«རང་སེམས་ནས་བཞུར་བའི་དྭངས་གཙང་»པར་དུ་བསྐྲུན་པ།

[ཟླ་ཚེས། 2016-01-30 17:12:50][རྩོམ་པ་པོ། ཁྲོམ་ཟླ་ཟེར།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

222.gif

ཐོག་མའི་གླེང་དོན།
 

     དེ་ཡང་ཁ་བའི་མེ་ཏོག་འདབ་མའི་འཕྲེང་ཐག་མངོན་པར་མཛེས་པའི་མཐོ་སྒང་བོད་པ་ཚང་གི་གཞིས་ཁྱིམ་དྲོད་མོའི་ཡང་ཕུགས་ནས་འཚར་ལོངས་བྱུང་ཞིང་ལོ་རབས་སྟོང་གི་སྔོན་དུ་གཉོམ་ལག་རྒྱས་པའི་བོད་པ་ཚང་གི་རིག་བཅུའི་མ་ལག་དེ་ཉིད་གནམ་ས་གཉིས་ཀྱི་བར་ན་འབྲུག་སྟོང་ལྟར་ལྡིར་བཞིན་པ་ནི་ངེད་ཚང་གི་གཟི་བརྗིད་ཀྱི་དར་ཆ་གསོན་པོ་བླ་མེད་མངོན་པར་འདེགས་པའི་དན་རྟགས་སུ་གྲུབ་ཡོད། དེར་བརྟེན་གཡང་ཁྱིམ་གྲུ་བཞི་ཞིག་གི་ནང་ཟུར་ནས་ངུ་ངག་འཐོར་ཞིང་རིག་བཅུའི་ཡལ་ག་ལ་དམ་པོར་འཇུས་པའི་མི་བུ་དཀྱུས་མ་ང་རང་ལ་མཚོན་ནའང་གསེར་དངུལ་མང་པོས་ཉོས་ན་མི་ཁུག་ཅིང་སྐྱེས་བ་མང་པོར་བསགས་པའི་ལས་འབྲས་ཤིག་གིས་མཚོན་པར་དཀའ་བའི་བོད་ཀྱི་རིག་གཞུང་འདི་ཉིད་ནི་ངའི་འདས་མ་ད་གསུམ་ལ་གློ་སྙིང་མཆིན་གསུམ་ལེགས་པར་སྐྱོར་མཁན་གྱི་ཟུངས་ཁྲག་དམར་པོའི་ཡ་ཆུང་ཡིན་པས་འདི་ཉིད་འཛམ་གླིང་ཡོངས་སུ་བསྐོར་བའི་ཉི་མ་ཞིག་ཡིན་པའི་དབང་དུ་བཏང་ན་རི་རྒྱལ་གྱི་ཕྱེད་དུ་དྲོད་ཁོལ་རྒྱུ་བར་མི་འཇུག་པར་དེའི་རྩེ་མོའི་གཟུགས་སུ་མངོན་པར་བྱས་ཏེ་གླིང་བཞི་ཡོངས་ལ་འཆར་ནུབ་ཀྱི་འདུ་བྲལ་མེད་པའི་རྟགས་སུ་འཇུག་པར་འདོད། འདི་ཉིད་དགུན་ཁའི་མེ་ཏོག་གིས་བཟོས་པའི་ཁ་བ་ཞིག་ཡིན་པའི་དབང་དུ་བཏང་ན་ཆགས་འཇིག་དང་བཞུ་འགྲིབ་སོགས་ཀྱིས་མི་འགོས་པར་རུམ་ཁུག་དྲོད་མོའི་གསེབ་ཏུ་གཅེས་ཕྲུག་བཞིན་ཉར་འདོད་ཡོད། འོན་ཀྱང་རང་ཉིད་ཀྱི་མི་ཚེ་ཐུང་ཐུང་འདིའི་ནང་དུ་འཇོན་ཟིན་པ་གང་ཡང་མེད་ལ་ནུས་བཞིན་པའང་མེད་མོད། རང་ཉིད་བོད་པའི་གཞིས་སྡོད་ཅིག་གི་འདབས་རོལ་ནས་གོམ་པ་སྤོས་ཤིང་རང་ཉིད་ཀྱི་མི་རིགས་རྩམ་དྲི་འཐུལ་བའི་འོག་ནས་ལང་ཚོ་རྒྱས་པའི་གྲྭ་རྐྱང་དཀྱུས་མ་ཞིག་ཡིན་པས་རང་ཉིད་སེམས་ཀྱི་དགའ་སྐྱོས་མྱོས་པའི་སྐྱེམས་ཆང་བསིལ་མ་དག་གབ་སྦས་མེད་པར་ཀློག་མཁན་རྣམས་ཀྱི་སྤྱན་གྱི་ལམ་དུ་བསྟར་བ་དང་རང་དམན་སྤུན་གྲོགས་ཡོངས་ལ་ཤེས་རིག་གི་ཞིང་ས་ཞིག་ནས་རྨོངས་གཉིད་ལས་སད་དེ་དབྱངས་ཅན་ལྷ་མོའི་ཕྱོགས་སུ་བསྐུལ་སློང་ཙམ་དུ«རང་སེམས་ནས་བཞུར་བའི་དྭངས་གཙང་»ཞེས་པའི་ཆུ་ཕྲན་ཆུང་ཆུང་ཞིག་དལ་གྱིས་རྒྱུ་བའི་རྩོལ་སྒྲུབ་བྱས་པ་ཡིན་ལ། ཆུ་ཕྲན་ཆུང་ཆུང་འདིའང་གྱེས་པ་གསུམ་སྟེ་དང་པོ“སྟོབས་དང་ཤུགས་ཀྱིས་གྱེར་བའི་དབྱངས་རྟ”ཞེས་པའི་ནང་དུ། ཇི་སྐད་དུ། བསྟོད་པ་དམ་པ་འདི་ཉིད་བརྗོད་བྱེད་པ།། དེ་ཡི་བསོད་ནམས་མྱུར་ཏུ་ཐོབ་པ་འགྱུར།། གསུངས་པ་བཞིན་ཡེ་ཤེས་སྤྱན་གྱིས་མངོན་པར་གཟིགས་པའི་སངས་རྒྱས་ཚོགས་དང་འཕྲུལ་ངག་གསུང་གི་བདེན་པའི་རང་སྒྲ་སྒྲོག་པའི་གཡུང་དྲུང་གི་བོན། ས་དང་ལམ་གྱི་མངོན་རྟོགས་མི་ཆད་ཅིང་གདུལ་བྱའི་མོས་མཐུན་ཆ་ལུགས་སུ་བསྒྱུར་བའི་སེམས་དཔའི་ཚོགས། གཞན་ཡང་རང་ཉིད་ལ་འདི་དང་ཕྱི་མའི་ལམ་སྟོན་ལེགས་པར་སྟོན་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ལ་རང་ཉིད་ཀྱི་ནུས་ཤུགས་ཡོད་དགུ་བཏོན་ཏེ་བསྟོད་ཚིག་དབྱངས་ཀྱིས་ལེགས་པར་བརྒྱན་ཏེ་མོས་གུས་ཀྱི་མཆོད་པའི་ཞིང་ས་ཞིག་དང་། གཉིས་པ“གཙང་ཆབ་སྔོན་མོའི་འགྱུར་ཁུགས” ཤེས་པའི་ནང་དུ་རང་ཉིད་ཀྱི་མི་ཚེའི་སྟོད་ཀྱི་སེམས་ངོགས་སུ་བཞུར་བའི་དགའ་སྐྱོ་ཆགས་སྡང་གི་སེམས་བྲིས་སྣ་ཚོགས་སྙན་ཚིག་གསོན་པོས་གཟུགས་སུ་བྱས་ནས་དྲང་བདེན་དང་བསྐུལ་སློང་མང་པོའི་ཀློང་ནས་འཁྱར་འཁྱོར་དང་འདར་འདུར་ངང་སྤོས་པའི་གོམ་ས་གཤིན་པོ་ཞིག་དང་། གསུམ་པ“མགྲིན་པའི་གསང་ལམ་ཉུལ་བའི་སེམས་འགྱུ ”ཞེས་པའི་ནང་དུ་རང་ཉིད་གཙོས་པའི་མི་བུ་དག་གི་སེམས་ཀྱི་རྟོག་འགྱུ་དང་དྲན་སྣང་གི་ན་བུན་ཐན་ཐུན་མགྲིན་པའི་གསང་ལམ་གྱི་ཤ་གསེང་རེ་རེར་རྒྱུད་ནས་ཕྱི་ཡི་སྨྱུ་གུའི་སྟངས་སྟབས་ལ་འགྲོགས་ཏེ་ཀློག་མཁན་དག་གི་སྤྱན་གྱི་ལམ་འཕྲང་བརྒྱུད་པའི་སེམས་འགྱུ་ཆུང་ཆུང་ཞིག་ཡིན། དེར་བརྟེན་བདག་ལ་དགོས་པའི་གསང་མིག་ཆུང་ཆུང་ཞིག་ཡོད་པ་ནི། ཀློག་མཁན་དག་གིས་བདག་སེམས་ཡ་ཆུང་མཚོན་པའི་དེབ་ཆུང་འདིར་ལེགས་ཉེས་ཀྱི་བླང་དོར་ཧད་ཀྱིས་ཕྱེ་སྟེ་མ་འོངས་བདག་གི་ལམ་འཕྲང་རྒྱུད་རིམ་ཞིག་ལ་སློབ་གསོའི་སྣང་བའི་འོད་ཀྱིས་ཁྱབ་སྟེ་བདེ་ལྡན་གྱི་ཞིང་ཁམས་ཤིག་དང་ལྷན་དུ་སྙན་དངགས་པ་ཞིག་གི་གོ་གནས་ལོན་པར་སྨོན་པ་དེའོ།།

སྤྱི་ལོ2015ལོའི་ཟླ9ཚེས10ཉིན་ཁྲོམ་ཟླ་ཟེར་དུ་འབོད་པས་བྲིས་པའོ།།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།