འཚོ་བྱེད་དྲོད་སྐྱེད་ཟས་འཇུ་འཕྲོད་པར་བྱེད། །རླུང་མཁྲིས་བད་ཀན་ལས་གྱུར་ནད་རྣམས་འཇོམས། །དེ་ལ་རིགས་ལྔ་རྣམ་རྒྱལ་འཇིགས་མེད་དང་། །བདུད་རྩི་འཕེལ་བྱེད་སྐེམ་པོ་རྣམ་པ་ལྔ། (དེ་དག་གི་ཕན་ནུས་སོ་སོར་གསུངས་ཡོད།) །སུག་སྨེལ་མཁལ་ནད་གྲང་བ་མ་ལུས་སེལ། །ལི་ཤིས་སྲོག་རྩའི་ནད་དང་གྲང་རླུང་སེལ། །ཞེས་གསུངས་སོ། །ཡང་སྤྱི་སྤུངས་སོགས་ལས་བུམ་རྫས་ལ་གཙང་ཚན་ལྔ་ཞེས་གསུངས་པ་ནི། ཀུན་རིག་ཟིན་བྲིས་ལས། གངས་ཚན། གཡའ་ཚན། སྤང་ཚན། ནགས་ཚན། བྲག་ཚན་དང་ལྔའོ། །ཞེས་དང་། མཚེ། སྲོ་ལོ། ཤུག་པ། བལ་བུ། འཁན་བུ་ལྔའོ། །ཞེས་པ་དེ་ལྔའི་ནུས་པ་ནི། མཚེ་ལྡུམ་རྩ་ཡི་ཁྲག་གཅོད་མཚེར་ཚད་སེལ། །སྲོ་ལོ་སུག་འདྲས་གློ་བའི་ཚད་པ་སེལ། །ཤུག་འབྲུ་བདུད་རྩི་གྲིབ་དང་སྨད་ཚད་སེལ། །ད་ལིས་བད་ཀན་གྲང་སེལ་ཚེ་བཅུད་ལེན། །བ་ལུས་བད་ཀན་ཚ་གྲང་ཐམས་ཅད་སེལ། །འཁན་ཆུང་གསེར་མགོ་སྐྲངས་འདུལ་རྨ་འབྲས་དང་། །མཁལ་མར་ཕན་ཞིང་གློ་ནད་འདྲེན་པར་བྱེད། །ཅེས་གསུངས་ལ། ཡང་། མཚེ་ལྡུམ་དང་ཤུག་པ་བ་ལུ་འཁན་དཀར་རྣམས་དགུན་དུས་སུ་མི་སྐམ་ཞིང་སྔོ་ལྗང་དུ་གནས་པས་ཚེ་ཡི་གསོས་སུ་འགྱུར་བར་གསུངས་པའང་ཡོད། ཀློང་རྒྱས་ལས། ཆབ་གཙང་ལྔ་ཞེས་ལྷ་ཡི་བདུད་རྩིའི་ཆུ། ཆར་བའི་ཆུ། འོ་མའི་ཆུ། རྒྱ་མཚོའི་ཆུ། ཆུ་བོ་དང་ཆུ་བྲན་གྱི་ཆུ་དང་ལྔར་གསུངས་ལ། དེ་དག་གི་ཕན་ནུས་ཀྱང་། དེ་ལས། ལྷའི་བདུད་རྩིའི་ཆུ་ཡིས་སེམས་ཅན་རྣམས་ལ་འོད་དུ་འཕྲོ་བ་དང་། ཆར་ཆུས་སེམས་ཅན་ལ་ཟེར་དུ་འཕྲོ་བ་དང་། འོ་མའི་ཆུ་ཡིས་སྡུག་བསྔལ་ནད་རྣམས་བྱང་བ་དང་། མཚོ་ཆུ་ཡིས་སེམས་ཅན་ལ་མེ་ཏོག་པད་ལོ་སྐྱེ་བ་དང་། ཆུ་བོ་དང་ཆུ་བྲན་གྱི་ཆུ་ཡིས་སྐོམ་པས་གདུངས་བ་སེལ་ཞེས་ཐུན་མོང་དང་ཐུན་མིན་གྱི་ཕན་ནུས་གསུངས་འདུག