«བགྲེས་པོའི་འབེལ་གཏམ»འདོན་ཐེངས་17པ་གསར་ཐོན།

[ཟླ་ཚེས། 2017-03-02 13:37:23][རྩོམ་པ་པོ། ལོ་དེབ་རྩོམ་སྒྲིག་པ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

11.png

བགྲེས་པོའི་སྔོན་གླེང་གཤེན་ངག་ཚིག་གསུམ།

    འཛམ་བུ་གླིང་པ་རྣམས་ཕན་ཚུན་ཁ་ཐག་ཇེ་ཉེ་ནས་ཇེ་ཉེར་ཕྱིན་ཏེ་ཤར་གྱི་ཆོས་རིག་གི་འོད་སྣང་ནུབ་ཀྱི་ཕྱོགས་སུ་འཚེར་ཞིང་། ནུབ་ཀྱི་ཚན་རིག་གི་དཔལ་ཡོན་ཤར་གྱི་ཕྱོགས་སུ་ཁྱབ་ནས་ཕན་ཚུན་འདྲེས་རྙོག་ཏུ་འགྲོ་བཞིན་པར་ལྷགས་གཤིས། འགྱུར་ལྡོག་འདྲེས་མའི་སྨུག་རླངས་དེ་དག་གི་ཁྲོད་དུ་ལོ་རྒྱུས་ཀྱི་ཕུགས་ཐག་རིང་བའི་སྐད་ཡིག་གིས་མཚོན་པའི་ཤེས་རིག་མང་པོ་ཞིག་ལ་གནོད་འཚེ་ཤིན་ཏུ་རྒོད་བཞིན་པའི་སྒང་ཡིན་པར་མ་ཟད། ཐ་ན་སྲོག་དབུགས་ཀྱང་ཆད་པའི་ཉེན་ཁ་སླེབས་ཏེ་འཇིག་རྟེན་འདི་ནས་ཞལ་མི་གྱེས་པའི་ངེས་བརྟན་ཡང་མེད་སྟབས། དེ་དག་གཅེས་སྲུང་གི་ལས་ལ་འབུང་རྒྱུ་ནི་དེ་བས་ཀྱང་གལ་འགངས་ཆེ།

    ལྷག་དོན་དུ་གངས་རིའི་རང་སྐད་དངོས་ཀྱང་ཕུགས་ཀྱི་གྲོལ་ཁུངས་ཐོག་མར་སྲིད་པ་ཞང་ཞུང་སྨར་གྱི་སྐད་ལས་བཙས་ཤིང་། བར་དུ་མཐོ་སྒང་བསིལ་མོའི་ལྗོངས་སུ་ཚེ་སྲོག་གི་རྟེན་བཅས།མཐའ་མར་ཚེ་སྨད་ད་ལྟ་ཧི་མ་ལ་ཡའི་རི་བོ་ནས་བརྒལ་ཏེ་འཛམ་གླིང་གང་སར་འགྲིམ་བཞིན་པ་ལགས་ན། ཞང་བོད་ཀྱི་སྐད་ཡིག་དེ་དག་ནི་དྲག་རླུང་འཚུབ་མའི་ཁྲོད་ཀྱི་སྟོན་ཐོག་ཅིག་དང་འདྲ་བར་དབྱིན་རྒྱ་ཧིན་བལ་གྱི་སྐད་ཡིག་གིས་མཚོན་པའི་འཛམ་གླིང་སྐད་ཡིག་གི་ཁྲོམ་རའི་ནང་རང་ཚུགས་མེད་པའི་འཁྱམས་ཉུལ་པ་ཞིག་དང་ཅིས་མི་མཚུངས།

22.jpg33.jpg

    གང་ལྟར་ཡང་ང་ཚོ་ནི་སྲོག་ལྡན་མི་རུ་སྐྱེས་ཤིང་ཁྱད་དུ་འཕགས་པའི་རྣམ་དཔྱོད་ཀྱང་མངའ་བས། དུས་རབས་ཀྱི་འགྱུར་བ་ཤིན་ཏུ་མྱུར་བའི་གནམ་འོག་འདིར་ང་ཚོས་རང་གི་ནུས་རྩལ་འབུར་དུ་བཏོན་ནས་སོ་སོའི་ལས་སྐལ་དང་འབྲེལ་བའི་ཡབ་མེས་བཟང་པོས་རྔུལ་ཁྲག་གིས་བསྲུངས་པའི་སྐད་ཡིག་སོགས་ཆོས་དང་རིག་གཞུང་བཟང་པོ་གང་དག་གཅེས་གཉེར་སྐྱོང་གསུམ་ཉམས་མེད་དུ་བྱ་རྒྱུ་ནི་སྤྱི་མཚུངས་སུ་འགན་ཁུར་ཡང་བབས་ཡོད། དེ་བས་ཞང་བོད་མཐོ་སྒང་ནས་མཆེད་ཅིང་མི་ལོ་སྟོང་ཕྲག་མང་པོའི་བྱུང་བ་རིང་བའི་ཤེས་རིག་གི་བང་མཛོད་དེ་དག་གཅེས་སྲུང་གནང་རྒྱུ་ནི་གདོང་དམར་པའི་མི་རིགས་ཏེ་ཡུལ་ཁམས་དང་རིགས་རུས། སྡེ་དགོན་དང་ཆོས་ལུགས། བླ་དཔོན་དང་དམངས་དཀྱུས་སོགས་གང་གིས་ཀྱང་ཟླས་མ་ཕྱེས་པར་མགོ་ནག་བོད་རིགས་སྤྱི་ཡོངས་ཏེ་ལག་ཏུ་འཕྲེང་བ་ཐོགས་ཤིང་ཁ་ནས་བསྙེན་འཛབ་ཟློ་བ། ཁྱིམ་ཕུགས་སྤོས་བསང་གཏུལ་ཞིང་ཐོག་ཁར་རླུང་དར་སྒྲོན་པའི་མི་རིགས་སྤྱི་སྟེ་གངས་ཅན་ཧི་མ་ལ་ཡའི་མདུན་རྒྱབ་གཉིས་ཀར་རྟེན་བཅས་སོ་ཅོག་ལ་མ་བསྐོས་པའི་འགན་ཞིག་ཡོད།

    ཕྱོགས་གཞན་ཞིག་ནས་གླེང་ན། དུས་རབས་འདི་ནི་འཛམ་བུ་གླིང་པའི་སྤྱི་སྟེགས་སུ་ཀུན་གྱིས་ཕན་ཚུན་བག་ཡངས་བསམ་བློའི་ཐོག་སོ་སོའི་ཐུན་མིན་གྱི་སྣ་མང་ཆོས་ལུགས་དང་རིག་གཞུང་། ཡུལ་སྲོལ་དང་རྒྱན་གོས། ནང་གི་སྐད་ཡིག་དང་ཕྱིའི་ཁོར་ཡུག་བཟང་པོའི་ངོ་བོར་གྱུར་པ་དག་འགྲན་ཞིང་ངོམ་པ་དང་ཕན་ཚུན་བློ་སྐྱེད་གོང་སྤེལ་ལམ། ཡང་ན་བསམ་ཚུལ་བརྗེ་རེས་བྱེད་པའི་དུས་སྐབས་ཤིག་ཏུའང་རྩི་བས། མདོར་ན་རང་གི་ནོར་བུ་གཞན་ལ་ངོམ་སོ་བྱེད་པའི་དུས་རབས་ཤིག་ཀྱང་ཆགས་སྟབས། ང་ཚོ་གངས་ཅན་པ་རྣམས་གཞན་གཡོག་ལྟ་བུས་རྒྱུན་དུ་གཞན་གྱི་ནོར་ལ་ངོ་སོ་དང་འགྲམ་ཆུ་ཁོལ་མི་དགོས་པར་རང་ལག་ཏུ་ཡོད་པའི་རང་སའི་ནོར་བུ་ནོར་གོ་ཆོད་པར་བྱ་དགོས་པའི་དུས་ལ་བབས་འདུག་སྙམ།

44.jpg55.jpg

    བགྲེས་པོའི་ཕྱྭ་གཡང་གི་བང་མཛོད་ནས་བརྡོལ་བའི་ཞང་བོད་ཀྱི་རིག་པའི་གནས་ལྔའི་གཏེར་ཁ་དེ་དག་རྩེ་མོ་མ་བསྐམས་ཤིང་རྩ་བ་མ་རུལ་པར་དུས་རབས་གསར་པའི་ཁ་ཕྱོགས་དང་བསྟུན། དོ་སྣང་ཅན་གྱི་སྤྱོོད་ཡུལ་དུ་བསྟར་བར་དམིགས་ཏེ་འདི་ག་ྋདཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་བགྲེས་པོའི་འབེལ་གཏམ་རྩོམ་སྒྲིག་ཁང་ནས་ཀྱང་ཡབ་མེས་གོང་མའི་ཆོས་དང་རིག་གཞུང་ལ་སྲི་ཞུའི་ཚུལ་དུ་ལོ་བསྟར་བཞིན་ནུས་པ་གང་ལྕོགས་ཀྱིས་ལོ་དེབ་འདི་རྩོམ་སྒྲིག་དང་འགྲེམས་སྤེལ་ཞུས་དང་ཞུ་མུས་སུ་ཡོད། ད་ལམ་འདོན་ཐེངས་བཅུ་བདུན་པ་འདིར་ཡང་གཙོ་བོ་འདིར་བཞུགས་གཞུང་ལུགས་ཀྱི་རིག་པ་སྨྲ་ལ། རྩོམ་རིག་གི་སྨྱུག་ཁ་རྣོ་ཞིང་། དཔྱད་ཞིབ་ཀྱི་ཕུགས་རྒྱང་བརྟན་པའི་དྲན་དབང་དག་དང་། རྩོམ་རིག་ལ་གདུང་བའི་གསར་སྐྱེས་སྨྱུག་ཐོགས་པ་འགའ་ཞིག་གི་རྩོམ་ཡིག་སོགས་མདོར་ན་བཅད་ལྷུག་སྤེལ་མའི་རྩོམ་ཤོག་སྣ་ཚོགས་ཤིག་འདི་གར་འབྱོར་བྱུང།

    ཁྱད་པར་དུ་འདི་ལོར་སྐྱབས་རྗེ་ྋམཁན་རིན་པོ་ཆེ་བསྟན་པ་གཡུང་དྲུང་མཆོག་གིས་དབུ་ཁྲིད་གནང་ཞིང་ཧྥ་རན་སིའི་བོན་ཚོགས་གཤེན་བསྟན་དར་རྒྱས་གླིང་ནས་སླར་ཡང་གོ་སྒྲིག་ཞུས་པའི་རྒྱལ་སྤྱིའི་བོན་གྱི་བགྲོ་གླེང་ཚོགས་འདུ་བཞི་པར་སྒྲོག་སྦྱོང་གནང་བའི་བོད་ཡིག་གི་རྩོམ་ཤོག་ཁག་༸སྐྱབས་རྗེ་མཆོག་གི་བཀའ་དགོངས་བཞིན་དེ་རྣམས་ད་ལོའི་ལོ་དེབ་ཀྱི་<<བགྲོ་གླེང་གར་གྱི་སྟེགས་བུ་>>རུ་དམིགས་བསལ་བཀོད་ཡོད། དེས་ན་འདིར་འབྱོར་བའི་རྩོམ་ཡིག་རྣམས་ལ་ང་ཚོས་བརྡ་དག་རིགས་ལ་སྣོན་འཕྲི་ནོར་བཅོས་བྱེད་པ་ཙམ་ལས་གཞན་བརྗོད་བྱའི་ཐད་རྩོམ་པ་པོ་རང་ཉིད་ཀྱི་ལྟ་བའི་འཁྱེར་སོ་ཡོད་པ་བཞིན་དེར་གཡོ་སྒུལ་ཙམ་ཡང་བྱས་མེད། དེ་བཞིན་རྩོམ་ཡིག་སོ་སོའི་ནང་ལུང་འདྲེན་བྱས་པའི་གནའ་རྩོམ་དག་ཀྱང་རང་སོར་བཞག་ཡོད་པས་ཡིད་འཇགས་ཞུ།

    མཐའ་དོན་འདི་གའི་རྩོམ་སྒྲིག་ཁང་གི་སྔ་ཕྱིའི་ལས་དོན་གང་ཅིར་བོན་གྱི་སྡོང་གྲོགས་བོན་གྱིས་གནང་མཁན་ལྷག་བསམ་གཏོང་ཕོད་ཅན་གྱི་སྦྱིན་བདག་རྣམས་དང། ཡབ་མེས་བགྲེས་པོའི་ཤེས་རིག་ལ་བརྩེ་ཞིང་སྨྱུ་གུའི་གར་སྟབས་ལ་རོལ་བའི་ཕྱི་ནང་གི་རྩོམ་པ་པོ། དམིགས་བསལ་འདི་གའི་རྩོམ་སྒྲིག་ལས་རོགས་རྣམ་པས་སློབ་པ་ལམ་ཞོར་དུ་དུས་ཚོད་ཟུར་འདོན་གྱིས་ལས་དོན་འདིར་ཕྱི་ནང་གང་ཐད་ནས་ཧུར་བརྩོན་གནང་བར་འོར་ཆེ་བཀའ་དྲིན་ཆེ་ཞུ་བ་དང་སྦྲགས་ཁྱེད་རྣམ་པའི་རྣམ་དཀར་གྱི་བྱ་བ་འདི་ཞང་བོད་ཀྱི་ཤེས་རིག་དར་བའི་གསོས་སུ་འགྱུར་བའི་རེ་སྨོན་བཅས།།

གཙོ་སྒྲིག་པ་ཆོས་འཁོར་ཚང་གཡུང་དྲུང་རྒྱ་མཚོས།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།