བོན་སྒོ་འདོན་ཐེངས་ཉེར་ལྔ་བ།

[ཟླ་ཚེས། 2015-03-12 20:50:52][རྩོམ་པ་པོ། རྩོམ་སྒྲིག་ཁང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

བོན་མཐུན་འབྲེལ་ལྷན་ཁང་གི་ལོ་དེབ་༼ བོན་སྒོ་ ༽འདོན་ཐེངས་ཉེར་ལྔ་བ་འགྲེམ་སྤེལ་གནང་བ།
01.jpg

བོན་སྒོ་འདོན་ཐེངས་ཉེར་ལྔ་པའི་སྔོན་གླེང་གཡུང་དྲུང་དགྱེས་གླུ།
ཆོས་འཁོར་ཚང་ཉི་མ་འོད་ཟེར།

   འདི་ནས་ཡར་དེད་ན་མི་ལོ་ཉེར་ལྔ་ཙམ་ཞིག་ཕྱིན་པའི་སྔོན་ཏེ་༡༩༨༧ནས་ད་ལྟ་༢༠༡༢བར་བོན་སྒོ་ལོ་དེབ་འདི་ཉིད་ཀྱི་སྤྱིའི་འདོན་གྲངས་དེ་ཉི་ཤུ་རྩ་ལྔ་པ་རུ་སོན་ཡོད་སྟབས། འདི་ནི་ངེད་རྩོམ་སྒྲིག་ཚོགས་མི་སྔ་ཕྱི་ཀུན་ལ་མཚོན་ན་དགྱེས་སྤྲོའི་གླུ་དབྱངས་ལེན་པའི་སྐལ་བཟང་ཞིག་ཀྱང་ལགས། དེས་ན་ད་ལམ་ངས་ཀྱང་དགའ་བྲོད་ཀྱི་བསྭོ་སྒྲ་སྒྲོག་བཞིན་བོན་སྒོ་ལོ་དེབ་ཀྱི་སྐྱེས་རབས་ཤིག་རོབ་བསྡུས་སུ་གླེང་བར་སྤྲོ།
   དེ་ཡང་ྋརྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་མཆོག་གི་སྐུ་ཡི་དབོན་པོ་རྒྱལ་བཙན་ཚང་མཁས་གྲུབ་རྒྱ་མཚོས་རང་རྩོམ་བརྒྱད་དང་གཞན་རྩོམ་གཉིས་རང་གིས་སུག་བྲིས་སུ་བགྱིས་པའི་ཕྱག་བསྟར་མ་དག་སྲབ་ལ་རན་པའི་དེབ་ཆུང་ཞིག་ཏུ་བསྒྲིགས་ནས་བྱབྱབོན་སྒོ་བྱབྱཞེས་པའི་བླ་དྭགས་ཀྱིས་བརྒྱན་ཏེ་དཔར་དུ་བསྐྲུན་པ་དེ་ནི་བོན་སྒོའི་འཁྲུངས་རབས་ཐོག་མར་གྱུར།
   དེ་ནས་ཁེར་སྒེར་གྱིས་བསྐྲུན་པའི་ལོ་དེབ་དེ་ཉིད་ཀྱི་རྩོམ་སྒྲིག་དཔར་དབང་དང་བཅས་པ་གཞན་ལ་འགན་བསྐུར་གནང་བས། བོན་སྒོ་འདོན་ཐེངས་གཉིས་པ་དང་གསུམ་པ་དག་རིམ་བཞིན་དེབ་ཐོག་ཏུ་གསལ་འཁོད་མ་བྱུང་བའི་ལྷག་བསམ་གྱིས་ཕྱུག་པའི་རྩོམ་སྒྲིག་ཚོགས་མི་ཁྱུ་ཞིག་གིས་མུ་རྒྱུན་བསྐྱངས།
   དེ་མཚམས་འདོན་ཐེངས་བཞི་པར་བླ་ཁྲི་དགེ་བཤེས་ཉི་མ་གྲགས་པས་རྩོམ་སྒྲིག་པའི་འགན་དབང་བཞེས་པར་གསལ་འཁོད་བྱུང་བ་ལྟར་དེ་མཚུངས་ཡིག་ཐོག་ཏུ་འཁོད་པའི་ཚོགས་མི་དག་དང་ལྷན་དུ་ཁོང་གིས་རབ་དང་རིམ་པས་ལོ་དེབ་རྩོམ་སྒྲིག་དཔར་སྐྲུན་དང་བཅས་པ་སྔར་མུས་སུ་རྒྱུན་མཐུད་ཀྱིས་འདོན་ཐེངས་བཅོ་ལྔ་པའི་བར་ཐུགས་འགན་རྒྱུན་འཁྱོངས་སུ་བསྒྲུབས།
   ཕྲན་རང་བོན་སྒོ་ལོ་དེབ་ལ་ཐོག་མར་ཞབས་འདེགས་ཞུ་སྐལ་ཐོབ་པ་ནི། འདོན་ཐེངས་བརྒྱད་པའི་སྐབས་སུ་ལགས་མོད་ཀྱང༌། དངོས་སུ་གཙོ་སྒྲིག་པའི་མིང་གནས་ཁུར་པ་དེ་ནི་འདོན་ཐེངས་བཅུ་དྲུག་པའི་སྐབས་ནས་ཡིན་པས། ད་བར་བོན་སྒོ་འདོན་ཐེངས་མི་འདྲ་བ་བཅོ་བརྒྱད་ལ་ཞབས་འདེགས་ཞུས་པས་མ་ཚད། འདོན་ཐེངས་མི་འདྲ་བ་བཅུ་ལ་གཙོ་འགན་རྩོམ་སྒྲིག་པའི་ལས་ཁུར་ཡང་བསྒྲུབས་ཡོད་སྟབས། འགྲུལ་བཞུད་དེའི་ནང་མི་སྣ་དུ་མའི་ལྷན་དུ་མཉམ་ལས་དང་འབྲེལ་ལམ་བཙུགས་ཡོད་པས། ད་ཐེངས་འདོན་ཐེངས་ཉི་ཤུ་རྩ་ལྔ་པ་འདི་ཉིད་འགྲེམས་པ་དང་ཆབས་ཅིག་ངས་གཙོ་སྒྲིག་པའི་ངོས་ནས་རྩོམ་སྒྲིག་ཚོགས་མི་གསར་རྙིང་ཀུན་ལ་བཀའ་དྲིན་ལེགས་གསོལ་ཡང་ཞུ་བཞིན་ཡོད།
   ལར་སྔ་དུས་ལོ་དེབ་ཀྱི་རིགས་རྣམས་འབུད་འགོ་དཀའ་རུང་རྒྱུན་མཐུད་སླ་བར་སྣང་བ་ནི་དཔལ་འབྱོར་ལ་རགས་ལས་ཤིང༌། ད་སྐབས་ཀྱི་དུས་དེབ་ཁག་འབུད་འགོ་སླ་ཡང་མཐའ་འཁྱོངས་པར་དཀའ་བ་ནི་རྩོམ་ཡིག་ལ་ཐུག་མོད། འོན་ཀྱང་འདི་གའི་བོན་སྒོ་རྩོམ་སྒྲིག་ཁང་ལ་དཀའ་ཁག་ཡོད་པ་དེ་ནི་རྩོམ་སྒྲིག་ཚོགས་མི་ཕལ་མོ་ཆེ་སློབ་གཉེར་པ་ཡིན་སྟབས་དུས་ཚོད་ཀྱིས་མི་འདང་བའི་ཆ་ཁོ་ནར་གྱུར། དེ་ལྟར་ནའང་ད་དུང་ལོ་དེབ་ཀྱི་གྲངས་ཚད་འདི་ཙམ་དུ་སོན་པར་བསྒྲུབས་ཐུབ་པ་ནི།སྒལ་རུས་མི་འདྲ་བ་གསུམ་ལས་བྱུང་བ་སྟེ།སྡུག་རུས་ཅན་གྱི་ལས་རོགས་རྩོམ་སྒྲིག་ཚོགས་མི་རྣམས་དང༌། རྣམ་དཔྱོད་ཅན་གྱི་རྩོམ་པ་པོ།གཏོང་ཕོད་ཅན་གྱི་སྦྱིན་བདག་གོ། །དེ་ལས་ཀྱང་བཀའ་དྲིན་ཆེ་བ་ནི་གོང་ནས་ལམ་སྟོན་དབུ་འདྲེན་གནང་མཁན་ྋསྐྱབས་རྗེ་མཁན་སློབ་རྣམ་གཉིས་ལགས་སོ། །
   བོན་སྒོ་འདི་ཉིད་སྨན་རིའི་གླིང་ནས་འདོན་བཞིན་ཡོད་མོད་ཀྱང༌། འདི་ཡི་ཁྱབ་ཚད་ནི་གདན་ས་འདིའི་ལྕགས་རི་ལས་རིང་དུ་བརྒལ་ཏེ། བོད་བལ་འབྲུག་གསུམ་དཀར་ནག་རྒྱ་དང་བཅས་ཤར་ནུབ་གང་སའི་དཔེ་མཛོད་གྲགས་ཅན་དང་སློབ་གླིང་གལ་ཆེན་དག་ཏུའང་ལྷགས་ཡོད། དེ་ལྟར་རྒྱ་ཁྱབ་ཏུ་དར་བའི་གནས་ལུགས་ནི། ལོ་དེབ་འདི་ཉིད་ཀྱི་རྩོམ་གྱི་ཡོངས་ཁུངས་སམ་རྩོམ་ཡིག་འབྲི་མཁན་དག་ཀྱང་གྲུབ་མཐའ་དང་ཆོལ་ཁ་དེ་བཞིན་མི་རིགས་དང་ཆེད་ལས་སོགས་ཀྱི་དབྱེ་ཁྱད་མེད་པ་སྟེ། རྒྱལ་སྤྱིའི་བོད་རིག་པའི་ཉམས་ཞིབ་པ་མཁས་ཅན་དག་དང༌། དབང་ལུང་གདམས་དོན་སྟོན་པའི་བླ་སྤྲུལ་མཁན་པོ། གཙུག་ལག་སློབ་གཉེར་ཁང་གི་དགེ་རྒན་དང་སློབ་མ།རིག་པ་སྨྲ་བའི་གཞུང་ལུགས་དོན་གཉེར་པ།དེང་རབས་རྩོམ་རིག་ལ་བྱང་བའི་སྒྱུ་རྩལ་པ།ཆབ་སྲིད་ཀྱི་གོ་རྟོགས་ཟབ་པའི་སྲིད་དོན་པ་སོགས་ཀྱང་ཡོད་པས་ཡིན།
   དེས་ན་ད་དུང་འདིར་སྤོབས་གདེང་ཆེན་པོས་བསྒྲག་དགོས་པའི་དོན་གནད་གཞན་ཡང་མཆིས་ཏེ། ལོ་ཤས་སྔོན་བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་ཉམས་ཞིབ་པས་བོན་སྒོ་ལོ་དེབ་འདི་ཉིད་བྱེས་ཀྱི་དུས་དེབ་ལེགས་གྲས་ཤིག་ཡིན་པར་ཡིག་ཐོག་ཏུ་བསྒྲགས་གཏམ་སྤེལ་ཡོད་པ་དེ་ཡིན། དེ་ནི་ངེད་རྩོམ་སྒྲིག་ཚོགས་མི་རྣམས་ལ་མཚོན་ན་སྤོབས་སེམས་སྐྱེ་འོས་པར་མ་ཟད། ང་ཚོའི་སྡུག་རུས་ལ་དོན་འབྲས་སྨིན་པར་མཐོང་ནས་དགའ་ཚོར་ཞིག་ཀྱང་འགོག་མེད་དུ་བརྟས།
   དངོས་དོན་དུའང་དེ་ལྟར་སྣང་སྟེ། རྩོམ་སྒྲིག་ཁང་གཞན་དང་མི་འདྲ་བར་འདི་གར་བོན་སྒོ་འདོན་ཐེངས་རྙིང་པ་མང་དག་ཅིག་ནི་བྲིན་ཟིན་ཏེ། རྩོམ་སྒྲིག་ཁང་དུའང་དཔར་གཞི་རྙིང་པ་རྫོགས་ཡོད་སྟབས། ཀློག་པ་པོའི་རེ་བསྐུལ་ལ་བརྟེན་ནས་འདོན་ཐེངས་དེ་དག་ཡང་ནས་བསྐྱར་དུ་དཔར་མོད། འོན་ཀྱང་འགའ་ཞིག་གི་དཔར་ཐེངས་གསུམ་པའང་བཙོངས་ཟིན་ནས་ད་སྐབས་དཔར་ཐེངས་བཞི་པའི་བསྐྱར་དཔར་གྱི་ལས་ལ་འཇུག་མུས་སུ་གནས་པས་སོ། །ད་དུང་འདོན་ཐེངས་བརྒྱད་པའི་སྔོན་གྱི་དཔར་གཞི་སྔ་མ་སུག་བྲིས་སུ་ཡོད་པ་རྣམས་ཀྱང་གློག་ཀླད་དུ་དཔར་རྩ་བསྒྲིགས་ཏེ་ཞུ་དག་གང་ལེགས་ཀྱིས་དཔར་དུ་བཏབ་པས་མ་ཚད།འདོན་ཐེངས་བཅུ་བཞི་པ་ཡན་གྱི་དཔར་གཞི་རྙིང་པ་ཡོད་ཚད་ཀྱང་བསྐྱར་དུ་ཡིག་གཏག་གསར་པར་བསྒྲིགས་དང་སྒྲིག་བཞིན་པའོ། །
   གང་ལྟར་སྔར་དང་པོ་བོན་དེབ་ཅི་ཡང་མེད་པའི་སྟོང་ཆ་དེ་བོན་སྒོས་བསྐངས་ཤིང༌། དེ་ལས་བོན་དེབ་དུ་མ་བསྐྱེད་བསྲིངས་ཀྱིས་ད་ཆ་དགུང་ན་ཉེར་ལྔར་སོན་ཡོད་པས། དགའ་སྟོན་འདི་དང་བསྟུན་ནས་རེ་སྨོན་འདི་ལྟར་བཅོལ་བར་འདོད་སྟེ། བོན་སྒོ་ནི་བོན་པོའི་དུས་དེབ་ཀུན་གྱི་མེས་པོར་གྱུར་གཤིས། འདི་ཉིད་སྐུ་འཚོ་ཡུན་བརྟན་དུ་གཞེས་ཤིང་འགྲོ་དོན་རྒྱ་ལག་ཏུ་ཕྱད་པར་འབྲེལ་ཡོད་དོ་བདག་ཀུན་ཀས་ཕྱར་བ་གྲུ་འདེགས་སྔར་བས་ཀྱང་ཚགས་སུ་ཚུད་པ་ཡོང་བར་སྨོན་ཞིང༌། བོན་གྱི་སྤྱི་དེབ་ཏུ་གྱུར་པ་འདི་ཉིད་ཀྱི་སྙན་པའང་སྔར་བས་ཀྱང་གྲགས་ཤིང་འབར་བར་གྱུར་ཅིག་གུ།། །།

བོན་སྒོ་རྒྱལ་ལོ། །
གཙོ་སྒྲིག་པ་ཆོས་འཁོར་ཚང་ཉི་མ་འོད་ཟེར་པས།

02.jpg
 ནང་ངོས་པར་རིས།
01.jpg02.jpg
དཀར་ཆག
03.jpg04.jpg
05.jpg06.jpg
07.jpg008.jpg
099.jpg10.jpg
11.jpg12.jpg
ལེ་ཚན་དང་འབྲེལ་བའི་བར་བཅུག་པར་རིས་ཁག

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།