གོང་གི་ལྷའི་བདུད་རྩིའི་ཆུ་ཞེས་པ་དངོས་སུ་རྙེད་དཀའ་བས་གནས་ཆུ་ཁྱད་པར་ཅན་དང་གཏེར་ཆུ་ཁྱད་པར་ཅན་གྱིས་ཚབ་རུང་བ་སྟེ། ཡན་ལག་བརྒྱད་ལྡན་གྱི་ཆུ་དང་འདྲ་བའི་ཕན་ཡོན་མང་དུ་གསུངས་པས་སོ། །ཡང་ཐུན་མོང་གསོ་རིག་སོགས་ལས་གསུངས་པའི་ཆུ་རྣམས་ཀྱི་ཕན་ནུས་ནི། དཔྱད་འབུམ་ཁྲ་བོ་ལས། ཆུ་ནི་ཆར་ཆུ་གངས་ཆུ་ཆུ་ཀླུང་ཆུ། །ཆུ་མིག་ཁྲོན་པ་བ་ཚྭ་ཤིང་གི་ཆུ། །རིམ་པས་དང་པོ་མཆོག་ཡིན་ཕྱི་མ་དམན། །མཁའ་ལས་འབབ་པ་རོ་མི་གསལ་ལ་ཞིམ། །འཚོ་ངོམས་བསིལ་ལ་ཡང་བ་བདུད་རྩིར་མཚུངས། །གངས་ཅན་ལས་བྱུང་ཤུགས་དྲག་བརྡབས་པའི་ཆུ། །ཤིན་ཏུ་བཟང་བསིལ་མེ་ཡིས་ཐུབ་པར་དཀའ། །ཆུ་བསིལ་བརྒྱལ་ངལ་ཆང་ནད་མགོ་འཁོར་སྐྱུག །སྐོམ་དད་ལུས་ཚ་ཁྲག་མཁྲིས་སེལ་བར་བྱེད། །འོ་མ་ཕལ་ཆེར་རོ་དང་ཞུ་རྗེས་མངར། །སྣུམ་ལྕི་ཟུངས་འཕེལ་མདངས་བསྐྱེད་རླུང་མཁྲིས་སེལ། །རོ་ཙ་བད་ཀན་བསྐྱེད་བསིལ་ལྕི་བ་ཡིན། །ཞེས་གསུངས་སོ། །མཚོ་ཆུ་ལ་ཕན་ནུས་དངོས་གསལ་མ་དམིགས་ཀྱང་དེ་ནི་ཆུ་ཀླུང་བགྲང་ཡས་པ་འདུས་པ་དང་ཟད་པ་མེད་པ་སོགས་ཀྱི་ཁྱད་བོན་ལྡན་པ་ལྟར་གྱི་ཕན་ནུས་ཡོད་དམ་སྙམ། དེ་ལྟར་སྨན་རྫས་རེ་རེ་ལ་ཕན་ནུས་མང་ཙམ་རེ་ཡོད་ན་སྨན་རྫས་ཉེར་ལྔ་ལྷན་དུ་ཚོགས་ན་ཕན་ནུས་ཕུན་སུམ་ཚོགས་པར་འགྱུར་བ་ནི། དཔེར་ན། གསོ་དཔྱད་ལུགས་ལ་གཙོ་བོ་ཉེར་ལྔ་སོགས་ཉེར་ལྔའི་སྦྱོར་བ་བརྒྱ་ཕྲག་ལྷག་ཡོད་པ་རྣམས་སྦྱོར་ཚད་དབང་གིས་ཕན་ནུས་སོ་སོར་ཡོད་ཅིང་ནུས་ཤུགས་ཆེ་བས་ནད་ཡུན་རིང་བ་དང་ནད་གཞི་ཚབས་ཆེན་ལ་ཕན་ཤས་ཆེ་བ་ལྟར་རོ། །ཁྱད་པར་དུ་བུམ་རྫས་རྣམས་བདེ་བར་གཤེགས་པའི་ཕྱག་རྒྱ་ཉེར་ལྔ་འགྲུབ་པའི་རྫས་ཏེ། བསྒྱུར་ལམ་གསང་སྔགས་ཀྱི་ཐབས་ཟབ་མོས་ཚུལ་བཞིན་བསྒྲུབས་པས་ཐུན་མོང་དུ་མཐུ་བྱིན་ངར་ལྡན་དུ་འགྱུར་བ་ནི་དཔེར་ན་མཚོན་ཆ་ལ་ངར་བླུད་པའམ་ལྕགས་ལ་གསེར་དུ་བསྒྱུར་བ་ལྟ་བུར་གསུངས་ལ། ཐུན་མོང་མ་ཡིན་པ་ནི། གོང་དུ་བཤད་པ་ལྟར་བུམ་པ་ལྷ་ཡི་གཞལ་ཡས་ཁང་དང་བུམ་རྫས་རྣམས་ཡི་དམ་ལྷ་དང་དབྱེར་མེད་དུ་འགྲུབ་སྟེ་མཆོག་གི་དངོས་གྲུབ་འཐོབ་པར་གསུངས་སོ། །
      ལྔ་བ་བུམ་པའི་སྨོན་ལམ་ནི། གཡུང་དྲུང་ཀློང་རྒྱས་ཀྱི་དབང་དང་ཆོ་ག་གཞན་གྱི་དབང་གི་སྐབས་ན་དབང་དོན་དང་འབྲེལ་བར་བུམ་པའི་སྨོན་ཚིག་བཞུགས་ལ། རྣམ་རྒྱལ་གཏེར་བུམ་ཆོ་ག་ན་ཡང་བུམ་རྫས་ཉེར་ལྔ་སོགས་ཀྱི་སྨོན་ལམ་ཡོད་ཀྱང་། ལུང་ཚིག་མང་བས་འདིར་མ་དྲངས་སོ། །ཡང་རྣམ་དག་པད་མ་ཀློང་ཡངས་ལས། ན་མོ་བུམ་པ་ལྷ་ཡི་གཞལ་ཡས་ཁང་འདི་ནི། ཡུམ་ཆེན་མོ་སྦྱིན་པ་བྱམས་མ་དང་དབྱེར་མེད་པ་ལགས་ཏེ། ཞེས་པ་ནས། ན་མོ་བུམ་པ་ལྷ་ཡི་གཞལ་ཡས་ཁང་འདི་ནི། ཡུམ་ཆེན་མོ་ས་ཏྲིག་ཨེར་སངས་དང་དབྱེར་མེད་པ་ལགས་ཏེ། མི་སྐྱེ་མི་འགག་ནམ་མཁའི་རང་བཞིན་ཅན་ཞེས་བྱ་སྟེ། ཤེས་རབ་གསལ་བའི་ཐུགས་རྗེ་བྱིན་རླབས་ཀྱིས་བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད། བོན་གཡུང་དྲུང་གི་དོན་དང་ལྡན་ཏེ། སྐྱེ་བ་མེད་པ་གཡུང་དྲུང་གི་དབྱིངས་སུ་མངོན་པར་སངས་རྒྱས་པར་གྱུར་ཅིག་ཅེས་པའི་བར་དུ་གསུངས་ཡོད་ལ། ཞི་བ་གཡུང་དྲུང་ཡོངས་རྫོགས་ཀྱི་སྨོན་ལམ་ལས། ཨཱོྃ་བུམ་པ་ཟླུམ་པོ་གཞལ་ཡས་བོན་གྱི་སྐུ་ཞེས་བྱ་བ། བོན་གྱི་དབྱིངས་དང་དབྱེར་མེད་པ་ལགས་ཏེ། དེ་ལྟར་དབྱེར་མེད་པའི་བྱིན་རླབས་ཀྱིས་བདག་དང་མཆོད་ཡོན་ལྕམ་དྲལ་རྣམས། བོན་གྱི་སྐུ་བདེ་བ་ཆེན་པོ་ཐོབ་པར་གྱུར་ཅིག ཅེས་པ་ནས་རིམ་བཞིན། ཁ་རྒྱན་མགུལ་ཆིངས་གཟུངས་ཐག་དང་། ནང་བཅུད་ཆུ་དང་འོ་མ་དང་རིན་པོ་ཆེ་རྣམས་དང་། སྨན་རྣམས་དང་། འབྲུ་རྣམས་དང་། སྤོས་རྣམས་དང་། ཚན་རྣམས་དང་། མཚེ་ཉུངས་བཅུད་དུ་བསྩལ་བའི་བར་གྱི་སྨོན་ལམ་རྣམས་གསུངས་ཡོད་ཀྱང་འདིར་མང་དོགས་ཀྱིས་མ་དྲངས་སོ། །དེ་བཞིན་དུ། རྫོགས་ཆེན་ཡེ་ཁྲིའི་མཁའ་འགྲོ་རིན་ཆེན་ཕྲེང་བའི་གསང་སྔགས་ཕྱི་ནང་འབྱེད་པའི་བམ་པོ་ལས། རྗེས་འཇུག་ཐབས་ཆེན་བགྲོད་པ་དང་། །མ་འོངས་ཐུགས་རྗེས་བཟུང་བའི་ཕྱིར། །བུམ་པའི་སྨོན་ལམ་བརྗོད་པར་བྱ། །ན་མོ་བུམ་པ་ལྷ་ཡི་གཞལ་ཡས་ཁང་འདི། །ཡུམ་ཆེན་སྦྱིན་པ་བྱམས་མའི་རང་བཞིན་ཏེ། །སྦྱིན་པ་ཆེན་པོ་ནམ་མཁའི་ཆར་བབས་ནས། །མ་འོངས་སེམས་ཅན་མངོན་པར་སངས་རྒྱས་ནས། །མི་གཡོ་ཟག་མེད་དོན་དང་ལྡན་གྱུར་ཅིག །ཅེས་པ་ནས། (ཚུལ་ཁྲིམས་བྱམས་མ་སོགས་བླ་མེད་ཕར་ཕྱིན་བྱམས་མ་དགུ་རིམ་པར་ཡོད། མཆན།) ན་མོ་བུམ་པ་ལྷ་ཡི་གཞལ་ཡས་ཁང་འདི། །ཡུམ་ཆེན་ཤེས་རབ་བྱམས་མའི་རང་བཞིན་ཏེ། །མ་འཁྲུལ་སྒྲིབ་མེད་བསམ་འདས་ཐུགས་མངའ་ཞིང་། །མ་འོངས་སེམས་ཅན་མངོན་པར་སངས་རྒྱས་ནས། མི་གཡོ་ཟག་མེད་དོན་དང་ལྡན་གྱུར་ཅིག། ན་མོ་བུམ་པའི་ཁ་རྒྱན་ལྗོན་ཤིང་རྒྱས་པ་འདི། །ཡེ་ཤེས་དབང་རྒྱུད་ཤིང་ལྟར་རྒྱས་པ་བཞིན། །ཤེས་རབ་ལྗོན་ཤིང་ལྟར་རྒྱས་དབང་ཐོབ་ཅིང་། །མ་འོངས་སེམས་ཅན་མངོན་པར་སངས་རྒྱས་ནས། །མི་གཡོ་ཟག་མེད་དོན་དང་ལྡན་གྱུར་ཅིག །ན་མོ་བུམ་པའི་མགུལ་ཆིངས་སྣ་ཚོགས་འདིས། །བཞི་བརྒྱ་རྩ་བཞིའི་ཡེ་འདྲོགས་ཞི་ནས་ཀྱང་། །ཡེ་ཤེས་ལྔ་ཡི་རྩལ་དང་ལྡན་གྱུར་ཅིག །མ་འོངས་སེམས་ཅན་མངོན་པར་སངས་རྒྱས་ནས། །མི་གཡོ་ཟག་མེད་དོན་དང་ལྡན་གྱུར་ཅིག །ན་མོ་བུམ་པའི་གཟུངས་ཐག་ཡེ་ཤེས་ལྔ་བསྒྲིལ་འདིས། །ཁམས་གསུམ་ཐུགས་རྗེའི་ཐག་པས་ཡོངས་བཏགས་ཏེ། །མི་བརྗེད་ཀུན་ཏུ་སྙོམས་པའི་གཟུངས་ལྡན་ཞིང་། །མ་འོངས་སེམས་ཅན་མངོན་པར་སངས་རྒྱས་ནས། །མི་གཡོ་ཟག་མེད་དོན་དང་ལྡན་གྱུར་ཅིག །ན་མོ་རིན་ཆེན་ལྔ་ཡིས་རེ་འདོད་ཀུན་སྐོང་ཞིང་། །མ་འོངས་སེམས་ཅན་མངོན་པར་སངས་རྒྱས་ནས། །མི་གཡོ་ཟག་མེད་དོན་དང་ལྡན་གྱུར་ཅིག །ན་མོ་འབྲུ་ལྔས་ལོངས་སྤྱོད་གཏེར་དང་ལྡན་གྱུར་ཅིང་། །མ་འོངས་སེམས་ཅན་མངོན་པར་སངས་རྒྱས་ནས། །མི་གཡོ་ཟག་མེད་དོན་དང་ལྡན་གྱུར་ཅིག །ཚན་ལྔས་དམ་ཚིག་ཉམས་པ་སྐོང་གྱུར་ཅིང་། །མ་འོངས་སེམས་ཅན་མངོན་པར་སངས་རྒྱས་ནས། །མི་གཡོ་ཟག་མེད་དོན་དང་ལྡན་གྱུར་ཅིག །སྨན་ལྔ་བདུད་རྩི་རྒྱ་མཚོས་ནད་སེལ་ཞིང་། །མ་འོངས་སེམས་ཅན་མངོན་པར་སངས་རྒྱས་ནས། །མི་གཡོ་ཟག་མེད་དོན་དང་ལྡན་གྱུར་ཅིག །ཅེས་གསུངས་སོ། །གཞན་ཡང་འདི་དང་འདྲ་བར་གསུངས་པ་མང་དུ་བཞུགས་འདུག་གོ །
      སླར་སྨྲས་པ། བསྒྱུར་བ་ལམ་བྱེད་ཟབ་རྒྱས་གཞུང་ཆེན་གྱི། །སྒྲུབ་རྫས་དམ་པ་བུ༷མ་པ༷འི་གས༷ལ་བ༷ཤད་འདི། །ལུང་ལས་གསུངས་བཞིན་རགས་རིམ་བྲིས་པ་ལ། །འགལ་མཆིས་མཁྱེན་ལྡན་རྣམ་པས་ལེགས་བཅོས་ཞུ། །འདི་བྲིས་རྣམ་དཀར་ལེགས་ཚོགས་ཀྱི། །ཉིན་བྱེད་གསར་བའི་འོད་སྣང་གིས། །མ་རིག་འཁྲུལ་མུན་རབ་སེལ་ནས། །ལྷ་སྔགས་ཡེ་ཤེས་རྒྱས་གྱུར་ཅིག །
      ཅེས་པ་འདི་ནི་«དཔྱོད་ལྡན་མཆོད་པའི་མེ་ཏོག»རྩོམ་སྒྲིག་པས་བསྐུལ་བར་བརྟེན་ནས། ཨ་སྐྱིད་སྐྱང་ཚང་དྲི་མེད་འོད་ཟེར་གྱིས་འབྱུང་ལྡན་ཟླ་ཐིག་མེ་ཡི་ནང་ཚན་གཏེར་འཛིན་ཞེས་པ་རབ་གནས་ལྕགས་ཡོས་ལོའི་བོད་ཟླ་དགུ་བའི་ཡར་ཚེས་ལ་བྲིས་པའོ། །དགེའོ། །

«དཔྱོད་ལྡན་མཆོད་པའི་མེ་ཏོག»2011ལོའི་སྤྱིའི་དེབ་གྲངས་བརྒྱད་པ་ལས་བཤུས།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག